《འབྱུང་རྩིས་བཀའ་ལུང་རིག་པའི་དགོངས་རྒྱན》ཞེས་པ་པར་བསྐྲུན་འགྲེམ་སྤེལ་བྱས།

[ཟླ་ཚེས། 2025-08-23 23:32:37][རྩོམ་པ་པོ། ཧོར་རྣམ་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


སྔོན་གླེང་ལྷ་དར་དཀར་པོ།

  དགེ་བའི་བཤེས་གཉེན་ཆེན་མོ་སངས་རྒྱས་རྒྱ་མཚོའམ་ཁྲོ་ངར་ལྕགས་ཁོང་ནི། སྤྱི་ལོ་༡༩༩༥ལོ་སྟེ་བོད་ཤིང་མོ་ཕག་ལོའི་འབྲུག་ཟླའི་ཚེས་བཅོ་ལྔའི་ཉིན་ཁམས་སྡེ་དགེའི་མངའ་ཁོངས་རྫ་ཁྲོམ་ལྡིང་གསུམ་ལས། ཁྲོམ་རྫོང་རྟོགས་དགུ་རིམ་བྱོན་གྱི་གདུལ་བྱ་དུང་མདའ་གཡང་སྡེ་ཕྱུག་མོ་རུ། ཡབ་ཚུལ་དགའ་དང་ཡུམ་ཡེ་ཤེས་ལྷ་མོ་གཉིས་ཀྱི་སྲས་སུ་དལ་རྟེན་གྱི་མི་ལུས་རིན་པོ་ཆེ་བཞེས་ཤིང། སྤྱི་ལོ་༢༠༠༣ལོར་རྫ་ཁྲོ་ཚང་དགོན་པའི་ཚོགས་གྲལ་དུ་ཞུགས། ཨ་ནེ་ཡེ་ཤེས་ལྷ་མཚོ་དང་། ཨ་མྱེས་པདྨ་ཚུལ་ཁྲིམས་གཉིས་ཐོག་མའི་དགེ་རྒན་དུ་བསྟེན་ནས། འདོན་ཀློག་འབྲི་གསུམ་དང་འབུད་རྡུང་དཀྲོལ་གསུམ། ཕྱག་རྒྱ་བཅའ་བསྒྱུར་སོགས་མཐོང་བ་བརྒྱུད་པའི་ཉམས་ལེན་ལ་སྦྱངས་པ་ཡང་དག་པར་མཛད་པ་དང་དུས་མཚུངས་སུ། ཁྲོ་སྤྲུལ་གཙུག་ཕུད་འོད་ཟེར་རྒྱལ་མཚན་རིན་པོ་ཆེ་དང་། མཁན་ཆེན་གཡུང་དྲུང་བསམ་གཏན་རྒྱ་མཚོ་རྣམ་གཉིས་ཀྱི་མདུན་ནས་དབང་ལུང་ཁྲིད་གསུམ་མང་དུ་ཞུས་ཤིང་། ཤར་རྫའི་རྒྱལ་ཚབ་གསུམ་པ་འཇིགས་མེད་རིག་པའི་དབང་ཕྱུག་གི་མདུན་ནས་གཙང་གཙུག་གི་སྡོམ་པ་ཞུས། སྤྱི་ལོ་༢༠༠༩ལོ་ནས་ཁྲོ་ཚང་དགོན་གྱི་སྒྲུབ་གྲྭ་《གསང་ཆེན་སྐུ་གསུམ་སྨིན་གྲོལ་གླིང》དུ་སྒྲུབ་ཞུགས་གནང་སྟེ། མཁས་དབང་བོན་བརྒྱ་རིན་པོ་ཆེའི་དངོས་སློབ་སྒྲུབ་བླ་གཡུང་དྲུང་ཉི་རྒྱལ་གྱི་མདུན་ནས་སྔོན་འགྲོ་བསགས་སྦྱོང་། མཚམས་དང་ཁྲིད་ཁ་གང་ཡོད་རྣམས་རིམ་གྱིས་རྫོགས་ཏེ་སྤྱི་ལོ་༢༠༡༢ལོའི་དབྱར་ཀ་སྒྲུབ་གྲྭ་མཐའ་རུ་ཕྱིན། ལོ་དེའི་དགུན་ཁ་《གཡུང་དྲུང་བོན་ནང་བསྟན་ལྔ་རིག་སློབ་གླིང》གསར་དུ་དབུ་བརྙེས་པ་དང་བསྟུན་ནས་སློབ་གླིང་དུ་དངོས་ཞུགས་གནང་ཞིང་། “རྩོད་པ་ཁྱད་པར་ཅན་གྱིས་མ་ཟིན་པའི་གོ་བ་ལ་ཡང་དག་པའི་དོན་སྤྱི་འཆར་བར་དཀའ”བའི་ཟབ་བརླིང་གི་དགོངས་པ་བརྗིད་པོ་ཐུགས་ལ་བཞེས་ཏེ། བཤད་གྲྭའི་རྐང་འཛིན་གྱི་དགེ་རྒན་ཆེན་མོ་དགེ་བཤེས་གཙུག་ཕུད་ཚུལ་ཁྲིམས་དང་། དགེ་བཤེས་ཧོར་རྣམ་རྒྱལ། དགེ་བཤེས་བདེ་ལེགས་ཀུན་འབྱུང་སོགས་ཀྱི་མདུན་ནས་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་སྤྱི་ཡི་ཁྲིད་གཞི་ལྟར། སྡུད་གྲྭ་དང་ཚད་མ། རྒྱུ་ཐེག་དང་ས་ལམ། ཕར་ཕྱིན་དང་དབུ་མ། མཛོད་དང་འདུལ་བ་སོགས་རྒྱུ་མཚན་ཉིད་ཀྱི་བོན་དང་། འབྲས་བུ་གསང་སྔགས་ཀྱི་བོན་ལས། འབྲས་ཐེག་དང་བཀའ་འགྲེལ། མ་རྒྱུད་དང་སྙན་རྒྱུད་སོགས་མདོ་སྔགས་རྫོགས་གསུམ་རིག་གནས་དང་བཅས་པའི་ཁྲིད་ལུང་གཉིས་ཀ་རྒྱས་པར་ཞུས་ཡོད། དེ་ཡང་མིང་ཙམ་མ་ཡིན་པར་གཞུང་ལུགས་གང་ལ་སྦྱང་ན། གྲུབ་འབྲས་འབུར་ཐོན་ཅན་དང་ཤེས་རབ་རྣམ་དཔྱོད་ཅན་དེ་ཡིན་གཤིས། བློ་རྒྱུགས་དང་། ཡིག་རྒྱུགས། རྩོད་རྒྱུགས། བགྲོ་གླེང་སོགས་རྒྱུགས་ཚན་རེ་རེའི་སྐར་གྲངས་མཐོན་པོར་མ་བླངས་པ་དུས་ནམ་ཡང་མེད་ལ། 《གཡུང་དྲུང་བོན་ནང་བསྟན་ལྔ་རིག་སློབ་གླིང》གི་ཆེས་མཐོ་བའི་བྱ་དགའ་སྟེ། གསེར་དངུལ་ཟངས་གསུམ་གྱི་རྟགས་མ་གང་རུང་ཞིག་ལོ་རེ་བཞིན་ཁོང་གིས་ལེན་པར་ངེས་གཏན་བྱེད་ཆོག་ཆོག་ཡིན། གཞན་ཡང་ཞང་ཞུང་སྒོ་བའི་ལྟེ་གནས་ཁྱུང་པོ་རི་རྩེ་དྲུག་གི་ཞང་བོད་རིག་གཞུང་བགྲོ་གླེང་ཆེན་མོ་དང་། བཀའ་བརྒྱུད་པ་དང་རྙིང་མ་པའི་རྩོད་གྲྭ་མང་པོར་དངོས་ཞུགས་གནང་། དེ་ལྟར་བཀའ་གཞུང་ཉན་བཤད་ཀྱི་དཀྱིལ་འཁོར་ན་སྒྲུབ་དང་སུན་འབྱིན་གྱི་ཕྱག་རྒྱ་འདྲེན་ཞིང་། རྩོད་པ་རྒྱ་མཚོའི་ཕ་རོལ་ནས་ལུང་རིག་ཡང་དག་པའི་སྙིང་པོ་བཞེས་ཏེ། སྤྱི་ལོ་༢༠༢༢ལོའི་ཟླ་༣པའི་ཚེས་༣༠ཉིན་ཀུན་མཁྱེན་ཤར་རྫ་བའི་རྒྱལ་ཚབ་འཇིགས་མེད་རིག་པའི་དབང་ཕྱུག་གི་སྐུ་མདུན་ནས་དག་པ་དྲང་སྲོང་གི་སྡོམ་ཁྲིམས་ཞུས་ཏེ་མཚན་ལ་ཚུལ་ཁྲིམས་དཔལ་ཆེན་རྒྱ་མཚོ་ཞེས་གསོལ། ལོ་དེར་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་ཁག་གི་མཁན་པོ་དང་དགེ་རྒན། དགེ་བཤེས་དང་སློབ་མ་མང་པོ་ཆེད་དུ་གདན་ཞུས་འོག་མཁས་མང་འདུས་པ་རྒྱ་མཚོའི་དབུས་ནས། གཞུང་ལུགས་རྒྱ་མཚོའི་དགོངས་པ་ལ་མ་ནོར་བའི་དམ་བཅའ་ཕུལ་ཞིང་། ཐོས་བསམ་སྒོམ་པའི་སྒྲུབ་དོན་ལ་རབ་འབྱམས་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་དངོས་སུ་བཞེས་པའི་མཐར། ལོ་གཅིག་ལྷག་གི་རིང་ལ་ཁྲོ་ཚང་སྒྲུབ་གྲྭ་《གསང་ཆེན་སྐུ་གསུམ་སྨིན་གྲོལ་གླིང》གི་དགེ་རྒན་གྱི་ཐུགས་འགན་བཞེས་ཏེ་གསང་སྔགས་ཀྱི་སྐོར་དང་རིག་གནས་ཀྱི་སྐོར་དཔེ་ཁྲིད་གནང་། སྤྱི་ལོ་༢༠༢༣ལོར་རྫ་སྟེང་ཆེན་དགོན་པ་ནས་གཡུང་དྲུང་བོན་གྱི་བཀའ་བརྟེན་ཆེན་མོའི་ལུང་རྒྱུན་སྤེལ་བའི་སྐབས་སུ་གང་གནང་བའི་ལུང་རྒྱུན་ཆ་ཚང་ཐོབ་ཡོད། སྤྱི་ལོ་༢༠༢༤ལོར་《གཡུང་དྲུང་བོན་ནང་བསྟན་ལྔ་རིག་སློབ་གླིང》གི་དགེ་རྒན་ཆེན་མོའི་མཚན་གནས་གནང་བ་སོགས་ནི། སློབ་གཉེར་བ་ཁོང་གིས་གཤེན་རབ་སྒམ་པོའི་དགོངས་པ་ལ་བློ་ཚིག་བརྟན་པོ་བྱས་ཏེ། སློབ་དཔོན་མཁས་པའི་བཀའ་གསུང་ལས་གདམས་ངག་གི་བདེན་པ་བཙལ་བའི་ས་ལམ་གྱི་རིམ་པ་མདོ་ཙམ་བརྗོད་པ་ཡིན་ནོ། །

  དུས་རབས་ཉི་ཤུ་རྩ་གཅིག་པའི་ཁ་རྩང་དང་དེ་རིང་ནི། “ཤེས་རིག་སྣ་མང་ཅན་དང་། དཔལ་འབྱོར་གོ་ལ་ཅན”དུ་དོན་གྱིས་གྲུབ་ཡོད་སྟབས། རྒྱུ་རྔམ་གྱི་འདོད་པ་སྟུག་པོ་དང་ཟང་ཟིང་གི་ཤེས་བྱ་ཟོབ་པོ་རྣམས་ཀྱིས། ནང་བསྟན་ཤེས་བྱ་རིག་པའི་འོད་རླབས་ཇེ་སྒྲིབ་ནས་ཇེ་སྒྲིབ་ཏུ་འགྲོ་བཞིན་པའི་སྐབས་འདིར། ཤེས་རབ་ཀྱི་ལམ་པ་བ་ཞིག་ལ་མཚོན་ནས་བཤད་ན། གཞུང་ལུགས་གང་ཞིག་བསླབས་པའི་ཟིན་བྲིས་དང་། བྱ་བ་ཅི་ཞིག་འབྱོན་ཡོད་པའི་རྣམ་འགྱུར་དོད་པོ་རེ་མི་ཡུལ་གྱི་ཟས་རིན་དུ་འཇོག་རྒྱུ་ནི། ཅི་ནས་ཀྱང་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རྒྱལ་འཕགས་གོང་མ་དག་གི་རྣམ་ཐར་གྱི་རྗེས་འགྲོ་ཡིན་ལ། ཁོ་བོས་རྒྱུན་པར་དྲན་པའི་བསམ་ཚུལ་དང་སྤྱོད་ཚུལ་ཡང་ཡིན། དེ་བཞིན་དུ་ས་མིག་དེ་དང་རྣམ་ཐར་དེ་ཉིད་བསྐྱངས་དང་སྐྱོང་བཞིན་པའི་དགེ་བའི་བཤེས་གཉེན་ཆེན་མོ་སངས་རྒྱས་རྒྱ་མཚོ་ནས། རིག་གནས་བགྲོ་གླེང་གི་མཁའ་དབུགས་དང་གཏམ་བཤད་སྒྲོགས་སྦྱང་གི་སྣང་བརྙན་ལ་ཞུགས་པའི་རྩོམ་ཡིག་མང་དུ་སྤེལ་ཡོད་པ་མ་ཟད། སྤྱི་ལོ་༢༠༢༠ལོར་མཁས་གྲུབ་ལུང་རྟོགས་རྒྱ་མཚོའི་ནག་རྩིས་ཀྱི་འགྲེལ་བ་《འབྱུང་རྩིས་བཀའ་ལུང་དགོངས་རྒྱན》ཞེས་པ་གཙུག་ལག་རྩིས་ཀྱི་རྣམ་བཞག་ལས་སྔོན་འགྲོའི་སྐོར་དང་། ཚེ་རབས་ལས་རྩིས། ཀེག་རྩིས་ཀྱི་རྣམ་བཞག རྩིས་ཕྲན་ཉེར་མཁོའི་ཆ་ལག་སོགས་ཀྱིས་གྲུབ་པའི་རྩོམ་དེབ་པོད་གཅིག་འགྲེམ་སྤེལ་གནང་ཡོད། དེ་དང་འབྲེལ་ཏེ་འབྱུང་རྩིས་རིག་པའི་རྣམ་བཞག་ལ་དོན་གཉེར་ཡོད་པའི་ཕྱོགས་སོ་སོའི་སློབ་གཉེར་བ་མང་པོར་དྲྭ་ལམ་ནས་སློབ་ཁྲིད་མང་དུ་བྱས་ཤིང་། ད་དུང་བག་རྩིས་དང་གཤིན་རྩིས་ཀྱི་སྐོར་ལ་འགྲེལ་རྩོམ་ཞིག་བྲིས་ན་དགོས་མིག་ཆེ་བའི་སྐུལ་མ་གནང་མཁན་མང་དུ་ཡོད་པར་བརྟེན་ནས། ད་ལན་སྔར་ཡོད་ཀྱི་རྩིས་གཞུང་དེའི་ཕྱི་དུམ་གྱི་ཚུལ་དུ། 《འབྱུང་རྩིས་བཀའ་ལུང་རིག་པའི་དགོངས་རྒྱན》ཞེས་པ་ལེགས་འགྲུབ་བྱུང་ཡོད་ལ། དེབ་འདིའི་བརྗོད་བྱར་གྱུར་བ《ནག་རྩིས་སྣང་སྲིད་མེ་ལོང་ལས་ལེའུ་ལྔ་བ་བག་རྩིས་ཀྱི་འགྲེལ་བ》དང་། 《བཀའ་རིན་པོ་ཆེ་ཞུས་མདོའི་དགོངས་འགྲེལ་སྤར་བརྒྱད་ལོ་རྩིས་བསྡུས་པ》 《ལེའུ་བརྒྱད་པ་གཤིན་རྩིས་ཀྱི་འགྲེལ་བ》 《གཤིན་རྩིས་སྐོར་གྱི་རེའུ་མིག་ཕྱོགས་བསྒྲིགས་བློ་གྲོས་དགྱེས་པའི་མཆོད་འཕྲེང》བཅས་སྡེ་ཚན་བཞི་ཡིས་འབྱུང་རྩིས་ཀྱི་འཇུག་སྒོ་ཆ་ཚང་བར་མཛད་ཡོད་པའོ། །

  སྤྱིར་འབྱུང་རྩིས་ཀྱི་རིག་པ་འདི་ནི། སྟོན་པ་ཐུགས་རྗེ་ཅན་གྱིས་འདུལ་བྱ་ཐ་མའི་དོན་ལ་གཟིགས་ཏེ་འཇིག་རྟེན་གྱི་ཕན་བདེ་བསྒྲུབ་པ་ལ་ལེགས་ཉེས་ལམ་སྟོན་བྱེད་པའི་གཞུང་ལུགས་དང་ལག་ལེན་ཡིན་ལ། འདི་ཉིད་ལ་གཞིག་སྟེ། གླུད་བསྔོ་བ་དང་། གཤེད་བྲལ་བ། བགེགས་བསྐྲད་པ། གཡང་འགུགས་པ། ཚེ་སྒྲུབ་པ། ཀླུང་རྟ་བསྐྱེད་པ་སོགས་གདུལ་བྱའི་མོས་པ་དང་ཁམས་ལ་མཐུན་པའི་རིམ་གྲོ་སྒྲུབ་ཚུལ་འདིས། འགྲོ་བ་མིའི་ཆོས་ལུགས་ཀྱི་དད་ཞེན་དང་འཇིག་རྟེན་གྱི་འདོད་ཡོན་སྒྲུབ་ཀྱིན་ཡོད་པས། ལོ་ངོ་གཅིག་ཁྲི་བརྒྱད་སྟོང་ལྷག་གི་རིང་ལ་བོད་མི་རིགས་ཀྱི་འཚོ་བ་དང་ཁ་བྲལ་མ་མྱོང་ཞིང་། འབྲལ་མི་ཐུབ་པ་ཞིག་ཡིན་ཞེས་བཤད་ན་མི་སྤོབས་པ་གང་ཡང་མེད། དེའི་ཕྱིར་ན་དགེ་བའི་བཤེས་གཉེན་ཁོང་གིས། དགོས་མིག་ཅན་དང་ལག་ལེན་ཅན་དུ་གྱུར་ཡོད་པའི་ཐབས་ལམ་གྱི་རིམ་པ་འདི་ལ་ཁ་གསལ་གོ་བདེ་དང་། ཆ་ཡོད་རྒྱུས་ཡོད་དུ་འགྱུར་བའི་ཆེད་དང་དོན་ལ་དམིགས་ཏེ། ཕྱྭ་སྣང་འཕྲུལ་སྲིད་ཀྱི་རྒྱུ་བོན་འཐོར་བུ་རྣམས་ལ་ཕུགས་བཅོལ་ཞིང་《ནག་རྩིས་སྣང་སྲིད་མེ་ལོང》གི་གཞུང་དོན་ལ་འགྲེལ་བ་རྒྱས་སྤྲོས་གནང་ཡོད་པ་མ་ཟད། བགྲེས་པོ་ཉམས་མྱོང་ཅན་གྱི་གསུང་འགྲོས་ལ་གཞི་བཅོལ་ནས་རིམ་གྲོ་གང་ཞིག་ཞུ་དགོས་པ་སོགས་ཞིབ་རྒྱས་སུ་བསྟན་པའི་རྩོམ་ལུས་འདིས། རྣམ་དཔྱོད་ཤེས་རབ་ཀྱི་མཁའ་ལམ་ན་བློ་གྲོས་ཀྱི་སྣང་བ་འདྲེན་ཞིང་། རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་དད་ཅིང་སྐྱབས་སུ་འཛིན་པའི་འགྲོ་བ་ཀུན་ལ་ཕན་ཐོགས་རྒྱ་ཆེར་ནུས་པའི་སྨོན་འདུན་ཞུ་བ་དང་ཆབས་ཅིག དགེ་བའི་བཤེས་གཉེན་ཁོང་གི་སྔར་སོང་གི་མཛད་པ་ལ་ཡི་རངས་དང་། འབྱུང་འགྱུར་རྒྱལ་གཤེན་བསྟན་པའི་རིང་ལུགས་ལ་ཤེས་རབ་ཀྱི་མཛད་པ་གང་ཡོད་ཐམས་ཅད་ཡར་ངོའི་ཟླ་བ་དང་དབྱར་གྱི་ཆུ་གཏེར་ཇི་བཞིན་གོང་ནས་གོང་དུ་འཕེལ་བའི་སྨོན་འདུན་ལན་བརྒྱར་ཞུས་པའོ། །

ཞེས་ཞང་བོད་རིག་གཞུང་ཞིབ་འཇུག་ཚོགས་པའི་དྲུང་ཡིག་པ་ཧོར་རྣམ་རྒྱལ་ནས་སྔོན་གླེང་གི་དོད་དུ་སྤྱི་ལོ་༢༠༢༥-༦-༢༨ཉིན་བྲིས་པའོ། །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།