《སྙན་ངག་རྒྱན་གསུམ་གསལ་བ་ཤེལ་གྱི་མེ་ལོང་གི་འགྲེལ་པ》ཞེས་པ་དངོས་སུ་པར་བསྐྲུན་འགྲེམ་སྤེལ་བྱས་པ།

[ཟླ་ཚེས། 2023-12-30 08:17:46][རྩོམ་པ་པོ། ཁྱུང་ནག་དོན་གྲུབ་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


《སྙན་ངག་རྒྱན་གསུམ་གསལ་བ་ཤེལ་གྱི་མེ་ལོང་གི་འགྲེལ་པ་དབྱངས་ཅན་བཞད་པའི་སྒྲ་དབྱངས་བློ་གསར་བྱིས་པའི་དགྱེས་སྟོན་རོལ་མོ》ཞེས་པ་པར་བསྐྲུན་འགྲེམ་སྤེལ་བྱས།

  སྤྱིར་བོད་ཀྱི་རིག་གནས་ལ་ཕྱི་ཐུན་མོང་གི་རིག་གནས་དང་། ནང་ཐུན་མོང་མ་ཡིན་པའི་རིག་གནས་གཉིས་སུ་ཡོད་ལ། སྙན་ངག་གམ་ཚིག་རྒྱན་རིག་པ་ནི་ཕྱི་ཐུན་མོང་གི་རིག་གནས་ཡིན་པས། དེ་ནི་ནང་པའི་གྲུབ་མཐར་ཤུགས་ཡོད་པའམ་མེད་པ། ཡང་ན་རང་སྡེ་དང་གཞན་སྡེ་ཐམས་ཅད་ཀྱིས་ཐུན་མོང་གི་སྦྱང་བྱར་བཟུང་ཆོག་ཆོག་ཅིག་ཡིན་པ་དང་། ཁྱད་པར་དུ་བོད་ཀྱི་རྩོམ་རིག་སྒྱུ་རྩལ་ལ་སྤྲོ་སྣང་ཡོད་པ་དང་དོན་གཉེར་ཡོད་པ་རྣམས་ལ་ཆེས་མེད་དུ་མི་རུང་བ་ཞིག་ཡིན་པ་མ་ཟད། རྩ་བའི་ཆ་ནས་བཤད་ན་སྙན་ངག་གི་བསྟན་བཅོས་ནི་བཅུ་ཕྲག་རིག་གནས་ཀྱི་རྩ་བའམ་གཞུང་ཤིང་ལྟ་བུར་གྱུར་ཡོད་གཤིས། སྙན་ངག་རིག་པའི་རྒྱུན་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་དུ་གཏོང་རྒྱུ་ནི་ཀུན་ལ་འགན་འཁྲི་ཡོད་པ་སྨོས་མ་དགོས་པ་ཞིག་རེད།

  དེར་བརྟེན། ཇི་སྐད་དུ། སྙན་ངག་ཤེལ་གྱི་མེ་ལོང་ལས། དབྱངས་ཅན་ལྷ་མོའི་ཞལ་གྱི་ལུང་། །ཕྱི་ནང་གསང་བའི་མེ་ལོང་གསུམ། །རྒྱ་གར་སྟག་གཟིག་བོད་དུ་གྲགས། །གསང་བ་འདི་ནི་གཙང་གཤེན་ལགས། །ཞེས་གསུངས་པ་ལྟར། སྤྱི་ལོའི་དུས་རབས་བརྒྱད་པའི་སྟོད་ཀྱི་ཆར་དབྱངས་ཅན་ལྷ་མོས་གཙང་གཤེན་སྙན་ངག་རང་གྲོལ་ལ་ཞལ་དངོས་སུ་བསྟན་ནས་སཾསྐྲྀཏ་ལྷའི་སྐད་ཀྱིས་ལུང་དུ་བསྟན་པ་དེ། གཙང་གཤེན་ཆེན་པོས་བོད་རང་སྐད་དུ་བསྒྱུར་ཅིང་གཏན་ལ་ཕབ་པའི་སྙན་ངག་ཤེལ་གྱི་མེ་ལོང་མ་ཞེས་བྱ་བ་འདི་ནི། བོད་གངས་ཅན་གྱི་ཚིག་རྒྱན་རིག་པའི་བསྟན་བཅོས་ཀུན་གྱི་ཐོག་མའམ་མ་ཡུམ་ལྟ་བུར་གྱུར་ཡོད་ནའང་། དུས་རབས་བརྒྱད་པའི་དཀྱིལ་ཙམ་ནས་བཟུང་བོན་གྱི་རིག་གནས་ལ་ཆག་ཆེན་ཉམ་ང་རབས་དང་རིམ་པར་བྱུང་བའི་རྐྱེན་གྱིས་སྙན་ངག་གི་རྩ་བ་འདིའང་རླུང་ནང་གི་མར་མེ་བཞིན་དུ་རྒྱུན་ཆད་ལ་ཉེ་བ་ཞིག་ཏུ་གྱུར་པ་དང་། དེ་མཚུངས་སུ་ད་ལྟའི་བོད་མི་རྣམས་བོན་གྱི་རིག་གནས་ལ་རྒྱུས་མངའ་མེད་ཅིང་། བོན་གྱི་རིག་གནས་ནི་བོད་ཀྱི་རིག་གནས་མ་ཡིན་པར་ཡན་གར་བའི་རིག་གནས་ཤིག་ཏུ་ངོས་འཛིན་ཆགས་ཡོད། དེ་ལྟ་བུའི་དབང་གིས་སྙན་ངག་མེ་ལོང་གི་རྩ་བ་དེ་ལ་རྒྱས་འབྲིང་བསྡུས་གསུམ་ཡོད་ཅེས་བཟླས་ན་ནི། བོད་མི་ཕལ་ཆེ་བས་གཏན་ནས་མཐོང་ཐོས་བྱུང་མྱོང་མེད་པའམ་ཡང་ན་དེ་འདྲར་ཡིད་མི་ཆེས་པ་ལྟ་བུར་གྱུར་ཡོད་པས། རང་རེའི་རིག་གནས་རྩ་ཆེན་འདི་འདྲ་དག་ཤེས་མེད་ཚོར་མེད་ཀྱི་ངང་ནས་འབྱུང་གཞིའི་ཁམས་སུ་ཐིམ་འགྲོ་བ་ནི་ཧ་ཅང་ཡིད་ཕངས་པའི་གནས་སུ་གྱུར་ཡོད་པ་སྨོས་ཅི་དགོས།

  ཡིན་ནའང་ད་ལྟའི་ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་པའི་དབུ་ཁྲིད་འོག རྒྱལ་ཁབ་ཀྱི་རིགས་སོ་སོའི་མི་དམངས་ཀྱི་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་དར་སྤེལ་བྱེད་པའི་ཇུས་བཟང་དང་བསྟུན་ནས། བོད་མི་རིགས་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་རིག་གནས་ལ་ཤ་ཚ་ཞིང་སྙིང་ཉེ་བའི་སྒོ་ནས་མྱུར་སྐྱོབ་དང་དར་སྤེལ་གྱི་ཚུལ་གྱིས་སྙན་ངག་ཤེལ་གྱི་མེ་ལོང་གི་འགྲེལ་པ་རྩོམ་པའི་ཁུར་དེ་རང་ཉིད་ཀྱིས་དང་དུ་བླངས་པ་ཡིན།

  དེ་ཡང་གཙང་གཤེན་སྙན་ངག་རང་གྲོལ་གྱིས་མཛད་པའི་སྙན་གཞུང་འདི་ནི་བོད་རང་གི་མཁས་པས་བརྩམས་ཤིང་ལོ་རྒྱུས་ཀྱི་རྒྱུན་རིང་བའི་ཁར། ཚིག་གི་ལོ་མ་མང་ཞིང་དོན་གྱི་འབྲས་བུ་མེད་པ་ལྟ་བུའམ་དཀའ་གནད་དོར་ཏེ་ཉོག་བཤད་ཀྱིས་བཀང་བ་ལྟ་བུ་མ་ཡིན་པར། དཔྱད་གསུམ་རྣམ་པར་དག་པས་གཏན་ལ་ཕབ་པ་ཞིག་དང་། རྗོད་བྱེད་ཚིག་གི་འགྲོས་དང་བརྗོད་བྱ་དོན་གྱི་སྦྱོར་སྟངས་གང་གི་ཐད་ནས་ཀྱང་། བོད་རང་གི་ཐུན་མོང་མ་ཡིན་པའི་རྩོམ་རིག་སྒྱུ་རྩལ་གྱི་ཁྱད་ཆོས་གཞན་ལས་ཆེ་ཞིང་འབུར་དུ་ཐོན་པ་ཞིག་སྟེ། ལུས་རྒྱན་སྐྱོན་སེལ་གྱི་མཚན་ཉིད་དང་མཚན་གཞིའི་དཔེར་བརྗོད་རྣམས་ཁ་གསལ་ཞིང་གོ་བདེ་བ། ཚིག་གྲིམས་ཤིང་དོན་འདུས་པ། འཇུག་བདེ་ཞིང་ཤེས་སླ་བ། ལེགས་བཤད་ཆེ་ཞིང་རྒྱས་བསྡུས་འཚམ་པ་སོགས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དུ་མས་བརྒྱན་པའི་སྙན་གཞུང་ཁྱད་དུ་འཕགས་པ་ཞིག་ཡིན་པ་མ་ཟད། དེ་ནི་དཔེ་རྒྱུན་དཀོན་ལ་འགྲེལ་བའང་ཤིན་ཏུ་ཉུང་བ་ཞིག་ཏུ་གྱུར་ཡོད།

  རྒྱུ་མཚན་དེ་འདྲའི་དབང་གིས་སྙན་ངག་ལ་དུང་ཞེན་ཆེ་བའི་རང་མཉམ་བློ་དམན་རྣམས་དང་། རྩོམ་རིག་ལ་གསར་དུ་འཇུག་པའི་སློབ་གྲྭའི་སློབ་མ་དག་དང་། ཡང་ན་ཕྱི་རབས་ཀྱི་སྙན་ངག་ལ་སྦྱང་བརྩོན་ཆེ་བ་དང་ཞིབ་འཇུག་གནང་མཁན་ཚོར་ཕན་སླེབས་ཆེ་བར་དམིགས་ནས། །སྙན་ངག་གི་གཞུང་རྒྱས་བསྡུས་ཤིན་ཏུ་འཚམ་པ་འདིའི་སྟེང་ནས། སྙན་འགྲེལ་ཞིག་འབྲི་ཐུབ་ན་ཅི་མ་རུང་སྙམ་པའི་ཀུན་སློང་གཙང་མ་ཞིག་གིས་ཀུན་ནས་བསླངས་པ་དང་། གཞན་ཡང་ད་ལྟའི་གནའ་བོའི་ཞང་ཞུང་གི་རྐང་རྗེས་འཚོལ་བའི་ཚ་རླབས་ཤིག་འཕྱུར་བཞིན་པའི་བསྐལ་བཟང་ཇུས་ལེགས་ཀྱི་དུས་དང་བསྟུན་ཏེ། སྙན་གཞུང་གང་གི་ཕྲིན་ལས་ཕྱོགས་མེད་དུ་འཕེལ་ཐུབ་པའི་ཆེད་དུ། འགྲེལ་པ་ཞིག་འབྲི་འདུན་ཡོད་པའི་ཀུན་སློང་ལྡོག་ཏུ་མེད་པ་ཞིག་གིས་སྣེ་དྲངས་ཏེ། དུས་རབས་དང་མཐུན་པའི་སྙན་ངག་གི་འགྲེལ་པ་ཁ་གསལ་གོ་བདེ་ཞིག་དང་། གོ་དཀའ་བའི་བརྗོད་བྱའི་རིགས་ལ་འབྲུ་འགྲེལ་དང་དོན་འགྲེལ་གང་རུང་དང་ཡང་ན་ཆེས་གོ་སླ་བས་མཆན་འགྲེལ་སྟབས་བདེ་དང་། རྗོད་བྱེད་ཤུགས་བསྟན་གྱི་རིགས་ལ་ངོ་མཚར་བའི་རིག་བྱེད་ཀྱི་གཏམ་རྒྱུད་ལྟ་བུས་གསལ་བར་བརྗོད་ཡོད་ལ། དེ་མཚུངས་སུ་གང་གི་རྩ་ཚིག་ལ་འབྲུ་འགྲེལ་བཏབ་པ་གཞིར་བྱས། གནས་ལྔ་རིག་པའི་དོན་ལ་གཞན་དྲིང་མི་འཇོག་པའི་མཁས་ཤིང་གྲུབ་པའི་དབང་པོ་རྒྱལ་དབང་ཀུན་གྲོལ་གྲགས་པ་དང་། པཎྚི་ཏ་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན་གཉིས་ཀྱི་དཔེར་བརྗོད་ཆ་ཚང་ལ་འགྲེལ་བ་བཏབ་པ་དང་། གཞན་ཡང་བོན་གྱི་སྤྱན་ལྡན་ཆེན་པོ་འགའི་དཔེར་བརྗོད་རེ་གཉིས་བཅས་གནས་ལྔ་རིག་པའི་མ་ཧཱ་པཎྚི་ཏ་ཆེན་པོ་རྣམས་ཀྱིས་མཛད་པའི་སྙན་ངག་གི་དཔེར་བརྗོད་དག་ལ་འགྲེལ་བ་རེ་དང་། ཞོར་དུ་རང་ཉིད་ཀྱིས་རྣམ་གསལ་དཔེར་བརྗོད་རེ་བཞག་ནས། ཕྱི་རབས་བྱིས་པ་རྣམས་འཇུག་བདེ་བའི་སྙན་འགྲེལ་ཆ་ཚང་དཀྱུས་སུ་བཀོད་པ《སྙན་ངག་རྒྱན་གསུམ་གསལ་བ་ཤེལ་གྱི་མེ་ལོང་གི་འགྲེལ་པ་དབྱངས་ཅན་བཞད་པའི་སྒྲ་དབྱངས་བློ་གསར་བྱིས་པའི་དགྱེས་སྟོན་རོལ་མོ》ཞེས་བྱ་བ་འདི་ཉིད་བརྩམས་པ་ཡིན།

  དེ་ཡང་བན་བོན་ཕྱོགས་གཉིས་ཀྱི་རྩོད་མེད་ཀྱི་མཁས་པའི་དབང་པོ་དག་གི་མདུན་ནས་སྙན་ངག་གི་གཞུང་མང་པོའི་བཀའ་ཁྲིད་ཐོབ་ཅིང་ཐོས་བསམ་ཡང་ཡང་བྱས་པ་དང་ལྷན་དུ། དེ་དག་ལ་དཔེར་བརྗོད་ཆ་ཚང་བཞག་པའི་བཀའ་དྲིན་ལ་བརྟེན་ནས་སྙན་འགྲེལ་རྩོམ་པའི་སྤོབས་པ་ཅུང་ཟད་རྒྱས་པ་གཞིར་བྱས། སྙན་ངག་གི་བསྟན་བཅོས་སྔ་འགྲེལ་རྣམས་ལ་ཁུངས་བཅོལ་ཞིང་ལེགས་པའི་ཆ་རྣམས་སྡུད་ཅི་ཐུབ་དང་། བན་བོན་གྱི་སྙན་འགྲེལ་ནང་ཕན་ཚུན་གོ་བསྡུར་ཞིང་གོ་དཀའི་བརྡ་རྣམས་ཁ་གསལ་བར་བྱས་པ། བརྗོད་བྱ་དང་རྗོད་བྱེད་ཕན་ཚུན་མ་འཁྲུགས་པ་བཅས། གཙང་གཤེན་སྙན་ངག་གི་འགྲེལ་བ་ལེགས་པར་གྲུབ་པ་འདི་ལ། མཁས་པའི་དགོངས་དོན་མ་ལོན་པའི་ཉེས་པ་དང་། དོན་ལོག་པར་བཀྲལ་བའི་སྐྱོན་ཆ་སོགས། མ་བཤད་ཉེས་བཤད་ཉོག་བཤད་ཀྱི་སྐྱོན་གང་མང་མང་ཐོན་སྲིད་པས། ལྔ་རིག་མཁས་པའི་དབང་པོ་རྣམས་ཀྱི་སྤྱན་སྔར་བཟོད་པར་གསོལ་བ་དང་མཉམ་དུ། ལེགས་པའི་ཆ་ཅུང་ཙམ་མཆིས་ཚེ་ཚིག་རྒྱན་རིག་པའམ་སྙན་ངག་གི་བསྟན་བཅོས་འདི་ཕྱོགས་བཅུ་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། རྩོམ་པའི་བྱ་བར་སྤོབས་པ་མཆོག་ཏུ་རྒྱས་ཤིང་། ལེགས་བཤད་སྨྲ་བའི་ངག་རིག་མཁས་པས་ཡངས་པའི་ས་སྟེང་ཐམས་ཅད་ཡོངས་སུ་ཁྱབ་པའི་སྨོན་འདུན་ཡག་པོ་ཞིག་ཞུས་པ་ལགས། ཐ་ཚན་མུ་ཙུག་སྨྲ།




 


རྩོམ་པ་པོ་ངོ་སྤྲོད།

  དོན་གྲུབ་རྒྱལ། ༡༩༦༢ལོར་མཚོ་སྔོན་རེབ་གོང་དུ་སྐྱེས། ༧༧ལོར་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་ནས་སློབ་མཐར་ཕྱིན་ཏེ་ཕ་ཡུལ་རེབ་གོང་ས་ཆའི་སློབ་ཆུང་དགེ་རྒན་བྱས། ༡༩༨༢ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་ཟབ་སྦྱོང་འཛིན་གྲྭར་ཞུགས་ནས། མཁས་པའིདབང་པོ་ཤར་གདོང་རིན་པོ་ཆེ་སོགས་དགེ་བའི་བཤེས་གཉེན་དུ་མའི་མདུན་ནས། བོད་ཀྱི་སྙན་ངག་དང་། ཆབ་ཤོག རྩོམ་རིག་སོགས་ཐུན་མོང་རིག་གནས་ཀུན་ལ་སྦྱངས་པ་མཐར་ཕྱིན་པ་བྱས་ཏེ། ཕྱིར་ཕ་ཡུལ་དུ་ཕྱིན་ཅིང་སློབ་འབྲིང་དགེ་རྒན་ཚད་ལྡན་ཞིག་བྱས། ༡༩༨༨ལོར་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་ཞུགས་ཏེ། བསེ་ཚང་བློ་བཟང་དཔལ་ལྡན་སོགས་གངས་ཅན་མཁས་པའི་དབང་པོ་དག་གི་མདུན་ས་ནས། བོད་ཀྱི་རིག་གནས་སྤྱི་དང་། ཁྱད་པར་སྙན་ངག་དང་སྒྲ་ཚད་རིག་པར་སྦྱངས་པ་མི་དམན་པ་བྱས་པ་སོགས། སློབ་ཆེན་སློབ་མའི་ཆེད་སྦྱོང་མཐར་ཕྱིན་འཛིན་ཡིག་བླངས། ཕྱིར་ཕ་ཡུལ་དུ་ལོག་ནས་མི་རིགས་སློབ་གསོའི་བྱ་གཞག་གཙིགས་ཆེན་དུ་བཟུང་ནས། སྔ་ཕྱིར་སྨད་པ་སློབ་འབྲིང་དང་རེབ་གོང་མི་རིགས་སློབ་འབྲིང་གི་དགེ་རྒན་བྱས་ཤིང་། ལོ་ལྟར་འཛིན་གྲྭའི་གཙོ་བདག་གི་འགན་ཁུར་ནས། ལས་འཁྱུར་ངལ་གསོ་མ་བྱས་བར་དུ་སློབ་འབྲིང་གི་དགེ་རྒན་རྐང་འཛིན་པ་བྱས། གཞན་དབྱར་གནང་དང་དགུན་གནང་གི་དུས་ཚོད་བེད་སྤྱད་དེ། མཁས་གྲུབ་བོན་བརྒྱ་རིན་པོ་ཆེ་སོགས་བོན་གྱི་བཤེས་གཉེན་དུ་མ་བསྟེན་ནས། བོན་གྱི་ཐུན་མོང་རིག་གནས་སྙན་ངག་ནག་རྩིས་དང་། ཐུན་མོང་མ་ཡིན་པ་མདོ་སྔགས་རྫོགས་གསུམ་ལ་འཆད་ཉན་དང་ཞིབ་འཇུག་ལེགས་པར་བགྱིས། མཐར་མི་ལོ་སོ་གཉིས་རིང་ཁུར་བའི་མི་རིགས་སློབ་གསོའི་བྱ་བ་གཟི་བརྗིད་ཅན་དེ་བདེ་བླག་ངང་ཕྲག་ལས་ཕབ་ནས༢༠༠༩ལོར་ལས་འཁྱུར་ངལ་གསོ་བྱས་པའོ། །

  འབྲེལ་གཏུགས་ཁ་པར། 15509738005

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།