ཀླུ་ཕུག་དགོན་ནས་གཤེན་རྩིས་ཀྱི་ཤིང་འབྲུག་ལོའི་ལོ་ཐོ་པར་སྐྲུན་འགྲེམ་སྤེལ་བྱས་པ།

[ཟླ་ཚེས། 2023-12-29 09:29:05][རྩོམ་པ་པོ། རྩོམ་སྒྲིག་ཚན་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


ཀླུ་ཕུག་དགོན་ནས་གཤེན་རྩིས་ཀྱི་ཤིང་འབྲུག་ལོའི་ལོ་ཐོ་པར་སྐྲུན་འགྲེམ་སྤེལ་བྱས་པ།

  དེ་ཡང་ད་ལམ་ཁམས་སྟོད་བོན་གྱི་གྲྭ་ས་ཀླུ་ཕུག་དགོན་པ་ནས་འབྱུང་ལྡན་༣༠༡གི་ནང་ཚན་ཤིང་འབྲུག་ལོའི་ལོ་ཐོ་འདི་ཡི་རྩིས་གཞི་ནི་བོན་གྱི་མཁས་གྲུབ་ཆེན་པོ་ཚུལ་ཁྲིམས་རྒྱལ་མཚན་དཔལ་བཟང་པོའམ་། ཡོངས་གྲགས་ལས་གཤེན་མཁས་གྲུབ་ཤྲཱི་ལ་དྷཱ་ཛ་མཆོག་གིས་བོན་དང་གཤེན་གྱི་མདོ་རྒྱུད་ཕལ་ཆེར་དང་། ཞང་བོད་རྒྱ་རྩིས་རྙིང་མའི་དགོངས་དོན་དང་འབྲེལ་བའི་གཤེན་གྱི་རྩིས་གསར་རྣམ་དག་དང་། ཡོངས་འཛིན་དཔོན་སློབ་ཚུལ་རྒྱན་མཆོག་གིས་དེ་ལ་བརྟེན་ནས་མཛད་པའི་གནམ་དཔྱད་སྐར་རྩིས་གཞུང་དྲུག་གི་སྒོ་ནས་ཕབས་པ་ཞིག་ཡིན། འདི་ནི་རང་ལུགས་ཀྱི་ཁྱད་བོན་དུ་མ་དང་ལྡན་པའི་རྩ་ཆེའི་རིག་གཞུང་ཞིག་ཡིན་ནའང་བར་ལམ་འདིའི་སྐོར་མཁས་དབང་ཤེས་རབ་མཆོག་ལྡན་རིན་པོ་ཆེའི་ཞལ་སློབ་རྒན་སྨན་རྩིས་ཙ་ཀྲ་ལས་གཞན་དེའི་རྒྱུད་འཛིན་དང་ལོ་ཐོ་ཕབ་མཁན་སོགས་ཉུང་བའི་རྐྱེན་གྱིས་གཤེན་རྩིས་འདི་ཉིད་ཉག་ཕྲའི་གནས་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནའ་བོའི་རིག་གཞུང་རྒྱུད་འཛིན་དང་དར་སྤེལ་དགོས་པའི་བླངས་བྱ་སོགས་རྒྱུ་རྐྱེན་མང་པོ་ལ་གཞིགས་ཏེ། རང་དགོན་གྱི་དཔོན་སློབ་དང་ཀྲུང་གོའི་པེ་ཅིང་མཐོ་རིམ་ནང་བསྟན་སློབ་གླིང་གི་དགེ་རྒན་ཆེན་མོ་ཤེས་རབ་གཡུང་དྲུང་གཙུག་ཕུད་རིན་པོ་ཆེའི་བཀའ་དགོངས་བཞིན་ཁམས་སྟོད་བོན་གྱི་གྲྭ་ས་ཀླུ་ཕུག་དགོན་ ༧ཐེག་ཆེན་གཡུང་དྲུང་བོན་བཤད་སྒྲུབ་འདུས་སྡེ་ནས་འདི་བཞིན་རང་ལུགས་གཙང་མའི་ལོ་ཐོ་ཞིག་འགྲེམ་སྤེལ་ཞུས་ཏེ་རྒྱ་ཆེའི་གཟིགས་མོ་བ་ཚོའི་སྤྱན་ལམ་དུ་བསྟར་རྒྱུ་ཡིན། དེ་ཡང་གཤེན་མཁས་མཆོག་གི་ཞལ་ནས། ས་ལ་རི་མོ་བྱས་པ་ཡིས། །ནམ་མཁའི་གཟའ་སྐར་བརྟན་གཡོ་སོགས། །འཁོར་འདས་ཐམས་ཅད་གཏན་ལ་འབེབས། །དེ་ཕྱིར་དེ་ལ་འཇུག་འདོད་ན། །འདི་སྐོར་གཅེས་པར་བྱ་ལ་ཟུངས། །ཞེས་གསུངས་པ་བཞིན་དུས་གཟེར་སོགས་དགོངས་དོན་རྣལ་མ་སོར་བཞག་གིས་ཕབས་བསྒྱུར་ཞུས་པ་མ་ཟད་ནག་རྩིས་སྣང་སྲིད་མེ་ལོང་ལྟར་གྱི་ཀེག་རྩིས་སོགས་བཀོད་ཡོད། ང་ཚོའི་གནམ་རིག་སྐར་རྩིས་འཛིན་གྲྭའི་ངོས་ནས་ད་ལམ་ལས་དང་པོ་བ་ལྟ་བུ་དང་ད་དུང་སློབ་གླིང་གི་བར་གསེང་དུ་མ་གཏོགས་དུས་ཚོད་ཐུང་རྐྱེན། འདིར་སྐྱོན་དང་ནོར་འཁྲུལ་འབྱུང་སྲིད་པས་རྩིས་རམས་མཁས་པའི་སྤྱན་སྔར་བཤགས་ཤིང་། ཡང་ཞང་བོད་རང་ལུགས་ཀྱི་ཁྱད་གཞི་དང་ཡོན་ཏན་དུ་མའང་ལྡན་པས་གཤེན་གྱི་བསྟན་ལ་སྲི་ཞུ་ཡོང་བའི་འདུན་པ་དང་། འདི་ཕྱོགས་ལ་མོས་པའི་རྒྱ་ཆེའི་གཟིགས་མོ་བ་ཚོས་བྱ་བ་གང་བརྩམ་རུང་གཟའ་སྐར་འབྱུང་འཕྲོད་སོགས་ལེགས་སྤེལ་ཉེས་འགོག་གི་ལམ་སྟོན་དམིགས་བུ་ལྟར་ཕན་པ་ཆེན་པོ་ལྡན་སྟབས་དག་སྣང་དང་ཡིད་ཆེས་ཆོག་པར་ཞུའོ། །

2023ལོའི་ཟླ་12ཚེས་28ཉིན། ཀླུ་ཕུག་དགོན་ ༧ཐེག་ཆེན་གཡུང་དྲུང་བོན་བཤད་སྒྲུབ་འདུས་སྡེའི་ལྔ་རིག་དཔེ་མཛོད་ཁང་ནས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།