ལྷ་ཚོགས་ཙི་ཏ་པར་དུ་བསྐྲུན་པ།

[ཟླ་ཚེས། 2023-04-11 21:45:26][རྩོམ་པ་པོ། གཟི་ཡ་ཝེར།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

བོན་ལུགས་ཀྱི་གཤིན་ཆོག་གདུང་བསྲེག་འབྲུ་བཀོད་རྒྱས་སྤྲོས་ལྷ་ཚོགས་ཙི་ཏ་བཞུགས།
   བོན་ལུགས་ཀྱི་གཤིན་ཆོག་གདུང་བསྲེག་འབྲུ་བཀོད་རྒྱས་སྤྲོས་ལྷ་ཚོགས་ཙི་ཏ་ཞེས་པ་འདི་འདྲ་ཞིག་འབྲི་དོན་ནི། གཅིག་ནས་དེང་སྐབས་སྤྱི་ཚོགས་ཁྱོན་དང་ལྷག་ཏུ་ང་ཚོའི་ཕ་ཡུལ་གྱི་གཞོན་སྐྱེས་དག་སྤྱི་ཚོགས་ཁྲ་ཁྲ་ཟིང་ཟིང་ལ་མགོ་འཁོར་བའམ། མི་རིགས་གཞན་གྱི་ཤན་ཞུག་ཆེ་བ་སོགས་རྒྱུ་མཚན་མང་པོ་ཞིག་གིས་རང་མི་རིགས་ཀྱི་ལྟ་བ་དང་། ཆོས་ལུགས། སྲོལ་རྒྱུན་རིག་གནས་ཡོད་ཚད་ཉམ་རྒུད་དུ་འགྲོ་བཞིན་པ་འདི་ལ་ཉམ་པ་སོར་ཆུད་ཀྱི་གྲོགས་སུ་རྒྱ་མཚོའི་ནང་གི་ཆུ་ཐིག་དུ་ཨེ་ཡོང་བསམ་པའི་འདུན་པ་དང་། གཉིས་ནས་བདག་ཅག་རྫོགས་པའི་སངས་རྒྱས་ཀྱི་བཀའ་དྲི་མ་མེད་པ་ལས་བཞི་རྒྱུན་ལྔ་ལ་ནང་སོ་ཁྲོ་ཁྱུང་ནམ་མཁའ་དབང་ལྡན་ནམ་ཁྱུང་བཙུན་མུ་ལས་དམིགས་སུ་བསྲེག་གཞུང་ཀྱི་ཆ་ལག་ལྟ་བུ་སྟེ་ཡི་གེ་གོ་བགོ་ཏིང་འཛིན་དང་ཚིག་བཤད་སོགས་མཛད་ནས་དར་སྤེལ་རྒྱ་ཆེར་བཏང་། དེ་ནས་རྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་དང་སྨན་རིའི་མཁན་ཆེན་ཉི་མ་བསྟན་འཛིན་མཆོག་རྣམ་གཉིས་ཀྱིས་དེ་ལྟར་དར་སྤེལ་རྒྱ་ཆེར་བཏང་བ་དང་། དེ་ནས་དུས་རབས་བཅུ་དགུ་པའི་ནང་དུ་ཁྱུང་སྟོད་ག་ཐ་རུ་སྐུ་འཁྲུངས་པའི་ཤེལ་སྟོན་ཚེ་དབང་བདེ་ཆེན་སྙིང་པོའམ་ག་ཤེལ་ཁྲི་ཆེན་གྱིས་ཀུན་རིག་ཆོ་གའི་སྐོར་ལ་དོ་སྣང་ཆེན་པོ་གནང་ནས་གཙོ་སྟོང་འཁོར་བརྒྱ་བླུག་པའི་སྲོལ་གཏོད་པ་དང་། རྒྱལ་མཚན་མགོ་ལ་སྟག་མགོ་ཡོད་པ། འབྲུ་བཀོད་སྐབས་ཚེ་འདས་ཀྱི་སྤྱི་གཙུགས་ལ་རིག་ལྔའི་ས་བོན་འགོད་དགོས་པ་ལ་རིག་ལྔའི་སྐུ་ལ་རིག་ལྔའི་ས་བོན་དང་རིགས་རྟགས་བཅས་ཡོད་པ་གཙོ་བཞི་མཐོ་བརྩེགས་ཀྱི་ཏོག་ཡོད་པའི་མེ་གཞུ། ཞེས་པ་སོགས་ཀུན་རིག་ཆོ་གའི་སྐོར་ལ་གསར་གཏོད་གང་མང་བྱས་ཡོད་པ་ལས།  བཏག་གྲོལ་དང་། གདུང་བསྲེག་ཆེ་ཆུང་གི་འབྲུ་བཀོད། མེ་གཞུ་བཅས་ཤིང་པར་བསྐོས་ཡོད། དེའི་ནང་གི་འབྲུ་བཀོད་དེ་ཚེ་འདས་ཀྱི་ལུས་གནས་སུ་བཀོད་ཐབས་ཡི་གེ་ཁ་གསལ་ཅན་ཞིག་མཐོང་ཡས་མེད་པས་རང་གཞན་ཀུན་ལ་དེའི་སྐོར་ནས་དཀའ་ཁག་མི་ཉུང་པ་འཕྲད་བཞིན་ཡོད་པ་མངོན། དེའི་ཕྱིར་གུས་པས་ལོ་ཤས་རིང་དཀའ་ངལ་བརྒྱབ་ནས་ཁ་གསལ་གོ་བདེ་ཡིན་ཚུལ་གྱི་དཔྱད་དེབ་ཆུང་ཆུང་འདི་འབྲི་རྒྱུའི་འདུན་པ་སྐྱེས་ཏེ་ཀུན་རིག་གི་གཞུང་དང་ལྷག་ཏུ་གདུང་བསྲེག་ཆེ་ཆུང་སྟེ་བསྲེག་གཞུང་ཆེ་བ་ཡི་གེ་འཁོར་ལོ་དང་། བསྲེག་གཞུངས་ཆུང་བ། ནང་སོ་ཁྲོ་ཁྱུང་ནམ་མཁའ་དབང་ལྡན་ནམ་ཁྱུང་བཙུན་མུ་ལའི་ཡི་གེའི་གོ་བགོ་གསུམ་ལ་གཞི་བཅོལ་ནས། ག་ཤེལ་ཁྲི་ཆེན་མཆོག་གི་ཞལ་བཀོད་ཤིང་སྤར་རྙིང་པ་དང་དཔེ་རྙིང་འབྲུ་བཀོད་ཤོག་རྒྱུག་ཁག་གིས་ཟུར་བརྒྱན། བྱང་ཁོག་ཡུལ་ཐིག་སོགས་འབྲེལ་ཡོད་ཀྱི་སྨན་གཞུང་ཁག་གིས་ཁ་བསྐང་། དེ་བཞིན་ཤེས་ཡོན་ཅན་གྱི་སྔགས་འཆང་པའམ་མཁས་དབང་མང་པོའི་ཞབས་ལ་གཏུགས་ནས་བཀའ་འདྲི་ཡང་ཡང་ཞུས་པ་སོགས་གཞིར་བཞག་ནས། གུས་རང་གསང་སྔགས་ཆོ་ག་ཕྱག་ལེན་དང་གསོ་རིག་སྐོར་གྱི་གྲུབ་པ་ལུས་སོགས་ལ་རྒྱུས་མངའ་ཅུང་ཡོད་པ་དང་། རོ་བཀྲ་དང་དེང་རབ་གློག་པར་གྱི་ལམ་ན་གསལ་བའི་ལུས་བཀྲ་རྣམས་རེ་རེ་བཞིན་དུ་ཞིབ་པར་བལྟས་ནས་འབྲུ་བཀོད་ཀྱི་གཞུང་ཚིག་དང་ལུས་གནས་རྣམས་གང་ཐུབ་ཅི་ཐུབ་ཀྱི་ཁ་གསལ་པོར་བྱས་ཡོད། འོན་ཀྱང་དཔྱད་གཞིའི་ཡིག་ཆ་ཉུང་བ་དང་། རང་ཉིད་ཤེས་ཡོན་གྱི་ཆུ་ཚད་ཞན་པ་སོགས་ཀྱིས་དེ་འདྲའི་ཆ་ཚང་བ་དང་སྤུས་དག་པ་ཞིག་རེད་མེད་ཀྱང་། གོང་སྨྲོས་རྒྱུ་མཚན་དག་དང་། འདིའི་སྐོར་ལ་དཔེ་ཆ་ཁ་གསལ་ལྟ་བདེ་མེད་པའི་སྟོང་ཆ་སོགས་དགོས་ཆེད་དུ་མར་དམིགས་ནས་ད་ཐེངས་ཚོད་ལྟའི་ཚུལ་དུ་པར་བསྐྲུན་བཟོས་པ་ཡིན། མ་འོངས་པར་འབྲེལ་ཡོད་ཀྱི་ཡིག་ཆ་བཙལ་འཚོལ་དང་། དཔྱད་ཞིབ་བསྐྱར་ལྟ་བྱེད་ནས་ནོར་བ་བཅོས་པ་དང་། ཆད་པ་སྐོང་བ་སོགས་འདི་ལས་འཐུས་སྒོ་ཚང་བའི་དཔྱད་པ་གཏོང་ནས་སླར་ཡང་དཔར་སྐྲུན་བྱེད་པའི་འཆར་གཞི་ཡོད། ད་ལྟའི་དེབ་ཆུང་འདི་ལ་ནོར་བ་དང་ཆད་པ། མ་འགྲིག་པ་གང་ཡོད་མཛུབ་སྟོན་དང་འབྲེལ་ཡོད་ཀྱི་ཡིག་ཆ་སོགས་མཁོ་འདོན་གནོངས་པའི་རེ་བ་དང་བཅས་སོ།།
གཟི་ཡ་ཝེར་ནས།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།