《ཐོས་དཔྱད་གསེར་གྱི་སྐར་ཁུང》ཞེས་པ་པར་སྐྲུན་འགྲེམ་སྤེལ་བྱས།

[ཟླ་ཚེས། 2022-09-20 16:48:08][རྩོམ་པ་པོ། ཐོ་རེངས་འོད་གསལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

གླེང་གཞི།

  འདིར་གླེང་བར་བྱ་བ་ནི་དཔྱད་གཏམ་འདི་ནི་ཚད་འཇོག་ས་ཡོད་པ་ཞིག་མིན་ཀྱང་། རང་ཉིད་ཀྱིས་ལོ་ངོ་དུ་མའི་རིང་ལ་རང་དང་འཚམས་པའི་འབད་བརྩོན་ཕྲན་བུ་རེ་བྱས་པ་དེ། རང་ཉིད་སློབ་སྦྱོང་བ་ཞིག་ཡིན་པའི་ཆ་ནས་དེ་རིང་དགེ་བཤེས་ཀྱི་མཛད་སྒོའི་སྐབས་སུ། དུས་རྒྱུན་བདག་ལ་རྒྱབ་སྐྱོར་གནང་མཁན་གྱི་གྲོགས་པོ་དང་གྲོགས་མོ་དགའ་གཉེན་སྤུན་མཆེད་རྣམས་ལ་ཕྱག་རྟགས་ཀྱི་ཚུལ་དུ་བྲིས་པ་ཞིག་ཡིན་ལ། འདིའི་ནང་དུ་མདོ་དབུ་མའི་སྐོར་མདོའི་བཀའ་དང་བཀའ་བརྟེན་སོགས་ལ་གཞི་བཅོལ་ནས་བྲིས་པ་ཡིན་ལ། ས་བཅད་ཁ་ཤས་དབུ་མའི་གཞུང་ལུགས་རྣམས་དང་བསྟུན་པ་ཡིན་ལ། ཁ་ཤས་ནི་རང་གི་དོགས་གཞི་གང་ཡོད་ཀྱི་སྒོ་ནས་བྲིས་པ་ཡིན་པ་དང་། གསང་སྔགས་སྐོར་དེ་ཡང་གཙོ་བོ་མདོ་སྔགས་རྫོགས་གསུམ་གྱི་ནང་ཚན་སྔགས་སྐོར་ཡིན་ལ་རྫོགས་ཆེན་དང་འདྲ་བའི་ཆ་རྣམས་སུ་གཅིག་མཚུངས་ཀྱི་སྒོ་ནས་འགྲེལ་བཤད་བརྒྱབ་ཡོད། དེ་ལས་རྩོམ་ཐུང་ཁ་ཤས་ཡོད་པ་དག་སྔོན་ནས་དུས་དེབ་སྟེང་དུ་བཀོད་པ་ཁ་ཤས་འདིར་བཀོད་ཡོད་ལ་ཁག་ཅིག་འདིར་བཀོད་མེད་དོ། །དཔྱད་གཏམ་འདིའི་ནང་ནས་དབུ་མ་དང་གསང་སྔགས་སྐོར་ནི་སྤྱི་ལོ་༢༠༢༡ལོའི་ལོ་སྨད་ནས་འགོ་བཟུང་བ་ཡིན་ལ་ཐོག་མར་བདག་གིས་འགོ་རྒྱ་ཆེ་ཙམ་ཞིག་བཟུང་བ་ཡིན་ཀྱང་། རང་ཉིད་ན་ཚའི་དབང་གིས་སྨན་ཁང་ནང་དུ་དུས་ཡུན་རིང་པོར་བསྡད་དགོས་བྱུང་བ་དང་། འདི་འབྲི་སྐབས་ཕུང་ཁམས་མ་བདེ་བའི་དབང་གིས་འབད་བརྩོན་བསམ་པ་ལྟར་བྱེད་ཐུབ་མ་སོང་བས། ཀློག་པ་པོ་རྣམས་ཀྱི་ཐུགས་འདུན་དང་འཚམས་པ་ཡོང་དཀའ་བ་དང་། དེར་མ་ཟད་རྫོགས་ཆེན་སྐོར་གྱི་དཔྱད་གླེང་ཞིག་ཀྱང་འབྲི་འཆར་ཡོད་ཀྱང་ད་ལྟ་དུས་ཚོད་སོགས་ཀྱི་དབང་གིས་འབྲི་མ་ཐུབ་ཀྱང་། ཁ་ཤས་གསང་སྔགས་ནང་ནས་གཅིག་མཚུངས་ཀྱི་སྒོ་ནས་བྲིས་ཡོད་པ་དང་། མ་འོངས་པར་དེ་ལས་རྒྱས་པ་ཞིག་འབྲི་རྒྱུའི་འཆར་གཞི་ཡང་ཡོད། འདིར་དམིགས་གསལ་ཞུ་དགོས་པ་ཞིག་ལ་དཔྱད་དེབ་འདི་ཞུ་དག་བྱེད་སྐབས་སུ་ལས་རོགས་བྱེད་མཁན་སྤ་ཚང་དགོན་གྱི་བཤད་སྒྲུབ་སློབ་གླིང་གི་དགེ་སློབ་རྣམས་དང་དགེ་བཤེས་བསྟན་འཛིན་རྒྱ་མཚོ་སོགས་ལ་ཐུགས་རྗེ་ཆེ་ཞུ་བ་དང་། གཞང་ཡང་དེབ་འདིའི་ནང་དུ་ལུང་འདྲེན་བྱས་པ་རྣམས་ཀྱི་ནང་དུ་འགའ་ཤས་ད་ལྟའི་དག་ཆ་དང་ཅུང་མི་འདྲ་བའི་བརྡ་རྙིང་ཁ་ཤས་འདུག་ལ། འགའ་ཞིག་ནི་པར་སྐྲུན་གྱི་སྐབས་ལ་འཁེལ་བས་ཞུ་དག་ཡག་པོ་ཞིག་བྱེད་རྒྱུའི་དུས་ཚོད་མ་བྱུང་བས་ནོར་འཁྲུལ་འབྱུང་སྲིད་པས་དགོངས་འཁྲོལ་ཡོད་པར་ཞུ་ཞུ།

  དབུས་ལྡན་ལྷ་སའི་ཞིང་ནས་སྤ་ཚང་ཉི་མ་རྒྱལ་མཚན་གྱིས་༢༠༢༢/༦/༣༠ཉིན་བྲིས།



《ཐོས་དཔྱད་གསེར་གྱི་སྐར་ཁུང》ཞེས་པའི་དཔྱད་དེབ་འདིའི་པར་སྐྲུན་ལ་ཕུལ་བའི་སྨོན་ཚིག

ཟབ་ཅིང་རྒྱ་ཆེའི་འཕྲུལ་ངག་བོན་གྱི་མཛོད། །

མདོ་སྔགས་རྫོགས་གསུམ་རིགས་ལམ་རྒྱ་མཚོའི་གཏེར། །

ཐོས་དཔྱད་གསེར་གྱི་སྐར་ཁུང་འདིའི་རྩོམ་འབྲས། །

ཤེས་རིག་ནོར་གྱི་བང་མཛོད་རྒྱས་པར་སྨོན། །

གཤེན་སྲས་ཚེ་དབང་བསྟན་འཛིན་གྱིས་༢༠༢༢/༦/༢བྲིས་སོ། །

དགེ་འདུན་རྒྱ་མཚོའི་བསླབ་པ་ལྷུར་བཞེས་ཏེ། །

དགེ་བའི་བཤེས་རྣམས་མཉེས་པ་གསུམ་གྱིས་བསྟེན། །

དགེ་ལེགས་ཀུན་འབྱུང་བཤད་སྒྲུབ་རིན་པོ་ཆེར། །

ཐོས་བསམ་སྒོམ་གསུམ་མཛད་པ་བསྐལ་པ་བཟང་། །

གྲུབ་ཐོབ་སྤ་ཡི་གདན་ས་དམ་པ་ནས། །

བགྲང་བྱ་དུ་མར་འཆད་ཉན་ཟབ་མོ་ཡིས། །

མདོ་སྔགས་གཞུང་ལ་བསླབ་བརྩོན་མཐར་ཕྱིན་ཏེ། །

རབ་འབྱམས་མཚན་རྟགས་བཞེས་ཁྱེད་བསྐལ་པ་བཟང་། །

སྐུ་ཚེ་མཐར་ཕྱིན་མཛད་བཟང་ཀུན་ཏུ་རྒྱས། །

བསྟན་འགྲོའི་དོན་འགྲུབ་བོན་འཁོར་ཆད་མེད་བསྐོར། །

ཐུགས་བཞེད་ཡོངས་འགྲུབ་གཞན་ཕན་འབྲལ་བ་མེད། །

སྐུ་གསུང་ཐུགས་ཀྱི་བསྟན་པ་དར་བར་ཤོག །

  ཅེས་ཤིས་པར་བརྗོད་པའི་ཚུལ་འདི་ནི་གྲུབ་ཐོབ་སྤ་ཡི་གདན་ས་འཛིན་པ་མཆོག་སྤྲུལ་ཉི་མ་རྒྱལ་མཚན་ལགས་ཀྱིས་རབ་འབྱམས་པའི་མཛད་སྒོ་སྤེལ་ལ་ཉེ་སྐབས་རང་དགོན་གྱི་གྲྭ་པ་རྒྱ་མེས་འདི་བཞིན་འབྲི་བར་བསྐུལ་པ་བཞིན་སྣང་ཞིག་སྐྱེ་མིང་པ་བསྐལ་བཟང་བློ་གྲོས་རྒྱ་མཚོས། ༢༠༢༢/༦/༡༩ཉིན་བྲིས་པའོ། །

ཐོས་བསམ་སྒོམ་པའི་རྣམ་དཔྱོད་ཀྱིས། །

ལྔ་རིག་སྦྱང་བ་མཐར་སོན་པའི། །

རབ་འབྱམས་དགེ་བའི་བཤེས་གཉེན་ལ། །

ལྷག་པའི་ལྷ་མཆོག་ཤིས་པ་རྩོལ། །

  ཅེས་པ་འདི་སྤ་ཉི་མ་རྒྱལ་མཚན་ནས་མདོ་སྔགས་གཞུང་ལུགས་ཀུན་ལ་སྦྱང་བ་མཐར་སོན་ཏེ་རབ་འབྱམས་དགེ་བའི་བཤེས་གཉེན་གྱི་འབྲས་རྟགས་སུ་དེབ་གསར་གསར་རྩོམ་ལ་ཤིས་ཚིག་ཏུ་གཡུང་གླིང་དཔོན་སློབ་པ་སྐལ་བཟང་རིག་འཛིན་ནས་ཕུལ།

སྔོན་བྱོན་གདུང་ཆེན་འཛིན་རྣམས་ཐོས་བསམ་རྣལ་མའི་སྔོན་འགྲོ་ཁུར་བཞེས་སྒོམ་སྒྲུབ་ཉམས་གྱི་རྨིང་གཞི་བརྟན།།

ལས་འབྲས་གཙུག་ཁུར་བདེན་པའི་ལམ་སྙེགས་བསྟན་པ་བོན་གྱི་བ་དན་དཀར་པོ་ནུབ་མེད་དགུང་དུ་ཕྱར།།

ཁྱད་པར་གྲུབ་ཐོབ་སྤ་ཞེས་མཁས་དང་གྲུབ་པའི་མཚན་སྙན་འགྲོ་ཁམས་སྐྱེ་བོའི་ཡིད་སེམས་དབང་མེད་འཕྲོག།

དེང་འདིར་ཉི་མ་རྒྱལ་བའི་མཚན་ཅན་གང་གིས་ཐོས་དཔྱད་གསེར་གྱི་སྐར་ཁུང་བཏོད་འདིས་གླིང་བཞི་གསལ།།

བཀྲ་ཤིས་ཁ་གཡང་དང་བཅས་ཐོས་བསམ་སྒོམ་པའི་བསྟི་གནས་ཀོ་སྟོན་བླ་མའི་གདན་སའི་ཟུར་ནས་ཕུལ།།

  ཧོར་རུ་དགེ་བཤེས་ཡོན་ཏན་ཕུན་ཕུན་ཚོགས་ཀྱིས། ༢༠༢༢/༧/༧ཉིན།

རི་མཐོ་ས་གཙང་བསིལ་ལྡན་མཐོ་སྒང་གངས་ལྗོངས་སུ། །

དམུ་རྒྱལ་ཐོད་དཀར་སྲས་ཀྱི་རིང་ལུགས་གཡུང་དྲུང་བོན། །

ཞིང་འདིར་བྱུང་བས་བསོད་ནམས་བྱེ་བས་བསྐྲུན་པའི་འབྲས། །

སྐལ་ལྡན་འགྲོ་བའི་གཙུག་ཏུ་འཆར་འདིར་ངོ་མཚར་ཆེ། །

ཞང་རྒྱལ་སྐུ་གཤེན་ཁྲི་ལྡེམ་ལྕགས་ཀྱི་བྱ་རུ་ཅན། །

གདུང་འཁྲུངས་འདུལ་འཛིན་བཤེས་གཉེན་ཉི་མ་རྒྱལ་མཚན་པས། །

རྒྱལ་འཕགས་བཀའ་དང་བཀའ་བརྟེན་རྒྱ་ཆེའི་དབྱིག་མཛོད་ནས། །

ཤེས་རབ་གསུམ་གྱིས་དཔྱད་བརྗོད་ས་ལེ་སྦྲམ་བུ་བླངས། །

དྲི་མེད་རྒྱལ་བའི་བསྟན་པ་འཛིན་སྐྱོང་སྤེལ་བའི་ཚུལ། །

གཞན་དོན་འཆད་རྩོད་རྩོམ་གསུམ་བརྩོན་པའི་ལྷག་བསམ་དང་། །

བརྩོན་པས་བསྐྱེད་པའི་བློ་གྲོས་གསལ་བའི་སྐར་ཁུང་འདི། །

སྐལ་ལྡན་བློ་མུན་གསལ་བའི་དཔལ་དུ་རབ་འཕེལ་ཤོག །

  ཅེས་དཔལ་ཞང་ཞུང་ཁྱུང་ལུང་རྔུལ་མཁར་གྱི་གནས་སུ་རྒྱ་བཙུན་ཚུལ་ཁྲིམས་ཕུན་ཚོགས་ཀྱིས་བྲིས་ཏེ་ཕུལ་བའོ། །༢༠༢༢/༦/༢༧ཉིན།

སྔོན་སྦྱོངས་སྟོབས་ཀྱིས་སྤ་ཡི་དལ་རྟེན་བརྙེས། །

བགྲང་བྱ་དུ་མར་གུས་རྟགས་སྦྱོར་བ་ཡི། །

ཐོས་བསམ་སྒོམ་དང་འཆད་རྩོད་རྩོམ་གསུམ་གྱིས། །

འབྲས་བཟང་དངོས་སྨིན་སྐལ་བཟང་དུས་འདིར་རྨད། །

སྐུ་མཆོག་འགྱུར་མེད་གཡུང་དྲུང་ལྷུན་པོ་ལ། །

གསུང་མཆོག་མ་འགག་བོན་གྱི་འཁོར་ལོ་སྐོར། །

ཐུགས་མཆོག་སྤྲོས་བྲལ་ཨུ་འབར་མེ་ཏོག་བཞད། །

ཡོན་ཏན་འཕྲིན་ལས་དགོས་འདོད་ཀུན་འབྱུང་ཤོག །

  ཅེས་གྲུབ་ཐོབ་སྤ་ཡི་གདུང་ལས་སྐུ་འཁྲུངས་པའི་སྤ་ཚང་ཉི་མ་རྒྱལ་མཚན་མཆོག ལོ་མང་རིང་གཡུང་དྲུང་བོན་མདོ་སྔགས་སེམས་གསུམ་རིག་གནས་དང་བཅས་པར་སློབ་གཉེར་གནང་བའི་སྐལ་བཟང་དགེ་བའི་བཤེས་གཉེན་གྱི་ཁྲི་བཞེངས་དང་འབྲེལ་བའི་ཐོས་དཔྱད་གསེར་གྱི་སྐར་ཁུང་ཞེས་པའི་དཔྱད་གཏམ་སྨོན་ཚིག་ཏུ། སྤ་ཚང་དགོན་དཔོན་སློབ་མིང་ཁུལ་བ་འཁོར་ལྡན་བསམ་གཏན་རྒྱལ་མཚན་གྱིས་སྤྱི་ལོ2022ཟླ6ཚེས23ཉིན་ཕུལ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།