ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> རྩེ་དྲུག་དགོན་གླིང་གི་སྐབས་བཅུ་བའི་དགེ་བཤེས་མཛད་སྒོ་སྤེལ་བ།
རྩེ་དྲུག་དགོན་གླིང་གི་སྐབས་བཅུ་བའི་དགེ་བཤེས་མཛད་སྒོ་སྤེལ་བ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དགེ་བཤེས་ཤེས་རབ་རྣམ་རྒྱལ།] [ཟླ་ཚེས། 13-04-06] [ཀློག་གྲངས། ]

ཞང་ཞུང་སྒོ་པའི་འདུས་སྡེ་༧ཁྱུང་པོ་རི་བོ་རྩེ་དྲུག་གླིང་དུ་སྐབས་བཅུ་པའི་དགེ་བཤེས་མཛད་སྒོ་སྤེལ་བའི་གནས་ཚུལ་མདོར་བསྡུས། །

   དེ་ཡང་འབྱུང་ལྡན་༣༠༠པའི་ལོ་ཡི་ཉག་མ་༣༠བོད་ཆུ་མོ་སྦྲུལ་གྱི་ལོ་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་ཡར་ངོའི་ཚེས་བརྒྱད་ནས་བཅོ་ལྔའི་བར་དང་། སྤྱི་ལོ་༢༠༡༣ཟླ་གཉིས་པའི་༡༨ནས་༢༥བར་འདི་ག་༧དཔལ་ཁྱུང་པོ་རི་བོ་རྩེ་དྲུག་གླིང་དུ་དགེ་བཤེས་ཁྲི་བཞེངས་མཛད་སྒོ་ཚུགས་པ་དང་།


   ད་ཐེངས་གི་བཀའ་རམས་པ་ཁོང་རྣམ་པ་ལྔ་ནི་ལོ་ངོ་བཅུ་ཕྲག་ལྷག་ཙམ་གྱི་ཡུན་དུ་རང་གཞུང་བཀའ་པོད་བརྒྱད་ཀྱིས་གཙོས་པའི་ཚད་མ་རིག་པའི་བོན་སྡེ་རྣམས་དང་མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་རྣམས་ལ་སྦྱང་པ་ཚུལ་བཞིན་བྱས་ཏེ། བཤད་སྒྲུབ་འདུས་སྡེའི་སློབ་ཆར་ལོན་པ་དང་རྒྱལ་བ་སྨན་རིའི་ཕྱག་སྲོལ་བཞིན་དུ་བརྒལ་རྟགས་རིགས་པ་སྨྲ་བའི་མཁས་མང་དབུས་སུ་གཞུང་ཆེན་བཀའ་པོད་བརྒྱད་ཀྱི་དམ་བཅའ་བཞག་སྟེ་དགེ་བའི་བཤེས་གཉེན་ཆེན་པོའི་མཚན་རྟགས་གསོལ་བ་ཡིན།


   དཔྱིད་འབྲིང་པོའི་བཀྲ་ཤིས་ཉི་མའམ་བོད་ཟླ་དང་པོའི་ཚེས་བརྒྱད་ཀྱི་ཉིན་མོར་༧རྩེ་དྲུག་བསྟན་པའི་མངའ་བདག་མཆོག་སྤྲུལ་འོད་ཟེར་རྣམ་གཉིས་ཀྱི་ཡ་གྱལ་སྐྱབས་རྗེ་མཆོག་སྤྲུལ་ཐེག་མཆོག་འོད་ཟེར་རྒྱལ་མཚན་དང་ཡོངས་འཛིན་སློབ་དཔོན་ལུང་རྟོགས་བསྟན་པའི་རྒྱལ་མཚན་དབུས་པའི་གླིང་བཞིའི་མཁན་སློབ་དང་དགེ་རྒན་གཙོས་པའི་བླ་སྤྲུལ་འདུས་པ་བརྒྱ་ཕྲག་གཉིས་ལྷག་ཚོགས་པའི་དབུས་སུ་ལྷོ་རོང་ཤོག་ལྔ་ལམ་ལྷ་དགོན་གཡུང་དྲུང་གཏམ་བྲག་གླིང་གི་བཀའ་རམས་པ་དགེ་བཤེས་བསོད་ནམས་རྒྱམ་མཚན་མཆོག་གིས་བཤད་པ་ཕུལ་ཞིང་གཏོང་སྒོ་དང་དངུལ་འགྱེད་མཛད།


   ཚེས་༩ཉིན་སྦྲ་ཆེན་ལུང་དཀར་དགོན་གཤེན་བསྟན་རིན་ཆེན་གླིང་གི་དགེ་བཤེས་ཤེས་རབ་མཐར་ཐུག་ནས་བཤད་པ་ཕུལ་ཞིང་གཏོང་སྒོ་དང་དངུལ་འགྱེད་མཛད། ཚེས་༡༠ཉིན་རྒྱལ་ཤོག་དངུལ་ཁོ་དགོན་གཡུང་དྲུང་དར་རྒྱས་གླིང་གི་དགེ་བཤེས་ཚུལ་ཁྲིམས་སྨོན་ལམ་ནས་བཤད་པ་གྱེར་ཞིང་དངུལ་ཁོ་དགོན་གཞུང་ནས་གཏོང་སྒོ་དང་དངུལ་འགྱེད་མཛད། ཚེས་༡༡ཉིན་དགོན་ཞབས་ཟླ་ཤེལ་ལ་འཁོར་དགེ་བཤེས་བསྐལ་བཟང་ཉི་མ་ནས་བཤད་པ་ཕུལ་ཞིང་གཏོང་སྒོ་དང་དངུལ་འགྱེད་མཛད།


   ཚེས་༡༢ཉིན་འབྲི་རུ་གསའ་མདའ་བོན་དགོན་གྱི་དགེ་བཤེས་ཚུལ་ཁྲིམས་རྒྱལ་མཚན་ནས་བཤད་པ་ཕུལ་ཞིང་། གསའ་མདའ་དགོན་གཞུང་ནས་གཏོང་སྒོ་དང་དངུལ་འགྱེད་མཛད། ཚེས་༡༣དང་༡༤ཉིན་ལུང་དང་རིག་པའི་དབང་ཕྱུག་མཁས་མང་སེམས་དཔའ་རྒྱ་མཚོས་དབུས་སུ་བཀའ་པོད་བརྒྱད་ཀྱི་དམ་བཅའ་བཞུགས་ཏེ་དགེ་བཤེས་རྙིང་གྲས་རྣམས་དང་འཛིན་གྲྭ་རྒན་རིམ་བཞིན་རྩོད་པ་གནང་ཞིང་དགེ་བཤེས་སྤྱི་ནས་གཏོང་སྒོ་མཛད།


   ཚེས་༡༥ཉིན་འདི་ག་དགོན་པ་གཞུང་ནས་གཏོང་སྒོ་དང་། སྔ་དྲོ་འདུས་པ་སྤྱི་ནས་དགེ་བཤེས་རྣམ་ལ་ལེགས་གསོལ་གྱི་ཤིས་ཚིག་སྒྲོན་ཞིང་། ཉིན་གུང་བསླབ་གསུམ་འདུས་ཚོགས་དབུས་སུ་སྐྱབས་རྗེ་མཁན་སློབ་ལྷན་གྱིས་དགེ་བཤེས་རྣམ་ལ་ཕྱག་འཁྱེར་དང་བྱིན་འདུད་བརྩལ་བ་དང་དགེ་བཤེས་རྣམས་ཀྱིས་མཚན་ཉིད་ཚིག་བཀྲའི་གཞུང་བཞིན་བཀྲ་ཤིས་གསོལ་རྗེས། ཡིད་འོང་མཆོད་པའི་རྒྱན་ཚོགས་རྣམ་པར་སྒེག་པའི་སེར་འཕྲེང་ལུ་གུ་རྒྱུད་དུ་གླིང་བསྐོར་ཕེབས་ཏེ། གནས་མཇལ་བ་དང་དགེ་བཤེས་རྣམ་པའི་ཉེ་འབྲེལ་སྦྱིན་བདག་བཅས་དད་ལྡན་མི་དམངས་ཁྲི་ཕྲག་ཉེ་བས་ཀྭི་བསྭོ་ལྷ་རྒྱལ་འབོད་སྒྲ་ནམ་མཁར་ཁྱབ་ཅིང་། བསང་དང་རླུང་རྟའི་མཆོད་སྤྲིན་བར་སྣང་ཁེང་པའི་ཁྲོད་དུ་དགེ་བཤེས་རྣམ་ཁྲི་ལ་མངའ་གསོལ་ནས་རིམ་པར་མཇལ་ཁ་ཞུས་ཏེ་འཇུག་བསྐྱངས་སོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག