
སྨྲས་པ། རབ་མཛེས་ཁ་བ་ཅན་གྱི་ཡུལ་གྲུ་འདིར། །སྲིད་གསུམ་འགྲོ་བའི་ངོམ་ཞལ་ཕྱེ་བའི་མིག །
རིག་གཞུང་ཀུན་གསལ་ཟླ་བའི་ལང་ཚོ་འདིས། །འབྱུང་བཞིའི་འཁོར་བགྲོད་མ་སྒྲིབ་གསལ་གྱུར་ཅིག །
སྤྱིར་བསྐལ་སྲིད་དུས་འཁོར་བའི་ལུགས་ལ་སྐར་རྩིས་རིག་གཞུང་སྣ་ཚོགས་མཆིས་ཤིང་དེ་མཚུངས་ལོ་ཐོ་ལའང་སྣ་མང་སྤུངས་པའི་མེ་ཏོག་བཞིན་རྒྱས་འབྲིང་བསྡུས་གསུམ་སོགས་མ་ངེས་པ་མང་དག་ཞིག་ཡོད་པ་ལས། འདིར་ཁྱུང་སྤྲུལ་འཇིག་མེད་ནམ་མཁའི་རྡོ་རྗེའི་རྩིས་གཞུང་དཔྱད་གསུམ་དག་རྩིས་ལྟར་ཉི་ཟླ་གཟའ་སྐར་དང་འབྱུང་བཞིའི་འགྱུར་ལྡོག གོ་ལའི་འཁོར་བགྲོད་སོགས་དེང་རབས་ཚན་རིག་དང་མཐུན་ཆེ་བའི་དབང་གིས་ཡང་གསང་ལུགས་གཞིར་བྱས་ཏེ་སྤྱི་ལོ་༢༠༢༦བོད་མེ་རྟ་ལོའི་ལོ་ཐོ་རྒྱས་པ་འདི་ཡང་། གཉན་རོང་ཨ་གྲགས་ཆབ་མདོ་དགོན་ཞང་ཞུང་བར་པའི་བཤད་སྒྲུབ་སློབ་གླིང་གི་སྐར་རྩིས་འཛིན་གྲྭས་སློབ་སྦྱོང་གི་བར་གསེང་དུས་ཚོད་བསྟུན་ནས་ས་བཅད་མ་སྟོང་པ་ཙམ་ཞིགམེ་རྟ་ལོའི་ལོ་ཐོ་“ཀུན་གསལ་མེ་ལོང”ཞེས་པ་འདི་ཕབ་པ་ལགས།

སྤྱིར་ལོ་ཐོའི་སྒྲིགས་སྟངས་ལའང་བསྟན་རྩིས་དང་ལྔ་བསྡུས། གཟའ་ལྔ་གླང་རྩིས་སོགས་དཔྱད་གསུམ་ཡང་གསང་གཞིར་བཞག་ཐོག་དུས་གཟེར་སྐོར་ཞང་ཞུང་རྒན་པོའི་ངག་རྩིས་གཙོས་ཞང་བོད་མཐོ་སྒང་གི་གནམ་གཤིས་ས་བབ་དང་ཆེས་མཐུན་པའི་ཐུན་མིན་དཔྱད་གསུམ་རང་ལུགས་དུས་གཟེརརྣམས་ཇི་བཞིན་མ་འཛོལ་བར་བཀོད་ཡོད། བཀའ་དྲིན་མཚུངས་ཟླ་མེད་པའི་རྩ་བའི་བླ་མ་ཚུལ་ཁྲིམས་ནོར་བུ་རིན་པོ་ཆེ་མཆོག་དང་འབྲིང་རྒྱུད་དགེ་བཤེས་གཡུང་དྲུང་ཕྲིན་ལས། རྒན་བསོད་ནམས་རྒྱ་མཚོ་གཙོས་པའི་དགེ་རྒན་རྣམ་པས་ཐུགས་ཁུར་དང་བཀའ་དྲིན་བསྩལ་བའི་འོག སྐར་རྩིས་རིག་པ་ལ་དུང་བ་ཟབ་པའི་རྒྱ་ཆེའི་སྤྱན་ལྡན་རྣམས་ལ་འབུལ་རྒྱུའི་སྐལ་བཟང་ཤར་སོང་། དེ་བཞིན་བར་བཅུག་རི་མོ་བ་སྒ་ཚེ་རིང་བཀྲ་ཤིས་དང་། དཔེ་སྐྲུན་དངོས་ཀྱི་སྦྱིན་བདག་བཤད་སྒྲུབ་སློབ་གླིང་སྤྱི་ནས་བསྩལ་གནང་བྱུང་བ་བཅས་འབྲེལ་ཡོད་རྣམས་ལ་ཐུགས་རྗེ་ལེགས་འབུལ་ཞུ་རྒྱུ་དང་། ངེད་རྩོམ་སྒྲིག་གི་དུས་ཡུན་ཐུང་བ། དམིགས་གསལ་གྱི་དུས་ཚོད་དབེན་ཞིང་ཞོར་སྐྱོན་མང་པོ་ཡོད་སྲིད་པས། གཙུག་ལག་རིག་པའི་གཞུང་ལ་མཁྱེན་རྒྱ་ཡངས་པའི་མཁས་དབང་རྣམས་པས་ནོར་སྐྱོན་ཅི་མཆིས་དགོངས་ཁྲེལ་མེད་པའི་སྒོ་ནས་རྒྱབ་སྐྱོར་ཡོད་པར་མཁྱེན།
དགེ་བཤེས་བསྟན་འཛིན་མཆོག་གསལ་གྱིས་ལྷ་ལྡན་ཉི་མའི་གྲོང་དུ་བྲིས་པའོ། །
༢༠༢༥ཟླ་༡༢ཚེས་༢༢ཉིན།