ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གསུང་རབ། >> དཔེ་ཚོགས། >> ༼བོན་གྱི་ཤེས་རིག་ཚིག་མཛོད༽དངོས་སུ་འགྲེམ་སྤེལ་གནང་བ།
༼བོན་གྱི་ཤེས་རིག་ཚིག་མཛོད༽དངོས་སུ་འགྲེམ་སྤེལ་གནང་བ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རིན་སྤུངས་ཚུལ་བསྟན།] [ཟླ་ཚེས། 13-04-02] [ཀློག་གྲངས། ]

བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས༼བོན་གྱི་ཤེས་རིག་ཚིག་མཛོད༽དེ་དངོས་སུ་པར་སྐྲུན་འགྲེམ་སྤེལ་གནང་བ་རེད།

སྔོན་འགྲོའི་གཏམ།

   《བོན་གྱི་ཤེས་རིག་ཚིག་མཛོད་》རྩོམ་བསྒྲིག་བྱེད་རྒྱུ་དེ་ཐོག་མར་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་རྣམ་གྲངས་ཤིག་ཏུ་སྤྱི་ལོ་༢༠༠༨་ལོར་གཏན་འཁེལ་བྱུང་བ་དང་ལས་ཁུངས་དེའི་ཆོས་ལུགས་ཞིབ་འཇུག་སྡེ་ཚན་གྱི་ཞིབ་འཇུག་པ་ཆེན་མོ་དོན་གྲུབ་ལྷ་རྒྱལ་གྱིས་རྣམ་གྲངས་དེའི་འགན་འཛིན་གནང་ནས་མི་སྣ་ལྔ་ལས་གྲུབ་པའི་རྩོམ་སྒྲིག་ཚོགས་ཆུང་ཞིག་བཙུགས་ནས་ལས་འགོ་བརྩམས། དེ་ཡང་རྩོམ་སྒྲིག་ཚོགས་ཆུང་གི་ཁོངས་མི་ལྔ་པོ་ནི་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་ཆེན་མོ་དོན་གྲུབ་ལྷ་རྒྱལ་དང་བསྟན་འཛིན་རྣམ་རྒྱལ། དེ་བཞིན་ཧོར་ཀླུ་ཕུག་དགོན་གྱི་དགེ་བཤེས་གཡུང་དྲུང་གཙུག་ཕུད། གཙང་སྨན་རི་དགོན་གྱི་དགེ་བཤེས་གཡུང་དྲུང་བསྟན་རྒྱལ། པེ་ཅིན་ནང་བསྟན་མཐོ་རིམ་སློབ་གླིང་གི་དགེ་བཤེས་རིན་སྤུངས་ཚུལ་བསྟན་བཅས་རེད། རྩོམ་སྒྲིག་མི་སྣ་རྣམ་པས་ཕྱག་ལས་ཧུར་ཐག་གནང་བ་བརྒྱུད་རྣམ་གྲངས་དེ་ལོ་ངོ་བཞི་ཙམ་སོང་རྗེས་ལེགས་བསྒྲུབ་བྱུང་ཡོད།
   《ཚིག་མཛོད་》འདི་འདྲ་ཞིག་རྩོམ་བསྒྲིག་བྱེད་པའི་རྩ་དོན་ནི་བོན་གྱི་ཤེས་རིག་མཚོན་པའི་རིགས་སུ་གྱུར་བ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་ནས་《ཚིག་མཛོད་》འདི་ཉིད་བརྒྱུད་བོན་གྱི་ཤེས་རིག་ལ་རྒྱུས་མངའ་མེད་པའི་སྐྱེ་བོ་རྣམས་ལ་བོན་གྱི་རྒྱུན་ཤེས་ངོ་སྤྲོད་ཞུ་ཐུབ་པ་དང་། དེ་བཞིན་བོད་ཀྱི་རིག་གཞུང་ལ་དོ་སྣང་ཡོད་མཁན་གྱི་སྐྱེ་བོ་རྣམས་ཀྱིས་བོན་གྱི་ཤེས་རིག་དེ་བོད་སྤྱིའི་ཤེས་རིག་གི་གྲུབ་ཆ་མེད་དུ་མི་རུང་བ་ཞིག་ཡིན་པ་གསལ་རྟོགས་ཡོང་བ་དང་བོད་ཀྱི་ཤེས་རིག་ལ་ཞིབ་འཇུག་གནང་མཁན་གྱི་ཞིབ་འཇིག་མི་སྣ་རྣམས་ལ་དཔྱད་ཡིག་དག་པོ་ཞིག་ངོ་སྤྲོད་བྱེད་ཐུབ་རྒྱུ་བཅས་ཡིན། 《ཚིག་མཛོད་》འདིས་ནང་དོན་ཕྱོགས་ལྔ་ཡི་སྒོ་ནས་བོན་གྱི་ཤེས་རིག་གི་ནང་དོན་གཙོ་བོ་རྣམས་མངོན་ཐུབ་པ་བྱས་ཡོད་པ་སྟེ། དང་པོ་བོན་གྱི་ལོ་རྒྱུས་ཐོག་བྱོན་མྱོང་ཞིང་བོན་གྱི་ཤེས་རིག་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བཞག་ལ་ལེགས་སྐྱེས་ཕུལ་མྱོང་བའི་སྐྱེས་བུ་དམ་པ་རྣམས་ཀྱི་མཛད་རྣམ་མདོར་བསྡུས་སྐོར་དང་། གཉིས་པ་བོན་གྱི་གྲགས་ཅན་དགོན་སྡེ་དང་གནས་ཆེན་ཁག་ཅིག་གི་བྱུང་བ་མདོ་ཙམ་ངོ་སྤྲོད་དང་། གསུམ་པ་མཚན་ཉིད་དང་གཞུང་ལུགས་ཀྱི་སྐོར་དཔེར་ན་བོན་གྱི་ཐེག་པ་རིམ་དགུའི་རྩ་པའི་ནང་དོན་གནད་བསྡུས་དང་དེ་བཞིན་རྫོགས་པ་ཆེན་པོའི་ལྟ་སྤྱོད་དང་བོན་གྱི་མཚན་ཉིད་རིག་གཞུང་སྐོར་དང་། བཞི་པ་བོན་གྱི་ཡི་དམ་སྲུང་མའི་སྐོར་ལ་དང་། ལྔ་པ་ཆོ་ག་ཕྱག་ལེན་གྱི་སྐོར་བཅས་ཡིན།
   རྩོམ་སྒྲིག་མི་སྣ་ལྔ་པོའི་ཤེས་ཡོན་གྱི་གྲུབ་ཆའི་ཁྱད་པར་གྱིས་སོ་སོའི་རྩོམ་སྒྲིག་ནང་དོན་དེ་ལ་དེ་བསྟུན་གྱིས་ཤེས་བྱའི་ཁྱབ་ཁོངས་ཁག་བགོས་ཀྱིས་རྩོམ་སྒྲིག་བྱས་ཡོད། དང་པོ་ལོ་རྒྱུས་མི་སྣའི་སྐོར་རྣམས་དོན་གྲུབ་ལྷ་རྒྱལ་གྱིས་འགན་ཁུར་བ་དང་གཉིས་པ་དགོན་སྡེའི་ལོ་རྒྱུས་རྣམས་བསྟན་འཛིན་རྣམ་རྒྱལ་གྱིས་འགན་ཁུར་བ་དང་། མཚན་ཉིད་གཞུང་ལུགས་ཀྱི་སྐོར་རྣམས་དགེ་བཤེས་གཡུང་དྲུང་གཙུག་ཕུད་དང་ཡི་དམ་སྲུང་མའི་སྐོར་རྣམས་དགེ་བཤེས་གཡུང་དྲུང་བསྟན་རྒྱལ་དང་ཆོ་ག་ཕྱག་ལེན་གྱི་སྐོར་རྣམས་དགེ་བཤེས་རིན་སྤུངས་ཚུལ་བསྟན་གྱིས་འགན་བཞེས་ནས་རྩོམ་སྒྲིག་གནང་ཡོད།
   དང་པོ་བོན་གྱི་ལོ་རྒྱུས་རྣམ་ཐར་གྱི་སྐོར་ལ་སྤྱིར་བོན་གྱི་ལོ་རྒྱུས་འཕེལ་རིམ་ཁག་དུ་བྱུང་པའི་དོན་རྐྱེན་དང་མི་སྣ་གཙོ་བོ་རྣམ་པའི་མཛད་རྣམ་མདོར་བསྡུས་བཀོད་ནས་བོན་གྱི་ལོ་རྒྱུས་འཕེལ་འགྲིབ་ཀྱི་རྣམ་པ་མཚོན་གང་ཐུབ་བྱས་ཡོད། དེའི་དཔྱད་གཞིའི་ཡོང་ཁུངས་གཙོ་བོ་ལོ་རྒྱུས་དེབ་ཐེར་དང་བླ་མའི་རྣམ་ཐར་སོགས་ནས་བསྡུ་སྒྲིག་བྱས་ཡོད། ལོ་རྒྱུས་དོན་རྐྱེན་ལོ་ཚིགས་དང་མི་སྣའི་འཁྲུངས་འདས་ལོ་ཚིགས་རྣམས་མཁན་ཆེན་ཉི་མ་བསྟན་འཛིན་གྱི་བསྟན་རྩིས་གཞིར་བཞག་བཀོད་ཡོད། དེ་ཡང་བསྟན་རྩིས་ནང་ལ་མ་འཁོད་པའི་ལོ་ཚིགས་རིགས་རྣམས་ལོ་རྒྱུས་དཔྱད་ཡིག་ཞིབ་བསྡུར་བྱས་ནས་གཏན་འཁེལ་བཟོས་ཡོད། དཔེར་ན་སྤ་སྟོན་བསྟན་རྒྱལ་བཟང་པོས་《དར་རྒྱས་གསལ་སྒྲོན་》ཞེས་པའི་ལོ་རྒྱུས་དེབ་ཐེར་དེ་ལོ་གང་ལ་རྩོམ་མིན་ཐད་ལ་དེབ་ཐེར་དེ་ཉིད་ཀྱི་མཇུག་ཏུ་བཀོད་པའི་བསྟན་པ་གནས་པའི་ཡུན་ཚད་ཀྱི་ལེའུ་ནང་ཏུ་བཀོད་པའི་ནང་དོན་གཞིར་བཞག་ནས་ལོ་ཚིགས་གཏན་ལ་ཕབས་པ་ནི་སྤྱི་ལོ་༡༤༧༧་ལོ་དེ་ཡིན་པ་ལྟ་བུའོ།
   གཉིས་པ་བོན་གྱི་དགོན་སྡེའི་ལོ་རྒྱུས་སྐོར་ལ་གཅིག་ནས་བོན་གྱི་ལོ་རྒྱུས་འཕེལ་འགྲིབ་ཀྱི་རྣམ་པ་མངོན་ཐུབ་པ་དང་གཉིས་ནས་ས་ཕྱོགས་ཁག་གི་བོན་འཐུས་ཚབ་ཡོང་བ་བཅས་ཀྱི་ཐད་ལ་བསམ་གཞིགས་ལེགས་པར་བྱས་ནས་དེ་རྣམས་ཀྱི་ལོ་རྒྱུས་མདོར་བསྡུས་རྩོམ་སྒྲིག་བྱས་ཡོད། དེ་ཡང་བོད་མཐོ་སྒང་ཁྱོན་ལ་བོན་དགོན་བརྒྱ་ཕྲག་མང་པོ་ཡོད་པས་ཚང་མ་ཚིག་མཛོད་འདིའི་ནང་བཀོད་ན་མང་དྲག་པའི་སྐྱོན་འབྱུང་བས་འཐུས་ཚབ་རང་བཞིན་ཡོད་པའི་དགོན་སྡེ་དང་རི་ཁྲོད་བདམས་འཇུག་བྱས་ཡོད། དགོན་སྡེ་དང་རི་ཁྲོད་ཕུད་ད་དུང་གནས་རི་དང་བླ་མཚོ་གལ་ཆེན་ཁག་ཅིག་《ཚིག་མཛོད་》འདིའི་ནང་ངོ་སྤྲོད་ཞུས་ཡོད། དེ་ཡང་ཐོག་མར་ས་ཕྱོགས་ཀྱི་ཐད་ནས་སྟོད་སྨད་བར་གསུམ་ནས་ཚང་བར་བཀོད་པ་དང་དེ་ནས་ལོ་རྒྱུས་ཐོག་གི་གལ་ཆེ་ཆུང་ལ་གཞིགས་ནས་བདམས་ཡོད། འགའ་ཤིག་ལོ་རྒྱུས་ཐོག་གྲགས་པ་ཆེན་པོ་ཡོད་རུང་དེའི་ལོ་རྒྱུས་དཔྱད་ཡིག་ལག་སོན་མ་བྱུང་བས་ཤིན་དུ་ཟབ་ཅིང་རྒྱས་པ་འབྲི་མ་ཐུབ་པར་ཕལ་ཆེར་ངོ་སྤྲོད་ཙམ་ལས་བཀོད་མེད། སྐབས་འདིར་དགོན་སྡེ་ཁག་ཅིག་ངོ་སྤྲོད་ཞིབ་ཙམ་དང་ཁག་ཅིག་བསྡུས་ཙམ་བྱུང་བ་རྣམས་ནི་བསྡུ་སྒྲིག་བྱེད་པ་ལ་དཔྱད་ཡིག་ལག་སོན་བྱུང་མིན་ལ་རགས་ལས་པ་ཞིག་ཡིན་པ་ལས་གཞན་གང་ཡང་མིན་ནོ། །དེ་ཕྱིར་དགོན་སྡེ་དང་རི་ཁྲོད་མང་དག་ཞིག་དེབ་འདིའི་ནང་འཁོད་མེད་པས་དགོངས་འགལ་མེད་པར་མཁྱེན་ཞུ། །
   གསུམ་པ་བོན་གྱི་མཚན་ཉིད་གཞུང་ལུགས་སྐོར་ལ་བོན་གྱི་ཐེག་པ་རིམ་དགུ་གཙོས་པའི་གཞུང་དོན་གྱི་སྡེ་དང་ཨ་རྫོགས་སྙན་གསུམ་གཙོས་པའི་སེམས་ཕྱོགས་ཀྱི་སྡེ་དང་ཕར་ཕྱིན་ལ་སོགས་མཚན་ཉིད་ཀྱི་སྡེ་ལ་སོགས་པ་རྣམས་བོན་གྱི་གཞུང་ལུགས་ལྟར་ངོ་སྤྲོད་མདོར་བསྡུས་ཙམ་ཞུས་ཡོད།
   བཞི་པ་ལྷ་དང་སྲུང་མའི་སྐོར་ལ་བོན་གྱི་ཡི་དམ་དང་སྲུང་མ་སོ་སོའི་བསྒྲུབ་གཞུང་ནས་མངོན་རྟོགས་དང་སྐུ་བསྟོད། དེ་དག་གི་བསྐང་བ་དང་ཁུངས་གཏོགས་ཀྱི་སྡེ་ཚན། མཛད་འཕྲིན། སྐུ་མདོག་དང་ཕྱག་མཚན་སོགས་ངོ་སྤྲོད་གང་མཚམ་ཞུས་ཡོད།
   ལྔ་པ། བོན་གྱི་ཆོ་ག་ཕྱག་ལེན་སྐོར་ལ་སྒྲུབ་པའི་ཡན་ལག་བཅོ་བརྒྱད་དང་བསྙེན་པའི་གཞི་མ་སྒོ་དགུ་སོགས་གཙོས་པའི་སྔགས་ཕྱོགས་ཀྱི་ཕྱག་ལེན་དང་དེ་བཞིན་གཏོ་དང་མདོས་ལ་སོགས་པའི་མཆོད་གཏོར་གྱི་ཕྱག་ལེན་སྐོར་ཡང་ངོ་སྤྲོད་གང་འཚམ་ཞུས་ཡོད།
   《ཚིག་མཛོད་》འདི་ཉིད་ཀྱི་ངོ་བོ་ནི་ཤེས་རིག་ཚིག་མཛོད་ཅེས་པ་དེ་ཡིན་པས་ཐ་སྙད་རྐྱང་པའམ་མིང་ཚིག་རིགས་ལ་འབྲུ་འགྲེལ་མང་པོ་མེད་པར་གཙོ་བོ་ནང་དོན་དང་གོ་རིམ་སོགས་ངོ་སྤྲོད་ཞུས་པ་མང་། དེའི་དམིགས་ཡུལ་གཙོ་བོ་ནི་བོན་གྱི་དམིགས་བསལ་རིག་གཞུང་དེ་ངོ་སྤྲོད་ཞུ་རྒྱུ་དང་《ཚིག་མཛོད་》འདི་ཉིད་བརྒྱུད་ནས་སྐྱེ་བོ་རྣམས་ཀྱིས་བོན་གྱི་ཤེས་རིག་ལ་དོ་སྣང་དང་ཐ་ན་ཞིབ་འཇུག་གི་ལས་ལ་ཞུགས་རྒྱུའི་འདུན་པ་སྤྲོད་ཐུབ་པ་བྱེད་རྒྱུ་དེ་ཡིན། ལྷད་མེད་ཀྱི་དམིགས་ཡུལ་དེ་འགྲུབ་ཆེད་རྩོམ་སྒྲིག་མི་སྣས་བོན་གྱི་བཀའ་བརྟེན་གཞུང་ལུགས་གྲངས་ལས་འདས་པ་བལྟ་ཀློག་གནང་བ་དང་འབྲེལ་ཡོད་དཔྱད་ཡིག་ལག་སོན་བྱུང་རིགས་ཚང་མ་དཔྱད་བསྡུར་འཐུས་ཚང་བྱས་ནས་བོན་གྱི་ཤེས་རིག་ཚིག་མཛོད་འདི་རྩོམ་སྒྲིག་ཞུས་ཡོད། 
   དུས་ཡུན་ལོ་གསུམ་རིང་ལ་རྩོམ་སྒྲིག་ཁོངས་མི་རྣམ་པས་དཀའ་ངལ་མང་པོ་ཁྱད་བསད་ཀྱིས་དཔྱད་ཡིག་འཚོལ་བསྡུ་དང་ཐ་སྙད་དག་བསྒྲིགས་དང་གོ་བསྡུར་སོགས་ཡང་ཡང་བྱས་ནས་ཚིག་མཛོད་རྩོམ་སྒྲིག་གི་སྤུས་ཚད་མཐོར་འདེགས་གང་ཐུབ་བྱས་ཡོད། འོན་ཀྱང་རྒྱ་ཆེ་གཏིང་ཟབ་པའི་བོན་གྱི་ཤེས་རིག་དེ་ཉིད་ཆ་ཚང་བ་ཞིག་དེབ་གཅིག་གི་ནང་དུ་བསྡུ་ཐུབ་ཐབས་མེད་ལ་རྩོམ་སྒྲིག་མི་སྣའི་ཤེས་ཚད་ཀྱི་རྐྱེན་པས་《ཚིག་མཛོད་》འདིའི་ནང་དུ་མ་ཚུད་པའི་གནད་མང་པོ་དང་བཙུད་ཀྱང་གོ་ནོར་གྱི་དབང་གིས་འགྲེལ་བ་ཡང་དག་མ་བྱུང་བའི་རིགས་ཡོད་སྲིད་པས་རྒྱ་ཆེའི་ཀློག་པ་པོ་དང་མཁྱེན་ལྡན་གྱི་སྐྱེས་བུ་རྣམ་པས་དགོངས་འཆར་ལྷུག་སྩོལ་ཡོང་བའི་རེ་བ་སྙིང་དབུས་ནས་ཞུ་རྒྱུ་ཡིན།
   ཚིག་མཛོད་རྩོམ་སྒྲིག་གི་བྱ་བ་དེ་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་རྣམ་གྲངས་ཤིག་ཡིན་པའི་ཆ་ནས་ལས་ཁུངས་དེ་ཉིད་ཀྱིས་མཐོང་ཆེན་དང་རྒྱབ་སྐྱོར་ཤུགས་ཆེན་གནང་བ་མ་ཟད་དཔེ་སྐྲུན་འགྲོ་གྲོན་ཁ་གསབ་མ་དངུལ་སྒོར་ཁྲི་གཉིས་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་བཞིན་ཚིག་མཛོད་ཞུས་དག་སྐབས་སུ་སྐུ་ཞབས་གླིང་སྨན་གཡུང་དྲུང་བཀྲ་ཤིས་ལགས་ཀྱིས་ཞུས་དག་ཆ་ཚང་ཞིག་གནང་རོགས་མཛད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་བཞིན་སྐུ་ཞབས་ནོར་བུ་བཀྲ་ཤིས་ལགས་ཚིག་མཛོད་རྩོམ་སྒྲིག་བྱ་བར་ཇུས་འགོད་གནང་རོགས་མཛད་པར་ཡང་ ཐུགས་རྗེ་ཆེ་ཞུ་རྒྱུ་དང་བཅས།
དོན་གྲུབ་ལྷ་རྒྱལ་གྱིས་བོད་རབ་བྱུང་བཅུ་བདུན་པའི་ཆུ་འབྲུག་སྤྱི་ལོ་༢༠༡༢ལོའི་དབྱར་གྱི་དུས་སུ་ལྷ་ལྡན་གཞུང་དུ་སྦྱར་བའོ། །


སྒྲིག་སྟངས།

   དང་པོ། ཚོག་མཛོད་འདིའི་ནང་བོན་གྱི་ལོ་རྒྱུས་ཐོག་གི་གྲགས་ཅན་མི་སྣ་དང་དོན་རྐྱེན་དང་དེ་བཞིན་བོན་གྱི་ལོ་རྒྱུས་འཕེལ་རིམ་མཚོན་པའི་དགོན་སྡེ་གྲགས་ཅན་གྱི་ལོ་རྒྱུས་དང་དེ་བཞིན་གཡུང་དྲུང་བོན་གྱི་རིག་པའི་གཞུང་ལུགས་མཚོན་པའི་མཚན་ཉིད་གཞུང་ལུགས་དང་ཐེག་པའི་རིམ་པ་དང་རྫོགས་ཆེན་སྙན་རྒྱུད་ཀྱི་སྐོར་དང་ཡི་དམ་སྲུང་མའི་སྐོར་དང་ཆོ་ག་ཕྱག་ལེན་གྱི་སྐོར་དང་དེ་བཞིན་བོན་ཆོས་ཀྱི་རྣམ་གྲངས་དང་བོན་གྱི་དེབ་ཐེར་གྲགས་ཅན་ངོ་སྤྲོད་སོགས་ཐ་སྙད་མིང་ཚིག་སྟོང་ཕྲག་གསུམ་ཙམ་གྱི་ཚིག་འགྲེལ་བཀོད་ཡོད།
   གཉིས་པ། ཚིག་མཛོད་འདིའི་མིང་ཚིག་རྣམས་ཚིག་མཛོད་སྤྱིའི་སྒྲིག་སྟངས་ལྟར་ཀ་མད་སུམ་བཅུའི་གོ་རིམ་བཞིན་སྡེ་ཚན་ཕྱེས་ནས་བསྒྲིགས་ཡོད། སྡེ་ཚན་སོ་སོའི་མིང་ཚིག་གི་ཚེག་ཁྱིམ་དང་པོ་དེ་མིང་གཞི་རྐྱང་པ་དང་། མཐའ་ཅན། དབྱངས་ལྡན། འདོགས་ཅན། མགོ་ཅན་བཅས་ཀྱི་གོ་རིམ་ལྟར་བསྒྲིགས་ཡོད། 
   གསུམ་པ། དམིགས་བསལ་གྱི་མིང་ཚིག་རྣམས་ལ་འགྲེལ་བའི་མདུན་ལ་གུག་རྟགས་ནང་དུ་”ཞང་”དང་”ཡུལ་”དང་”ཚད་མ་”ཞེས་པའི་ཡིག་འབྲུ་བཀོད་ཡོད། དེ་ཡང་”ཞང་” ནི་མིང་ཚིག་དེ་ཉིད་ཞང་ཞུང་སྐད་ཡིན་པ་དང་་”ཡུལ་”ནི་ཡུལ་སྐད་ཡིན་པའི་བརྡ་དང་”ཚད་མ་”ནི་མཚན་ཉིད་ཚད་མའི་སྐབས་ཀྱི་གོ་དོན་ཡིན་པ་གསལ་བཤད་ཞུས་ཡོད།
   བཞི་པ། མིང་ཚིག་བཏུ་གཞིའི་དཔྱད་ཡིག་གཙོ་གྲས་ནི། བོན་གྱི་མདོ་འབུམ་རྒྱུད་མཛོད་ཀྱི་ཕྱག་དཔེ་རྣམས་དང་བླ་རབས་རྣམ་ཐར་ཁག་དང་ལོ་རྒྱུས་དེབ་ཐེར་ཁག་དང་ཡི་དམ་ཁག་གི་བསྒྲུབ་གཞུང་དང་སྲུང་མའི་བསྐང་གསོ་སྣ་ཚོགས་བཅས་ཡིན། དམིགས་བསལ་གྱི་དཔྱད་ཡིག་ནི་དཔོན་སློབ་བསྟན་འཛིན་རྣམ་དག་གི་གསུང་འབུམ་དང་གནའ་བོའི་ཞང་བོད་ཚིག་མཛོད་དང་བོན་གྱི་རྣམ་གྲངས་སོགས་ཡིན།
   ལྔ་པ། ཚིག་འགྲེལ་འཚོལ་ཐབས་བདེ་པོ་ཡོང་ཆེད་གཞུང་འགྲེལ་དངོས་ཀྱི་མདུན་དུ་ཀ་མད་གོ་རིམ་ལྟར་ཐ་སྙད་མིང་ཚིག་ཆ་ཚང་དཀར་ཆག་བཀོད་ཡོད།
   དྲུག་པ། ཚིག་མཛོད་ཀྱི་མཇུག་ཏུ་བོན་གྱི་བསྟན་རྩིས་ལོ་ཚིགས་རེའུ་མིག་གི་ཚུལ་དུ་བཀོད་ཡོད། དེ་ནི་མཁན་ཆེན་ཉི་མ་བསྟན་འཛིན་གྱི་བསྟན་རྩིས་གཞིར་བཞག་ནས་བཀོད་པ་དང་དེ་ལ་མངའ་རིས་དགེ་སློང་བསྟན་འཛིན་དབང་གྲགས་དང་རེབ་གོང་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་དང་གཡུང་དྲུང་གླིང་དཔོན་སློབ་ཀུན་བཟང་བློ་གྲོས་དང་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་དང་ཁྱུང་པོ་འབྱུང་གནས་སོགས་ཀྱིས་མཛད་པའི་བསྟན་རྩིས་རྣམས་དཔྱད་གཞིར་ལེགས་པར་བཟུང་ཡོད།

༼བོན་གྱི་ཤེས་རིག་ཚིག་མཛོད༽ཀྱི་རྩོམ་སྒྲིག་ཚོགས་ཆུང་།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག