ཆུང་རྒྱུད་ཚེ་དབང་རྣམ་རྒྱལ་གྱི་ཡིག་གཟུགས་དེབ་འགྲེམ་སྤེལ་བྱས་པ།

[ཟླ་ཚེས། 2021-10-08 19:53:45][རྩོམ་པ་པོ། ཆུང་རྒྱུད་ཚེ་དབང་རྣམ་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

        བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་མོས་ཤིང་ལྷག་ཏུ་སྒྱུ་རྩལ་གྱི་རིག་གནས་ལ་དུང་བ་ཟབ་པའི་བོད་ཀྱི་ཤེས་ལྡན་པ་རྣམ་པ་ལགས། དུས་ཀྱི་འཕོ་འགྱུར་དང་སྤྱི་ཚོགས་ཀྱི་འགྱུར་ལྡོག་ཁྲོད་མི་རྣམས་རྣམ་གཡེང་དང་སོས་དལ་བག་ལྷོད་ངང་མི་འདུག་པར། རང་རང་སོ་སོས་ཤེས་ནུས་འཇོན་གསུམ་གྱི་རྩལ་རེ་ངོམ་ནས་བྱ་བ་ཆེ་མ་ཆུང་གསུམ་སྒྲུབ་བཞིན་པའི་སྐབས་འདིར། ཕྲན་ཆུང་ངས་ཀྱང་རང་ནུས་ཅི་ལྕོག་གིས་འབད་པ་བྱས་ཏེ་བོད་ཀྱི་སྲོལ་རྒྱུན་གྱི་ཀ་བར་གྱུར་བའི་ཤེས་ཡོན་པ་དང་ལྷག་བསམ་ཅན་གྱི་སྤུན་ཟླ་ཡོངས་ཀྱིས་རྒྱབ་སྐྱོར་འོག་ངས་ཡིག་གཟུགས་ཀྱི་དཔེ་དེབ་ཅིག་ལོ་འགའི་སྔོན་ལ་འགྲེམས་སྤེལ་བྱས་པ་ཡིན། ང་ལ་མཚོན་ན་ཡིག་གཟུགས་སྒྱུ་རྩལ་ནི་སྐྱིད་དུས་འཛུམ་མདངས་འཕྲོ་ས་ཞིག་དང་སྐྱོ་དུས་དབུགས་རིང་འབྱིན་ས་ཞིག་སྟེ། མདོར་ན་ངའི་མི་ཚེ་བྲིས་དང་སྨྱུ་གུ་ལ་བསྟིམས་ཤིང་བྲིས་དང་སྨྱུ་གུས་ངའི་མི་ཚེ་བསྐྱལ་རྒྱུའི་དམ་བཅའ་ཡང་བརྟན་པོ་ཡོད་དོ།།

  ངས་ཆེད་དུ་ཞུ་དགོས་པ་ཞིག་ནི། ངའི་ཡིག་གཟུགས་ཀྱི་དེབ་ཆུང་ ༼གནའ་རབས་བོད་ཀྱི་ཕྱག་རྒྱུན་རྩལ་ཆེན་ཁྱུང་གི་སྨྱུག་འགྲོས༽ཞེས་པ་དེ་ཉིད་པར་བསྐྲུན་བྱས་ནས་མི་ལོ་བཞི་ཙམ་ཕྱིན་ཀྱིན་འདུག ལོ་ངོ་འདི་དག་གི་ནང་དུ་བོད་ཀྱི་ཤེས་ཡོན་པ་དང་སྒྱུ་རྩལ་བ་ཁ་ཤས་དང་། ལྷག་ཏུ་བོད་ཀྱི་ཡིག་གཟུགས་ལ་དད་འདུན་ཆེ་བ་དང་ཡིག་མཁན་གྲགས་ཤོས་སྐོར་ཞིག་གིས་བདག་གིས་བྲིས་པའི་དཔེ་དེབ་ལ་རྒྱབ་སྐྱོར་དང་ཚད་མཐོའི་གདེངས་འཇོག་གནང་སྟེ་ང་ལ་དཔེ་དེབ་དེ་ཉིད་ཡང་བསྐྱར་པར་ཐེངས་གཉིས་པ་ཞིག་པར་བསྐྲུན་ཐུབ་ན་བོད་ཀྱི་ཡིག་མཁན་དང་བོད་པ་མང་པོ་ཞིག་ལ་ཕན་པ་ཆེན་པོ་འདུག་ཅེས་རེ་བསྐུལ་ཤུགས་ཆེན་གནང་བ་དང་བཅས། ངས་ཀྱང་རང་གི་ནུས་ཚོད་ཀྱིས་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་མོས་པ་དང་ཡིག་མཁན་པའི་སྡེ་ཡོངས་ལ་ཕན་འབྲས་ཕྲན་བུ་རེ་བྱུང་ན་རང་གི་མི་ཚེའི་དོན་སྙིང་དང་གཟི་བརྗིད་ད་དུང་བོད་རིགས་རྣམས་ཀྱི་སེམས་རྒྱུད་ལ་བོད་ཡིག་ཡིག་གཟུགས་ཀྱི་བག་ཆགས་གང་འཚམ་རེ་འཇོག་ཐུབ་ན་ཅི་མ་རུང་སྙམ་སྟེ། ད་ཐེངས་ཡང་བསྐྱར་ངའི་བརྩམས་ཆོས། ༼གནའ་རབས་བོད་ཀྱི་ཕྱག་རྒྱུན་རྩལ་ཆེན་ཁྱུང་གི་སྨྱུག་འགྲོས༽པར་ཐེངས་གཉིས་པ་ལེགས་བཅོས་མ་ཞིག་དང་། དེབ་གསར་༼ཆུང་རྒྱུད་དགེ་སློབ་ཀྱི་ཡིག་གཟུགས་སོར་མོའི་རྩལ་བརྒྱ་གྲོལ་བའི་རྩེད་འཇོ་༽ཞེས་པའི་དཔེ་དེབ་འདི་གཉིས་པར་བསྐྲུན་བྱས་ཡོད། མི་འགྱང་བར་ཁྱེད་ཅག་ཀློག་མཁན་རྣམས་ཀྱི་སྤྱན་ལམ་དུ་འགྲེམ་རྩིས་ཡོད། འདི་ནི་ངས་ཁྱེད་ཚོར་ཕུལ་བའི་ལེགས་སྐྱེས་ཆུང་ངུ་ཞིག་གམ་བོད་ཀྱི་སྐྱེས་ཆེན་ཚོར་ཕུལ་བའི་མཇུབ་རྩེའི་མཆོད་པ་ཞིག་དང་། ཡང་ན་ངས་ཡིག་གཟུགས་ལ་བཅངས་བའི་བརྩེ་བའི་རི་མོ་ཞིག་ཀྱང་ཡིན་ནོ། ། དེ་བས་ཁྱེད་ཅག་གི་ཐུགས་ཡིད་དང་ཚིམ་པའི་སྨོན་འདུན་སྙིང་ནས་ཞུ་ཞུ།

ཞེས་གུས་པ་ཆུང་རྒྱུད་ཚེ་དབང་རྣམ་རྒྱལ་གྱིས་སྤྱི་ལོ་༢༠༢༡ལོའི་ཟླ་ཚེས་བཟང་པོར་རང་གི་ཕ་ཡུལ་ཁྱུང་པོ་སྟེང་ཆེན་ནས་ཕུལ།






 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།