སྐྱང་འཕགས་གནད་བྱང་དཔར་བསྐྲུན་འགྲེམ་སྤེལ།

[ཟླ་ཚེས། 2025-11-05 09:36:17][རྩོམ་པ་པོ།  སྐྱང་སྲས་དྲུང་མུ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

དཔེ་སྐྲུན་གསལ་བཤད། 
སྐྱང་འཕགས་གནད་བྱང་ཞེས་པའི་དཔེ་རྙིང་འདི་ནི་གཏེར་སྟོན་ཆེན་པོ་རིག་འཛིན་གྱེར་མི་ཉི་འོད་ཀྱི་རྣམ་སྤྲུལ་ཨ་མྱེས་སྐྱང་འཕགས་ཆེན་པོས་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་ནང་ཙམ་ལ་མཛད་པ་ཞིག་ཡིན་ལ། དམ་པ་ཁོང་ནི་མདོ་སྨད་འཕགས་པ་རྣམ་གསུམ་གྱི་ཡ་གྱལ་དང་། འཕན་ཆུ་དང་མཐེ་བོ། ཟིང་ཆུ་དང་རོང་སྡེ་ཉག་སོགས་སུ་བོན་བསྟན་སྤེལ་ཞིང་སྙན་པའི་གྲགས་པ་རྒྱས་པ་ཞིག་ཡིན།  
དཔེ་རྒྱུན་ཤིན་ཏུ་དཀོན་པའི་ལོ་རྒྱུས་ཀྱི་རྒྱུ་ཆ་གལ་ཆེན་འདི་ནི་མཁས་དབང་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་ཚང་གི་ཕྱག་ཏུ་བཞུགས་པ་དང་། ཁོང་རིན་པོ་ཆེས་མ་ཡིག་རྙིང་བ་དེ་བསྐྱར་དཔར་བརྒྱབ་ནས་ཉེ་འཁོར་གྱི་དགོན་པ་ཁག་ལ་ཚར་རེ་གནང་འདུག  ང་ཚོས་དེ་ཉིད་ལ་གཞི་བཅོལ་ཏེ་ཁོང་རིན་པོ་ཆེ་ལ་བཀའ་འདྲི་ཞུས་རྗེས་ད་ཐེངས་ཀྱི་དེབ་གཟུགས་འདི་བསྐྲུན་པ་ཡིན། 
སྒྲིག་སྟངས་ཀྱི་ཆ་ནས་དེང་གི་ཡིག་རྙིང་སྤྱིའི་སྒྲིག་རིམ་ལྟར། སྐྱང་སྤྲུལ་དྲི་མེད་འོད་ཟེར་ཚང་གི་མ་ཡིག་བཤེར་འབེབས་བྱས་ནས་གོང་དུ་རང་སོར་བཞག་པ་དང་།  དེའི་འོག་ཏུ་དབུ་ཅན་ལ་ཕབ་ནས་བུ་ཡིག་གི་ཚུལ་དུ་བཀོད་ཡོད།  སྐུང་ཡིག་རྣམས་བཀྲལ་ནས་ཟུར་མཆན་དུ་བཏགས་ཡོད། ཡིག་ནོར་ཡིན་ངེས་པ་རྣམས་ནི་གུག་རྟགས་()འདིའི་ནང་དུ་བཀོད་པ་དང་། ཐེ་ཚོམ་ཅན་རྣམས་ནི་གུག་རྟགས་[]འདིའི་ནང་དུ་བཀོད་ཡོད།  ཡི་གེ་འབྲི་སྟངས་ཀྱི་ཆ་ནས་ཤིན་ཏུ་རྙིང་བའི་ཉམས་ཤིག་འདུག་ཅིང་། མ་དང་ང་ཀླད་ཀོར་གྱི་ཚུལ་དུ་ཡོད་པ་མང་ལ་མ་ཀླད་ཀོར་ཡིན་དུས་རྟགས་ ༼  མ  ༽འདི་དང་། ང་ནི་རྟགས་༼  ང  ༽འདིས་མཚོན་པར་བྱས་ཡོད།  གྲངས་ཀ་རྣམས་ནི་ཨང་ཡིག་གི་ལམ་ནས༡ ༢ ༣ ༤ ༥ འདི་ལྟར་དུ་བྲིས་ཡོད་ལ། ཀ་དང་ག་ཏ་དང་ད་པ་དང་བ་སོགས་རེས་མོས་ཀྱིས་བྲིས་པ། བར་སྣང་ལ་པར་སྣང་དང་། དགོང་མོ་ལ་རྒོངས་མོ་དང་། དགུང་ལོ་རྒོང་ལོ། དགོས་ལ་རྒོས་སོགས་ཡུལ་སྐད་དུ་བྲིས་པ་དང་། གྲངས་ཀ་བཅུ་ནི་༼  བཅུ ༽རི་མོའམ་ཡི་གེ་འདི་ལྟ་བུ་ཞིག་གིས་མཚོན་པར་བྱས་ཡོད་པ་སོགས་ནི་བོན་གྱི་དཔེ་རྙིང་མང་བོ་ཞིག་དང་གཅིག་མཚུངས་སུ་འདུག གཞན་ཡང་སྐུང་ཡིག་ཤིན་ཏུ་མང་ལ་དེ་དག་ཀྱང་དེང་གི་རྒྱུགས་ཆེ་བའི་སྐུང་ཡིག་འབྲི་སྟངས་དེ་ལྟར་མིན་པར་ཉེ་ལམ་འབྲུག་ཆུ་དང་མདའ་ཚང་སོགས་ནས་རྙེད་པའི་བོན་གྱི་དཔེ་རྙིང་དེ་དག་དང་འདྲ་བོར་འདུག  མ་ཡིག་འདི་ཤིན་ཏུ་རྙིང་བ་ཞིག་ཡིན་པར་མ་ཟད། ཤོག་གུ་ཟད་ཅིང་རལ་བས་ཡི་གེ་མི་གསལ་བ་དང་ཤོག་ངོས་ཆད་ལྷག་ཤོར་བས་ཁ་མི་ཚང་བ་སོགས་ཀྱི་གནས་ཚུལ་འདུག་ནའང་མ་ཡིག་རང་སོར་བཞག་པ་ལས་བཟོ་བཅོས་གང་ཡང་བརྒྱབ་མེད།  
མཆན་འདེབས་དུས་གཞི་བཅོལ་ས་ནི་ཨ་མྱེས་སྐྱང་འཕགས་ཆེན་པོ་ཁོང་གིས་མཛད་པའི་རང་རྣམ་དང་མགུར་མ། མཁས་དབང་སྐྱང་སྤྲུལ་དྲི་མེད་འོད་ཟེར་ཚང་གིས་མཛད་པའི་དེ་དག་གི་མཆན་འགྲེལ། དེ་མིན་འཕྲུལ་ལྡན་སྐུང་ཡིག གནའ་རབས་བོན་གྱི་དཔེ་དཀོན་བྲིས་མ། རང་ཅག་གི་ལག་ཏུ་ཡོད་པའི་དཔེ་རྙིང་བྲིས་མ་རྣམས་ལ་གཞི་བཅོལ་བ་དང་། བོན་གྱི་དཔེ་རྙིང་ལ་རྒྱུས་མངའ་ཆེ་བའི་མི་སྣ་གང་མང་ཞིག་ལ་སྐུ་བཅར་བཀའ་འདྲི་བྱས་ནས་དེང་གི་བརྡ་གསར་བའི་འགྲོས་ལྟར་ཟུར་མཆན་དུ་བཀོད་པ་ཡིན། 
ད་སྔ་དཔེ་རྙིང་འདིའི་དཔེ་རྒྱུན་འདི་ཙམ་ལས་མཇལ་རྒྱུ་མ་བྱུང་ལ། དེབ་གཟུགས་སུ་བསྐྲུན་པའམ་ཕལ་ཆེར་མེད་པར་སྣང་། དེ་བས་ཉམས་པ་སོར་ཆུད་དང་མ་ཉམས་གོང་སྤེལ་གྱི་ཚུལ་དུ་ལས་དོན་འདི་ལ་ཞུགས་ཁུལ་བྱེད་པ་ཡིན། དཔེ་རྙིང་འདིའི་དོན་གྱི་དགེ་མཚན་དང་དཔྱད་གཞིའི་རིན་ཐང་སོགས་ཀློག་པ་པོ་རྣམ་པའི་བགོ་སྐལ་དུ་ཕུལ་བ་ལས་འདིར་མ་ཤེས་ཤེས་མདོག་གི་ཟློས་གར་གང་ཡང་བསྒྱུར་མེད།  ལག་པ་རིང་བྱེད་ཀྱི་ཕུ་རུང་ཐུང་བའི་དཔེ་ལྟར་ངེད་སྒྲིག་མཁན་རྣམས་ལ་མཚོན་ན་སོ་སོ་རང་རང་གི་བྱ་བའི་བྲལ་ཟིང་ཆེ་ཞིང་། ལྷན་དུ་འདུ་བའི་གོ་སྐབས་ཕྲ་བ། ཉམས་མྱོང་དང་ཤེས་རབ་ཆུང་བ་སོགས་རྒྱུ་རྐྱེན་མང་པོ་ཞིག་གིས་ཟུར་མཆན་ལོག་པར་བཀྲལ་བ་དང་མགོ་མཇུག་ལྡོག་པ་སོགས་ནོར་བའི་ཆ་མང་དུ་མཆིས་སྲིད་པས། ཁྱེད་ཀློག་མཁན་ལྷན་རྒྱས་ཀྱིས་དགོངས་འཆར་ལྷུག་སྩོལ་གནང་བར་ཞུ་ཞུ།
 
ཞེས་འཕན་ཆུའི་རིག་གནས་ཞབས་ཞུ་ལྟེ་གནས་ཀྱིས།
༢༠༢༥ལོའི་ཟླ་བ་༡༠ཚེས་༡༨ཉིན།

དེབ་གཅིག་ཉོས་ན་སྒོར་ཉི་ཤུ་དང་སྐུར་གླ་ཉོ་མཁན་གྱིས་ཁུར་དགོས། 
དེབ་བཅུ་ཐམ་པའི་ཡས་ཉོས་ན་སྒོར་ཉི་ཤུ་དང་སྐུར་གླ་མི་དགོས། 
དེབ་ལྔ་བཅུའི་ཡས་ཉོས་ན་སྒོར་བཅོ་ལྔ་དང་སྐུར་གླ་མི་དགོས། 
ས་གནས་གང་སར་སྐུར་ཐུབ། 

དགོས་མཁན་ཚོས་ཕྲན་འཕྲིན་འདིར་འབྲེལ་རོགས། 
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།