《བོད་ཀྱི་གསོ་རིག་ལོ་རྒྱུས་ཞང་བོད་སྙིང་ནོར》ཞེས་པ་འགྲེམ་སྤེལ་བྱས།

[ཟླ་ཚེས། 2024-02-03 13:13:43][རྩོམ་པ་པོ། ཐུབ་བསྟན་ཕུན་ཚོགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


《བོད་ཀྱི་གསོ་རིག་ལོ་རྒྱུས་ཞང་བོད་སྙིང་ནོར》ཞེས་པ་འགྲེམ་སྤེལ་བྱས།

  ཉེ་ཆར། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དང་འབུམ་རམས་པའི་འཛུབ་སྟོན་དགེ་རྒན། མཁས་དབང་ཐུབ་བསྟན་ཕུན་ཚོགས་ཀྱིས་བརྩམས་པའི་《བོད་ཀྱི་གསོ་རིག་ལོ་རྒྱུས་ཞང་བོད་སྙིང་ནོར》ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།
  དཔེ་དེབ་འདི་ཉིད་ནི་ལེའུ་ཆེན་མོ་བཅུ་གཅིག་གིས་གྲུབ་ཡོད་དེ། ལེའུ་དང་པོ་ལོ་རྒྱུས་ཐོག་གསོ་བ་རིག་པའི་བསམ་བློ་བྱུང་ཚུལ་ལས། སྨན་དང་དུག་གི་དབྱེ་བ་བྱུང་ཚུལ། གནའ་བོའི་འབྱུང་བའི་ཤེས་རིག་བྱུང་བའི་སྐོར། ཆོས་ལུགས་དང་འབྲེལ་བའི་གསོ་རིག་བསམ་བློ། ལེའུ་གཉིས་པ་གནའ་བོའི་ཞང་བོད་ཀྱི་གསོ་རིག་ལས་ལྷ་འདྲེའི་བསམ་བློ་དང་འབྲེལ་བའི་གསོ་རིག ཚན་རིག་རྨང་གཞི་ཅན་གྱི་གསོ་རིག་གི་བསམ་བློ། བོད་དང་གྷི་རིག་བར་གསོ་རིག་གི་བསམ་བློ་འདྲ་བའི་ཆ། མཚན་ཉིད་རིག་པའི་བསམ་བློའི་གསོ་རིག ཉམས་མྱོང་གི་གསོ་རིག ལེའུ་གསུམ་པ་སྤུ་རྒྱལ་བཙན་པོའི་སྐབས་ཀྱི་གསོ་རིག་ལས་སྤུ་རྒྱལ་སྐབས་ཀྱི་གསོ་རིག་དར་གུད་བྱུང་ཚུལ། ཞང་བོད་གསོ་རིག་མི་སྣ་གྲགས་ཆེན། ལེའུ་བཞི་པ་བོད་བཙན་པོའི་སྐབས་ཀྱི་གསོ་རིག་དར་རྒྱས་སྐོར་ལས་སྲོང་བཙན་སྒམ་པོ་སྐབས་ཀྱི་གསོ་རིག མེས་ཨག་ཚོམ་སྐབས་ཀྱི་གསོ་རིག ཁྲི་སྲོང་ལྡེའུ་བཙན་སྐབས་ཀྱི་གསོ་རིག་ལོ་རྒྱུས། ལེའུ་ལྔ་པ་བོད་སིལ་བུའི་སྐབས་ཀྱི་གསོ་རིག་འཕེལ་རྒྱས་སྐོར་ལས་ཡན་ལག་བརྒྱད་པ་བོད་དུ་དར་ཚུལ། རྒྱུད་བཞི་བྱུང་དུས་དང་བྱུང་ཚུལ་ལ་དཔྱད་པ། ལེའུ་དྲུག་པ་གསོ་རིག་རྒྱུད་བཞིའི་ཕྲིན་ལས་སྐོར་ལས་རྒྱུད་བཞི་བཀའ་བསྟན་གང་ཡིན་བཞེད་ཚུལ། རྒྱུད་བཞིའི་ཕྲིན་ལས་ཇི་ལྟར་སྤེལ་བ། བོད་སིལ་བུའི་རྗེས་ཀྱི་སྨན་པ་གྲགས་ཆེན་འགའ་ཞིག ལེའུ་བདུན་པ་གདམས་ངག་དང་གཏེར་སྨན་སྐོར་ལས་མཁྱུད་དཔྱད་གདམས་ངག་གི་སྐོར། གཏེར་སྨན་གྱི་སྐོར། ལེའུ་བརྒྱད་པ་བྱང་ལུགས་གསོ་རིག་དར་བའི་སྐོར་ལས་བྱང་ལུགས་བྱུང་བ་སྤྱིར་བརྗོད་པ། བྱང་ལུགས་མཁས་དབང་རིམ་བྱོན། ལེའུ་དགུ་པ་ཟུར་ལུགས་གསོ་རིག་དར་ཚུལ་གྱི་སྐོར་ལས་ཟུར་ལུགས་གསོ་རིག་བྱུང་ཚུལ་སྤྱིར་བཤད་པ། ཟུར་ལུགས་མཁས་དབང་རིམ་བྱོན། ལེའུ་བཅུ་པ་ཟུར་ལུགས་ཁམས་ཕྱོགས་སུ་དར་ཚུལ་སྐོར་ལས་ཁམས་ཕྱོགས་སུ་ཟུར་ལུགས་ཀྱི་རྨང་གཞི། དངུལ་ཆུ་བཙོ་བཀྲུའི་ལག་ལེན་སྐོར། མདོ་ཁམས་ཕྱོགས་ཀྱི་ཟུར་ལུགས་མཁས་དབང་། ལེའུ་བཅུ་གཅིག་པ་གཡུ་ཐོག་རྙིང་མའི་ལྷ་སྒྲུང་གི་སྐོར་ལས་རྣམ་ཐར་བཀའ་རྒྱ་མའི་སྐོར། མཁས་པ་རྣམས་ཀྱིས་སྒྲུང་དཔེ་དང་ལོ་རྒྱུས་མ་བསྲེས་པའི་སྐོར། དེང་དུས་གཡུ་ཐོག་རྙིང་མའི་སྐོར་གྱི་བགྲོ་གླེང་སོགས་ཕྲ་ཞིང་ཞིབ་པར་བཀོད་ཡོད་དོ། །


《བོད་ཀྱི་གསོ་རིག་ལོ་རྒྱུས་ཞང་བོད་སྙིང་ནོར》ཞེས་པའི་དེབ་ཀྱི་མཆོད་བརྗོད།

གྲུབ་མཐའི་ཆེད་དུ་མེས་པོའི་མཛད་རྗེས་དོར། །

སྲིད་དོན་ཆེད་དུ་རང་རིགས་ལོ་རྒྱུས་བསྒྱུར། །

ལ་རྒྱ་ཁར་ཁྱེར་རང་འདོད་ཅོད་པན་བཅིངས། །

གཅམ་བུའི་རྒྱལ་མཚན་བསྒྲེངས་མཁས་གངས་ཅན་པ། །

རང་སྐྱོན་མཐོང་ན་བོད་ཀྱི་ལ་རྒྱ་ཡིན། །

རང་འདོད་སྤང་ན་ཆོས་པ་ཡང་དག་ཡིན། །

རང་རིགས་གཅེས་ན་བྱང་ཆུབ་སེམས་དཔའ་ཡིན། །

རང་གི་ལོ་རྒྱུས་ཤེས་ན་མཁས་པ་ཡིན། །

གསོ་རིག་བསྟན་པ་ཏི་སེའི་གངས་ནས་དར། །

འབྱུང་བཞིའི་རྣམ་བཤད་གངས་ཅན་ལྗོངས་སུ་ཁྱབ། །

ཚན་རིག་ཤེས་བྱས་ཞང་བོད་རྒྱལ་ཁམས་བསྐྱངས། །

གཞན་ལུགས་མ་འདྲེས་བོད་ཀྱི་གསོ་རིག་མཆོག །

མེས་པོའི་གསོ་ཐབས་མན་ངག་ཡི་གེར་བཀོད། །

ཕྱི་ཡུལ་བརྟགས་པས་ནང་གི་ནད་རིགས་རྟོགས། །

ལུས་ཀྱི་ཟུག་རྔུ་སྨན་དཔྱད་ཐབས་ཀྱིས་བཅོམ། །

གསོ་རིག་གཙུག་རྒྱན་དཔྱད་བུ་ཁྲི་ཤེས་རྒྱལ། །

དཀར་ནག་རྒྱ་དང་ཁྲོམ་གྱི་སྨན་པ་དང་། །

རྒྱལ་ཁམས་ལྔ་ཡི་གསོ་རིག་མཁས་རྒུ་ལ། །

བོན་གྱི་སྨན་རྩིས་ཆོས་ཀྱི་ལུགས་བསྒྱུར་ནས། །

གདམས་ངག་སྤེལ་བའི་སློབ་དཔོན་བཻ་རོ་རྗེ། །

ལོ་ཆེན་རིན་བཟང་མཁས་པ་མི་དགུ་དང་། །

ཞང་སྟོན་ཤེར་འོད་སྤུ་རངས་སྨན་པ་བཞི། །

དྭགས་པོ་ལྷ་རྗེ་ཞང་ཞིག་དར་མགོན་སོགས། །

ཡན་ལག་བརྒྱད་པའི་ཕྲིན་ལས་བྱེད་པོ་ཉིད། །

གྲྭ་མངོན་པ་དང་རོག་སྟོན་དཀྲོན་མཆོག་སྐྱབས། །

གཡུ་ཐོག་མགོན་པོ་སུམ་སྟོན་ཡེ་ཤེས་གཟུངས། །

རྒྱུད་བཞི་འཆད་ཉན་ལྗོངས་འདིར་སྤེལ་བ་ལ། །

བསྟོད་པའི་དབྱངས་སྙན་མགྲིན་པའི་ལམ་ནས་འཁྲོལ། །

ཆེ་རྒུས་གཙུག་གིས་སྲིད་ཀྱི་ཁྲི་ལ་བཏེགས། །

གསོ་རིག་བསྟན་པ་གཙང་གི་ཡུལ་ལྗོངས་སྤེལ། །

མན་ངག་ཡིག་ཆུང་བོད་འབངས་སྤྱི་ལ་གནང་། །

བྱང་ལུགས་སྲོལ་འབྱེད་རྣམ་རྒྱལ་གྲགས་བཟང་རྗེ། །

རྒྱུད་བཞིའི་དགོངས་པ་དྲི་མེད་རང་མདངས་བཀྲལ། །

མན་ངག་བྱེ་བའི་གཏེར་གྱི་རིལ་བསྲེལ་བསྡུས། །

ནད་ཀྱི་ཟུག་རྔུ་ཐབས་ཀྱི་གཡབ་མོས་བཅོམ། །

ཟུར་ལུགས་སྲོལ་འབྱེད་མཉམ་ཉིད་རྡོ་རྗེའི་ཞབས། །

འབྱུང་བཞིའི་ཡོན་ཏན་བརྒྱ་དང་ང་བཞིར་ཕྱེས། །

རྒྱུད་བཞི་བཀའ་བསྟན་དབྱེ་བ་རིག་པས་བཀྲལ། །

མེས་པོ་དགྱེས་པའི་བཞད་སྒྲས་ཝ་སྐྱེས་འགེམས། །

རིག་པའི་སེང་གེ་བློ་གྲོས་རྒྱལ་པོ་ཉིད། །

སྲིད་ཀྱི་ཁྲི་ནས་གསོ་རིག་བསྟན་པ་སྤེལ། །

རིག་པའི་གཞུང་ལུགས་རི་མོའི་ལམ་དུ་བཀྲལ། །

གདམས་ངག་བདུད་རྩི་སློབ་གྲྭའི་དཔལ་དུ་བསྐྱིལ། །

མི་ཡི་དབང་པོ་སངས་རྒྱས་རྒྱ་མཚོ་རྒྱལ། །

ཕྱོགས་མཐའི་མཁས་པ་ཀུན་ལ་བརྩད་ཅིང་འདྲི། །

ས་གཞིའི་རི་ཀླུངས་ཀུན་ནས་སྔོ་ལྡུམ་བཙལ། །

ལྗོངས་འདིར་རྩི་ཤིང་མཐོང་ཚད་སྨན་དུ་བཀོལ། །

སྐྱེ་དངོས་མཁས་པའི་ཐོག་མ་དེའུ་དམར་བ། །

ལྔ་རིག་སློབ་གླིང་དཔལ་སྤུངས་རྒྱན་དུ་བསྐྲུན། །

ཟུར་ལུགས་གསོ་རིག་མདོ་ཁམས་ལྗོངས་སུ་དྲངས། །

མན་ངག་སྙིང་ནོར་གངས་ལྗོངས་ཡོངས་ལ་སྤེལ། །

སྨན་རྒྱལ་གཉིས་པ་བསྟན་པའི་ཉིན་བྱེད་ཞབས། །

དཀའ་གནད་མདུད་རྒྱུ་བཀྲོལ་མཁས་གླིང་སྨན་པ། །

ཕྱག་ལེན་མན་ངག་གཏེར་འཛིན་ངེས་ལེགས་ཞབས། །

ལོག་སྨྲའི་ཚང་ཚིང་གཅོད་མཁས་འབེ་ལོ་ཙཱ། །

ཟུར་ལུགས་མཁས་རྒུའི་གཙུག་རྒྱན་ཕྱག་གི་ཡུལ། །

ཁྱད་པར་མཁྱེན་ཀོང་གཉིས་དང་མི་ཕམ་སོགས། །

ཉེ་བརྒྱུད་གདམས་ངག་དྲོད་རླངས་མ་ཡལ་བར། །

བཀའ་དྲིན་རྣ་བའི་བཅུད་དུ་སྩོལ་བའི་མགོན། །

འཇམ་མགོན་བླ་སྨན་ཡོན་ཏན་ཕུན་ཚོགས་རྗེ། །

གསོ་རིག་བྱུང་ཁུངས་བོད་ཀྱི་ཡིག་ཚང་ཁག །

བདེན་པའི་དཔང་པོ་གྷི་རིག་ལོ་རྒྱུས་བཞག །

གྲུབ་མཐའི་ཞེན་གཏམ་དབྱིངས་སུ་སྐྱེལ་བ་ལ། །

དགག་སྒྲུབ་ལུང་རིག་ཆར་ལྟར་དབབ་ཏུ་གསོལ། །


 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།