འབྱུང་ལྡན་ཟླ་ཐིག་རྩེ་མོ་ལྕགས་གླང་ལོའི་ལོ་ཐོ་འགྲེམ་སྤེལ་གནང་བ།

[ཟླ་ཚེས། 2021-01-25 10:51:19][རྩོམ་པ་པོ། དབྲ་ཁྱུང་གཡུང་དྲུང་གཙུག་ཕུད།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

       ཇི་སྐད་དུ། མཁས་དབང་དག་གིས། མི་རིགས་ཤིག་གི་སྲོག་དབུགས་ཡུན་དུ་གནས་པར། མི་རིགས་དེའི་སྐད་ཡིག་གཉིས་ཀྱི་རྩ་ལག་ཏུ་གྱུར་བའི་རིག་གནས་ཁག་རྣམས་འགྲོ་བ་མིའི་དཔལ་ཡོན་དུ་གནས་ཐུན་མིན་ལ་རགས་ལས་ཡོད་ཅེས་གསུངས་པ་ནི་རྨད་དུ་བྱུང་བའི་ལེགས་བཤད་རྣམ་དག་ཅིག་ཏུ་མཐོང་།
   ད་ལན་ང་རང་མི་བུ་དཀྱུས་མ་ཞིག་གི་མི་ཚེའི་ནང་གི་ལག་རྗེས་ཆུང་ཆུང་ཞིག་སྟེ། «འབྱུང་ལྡན་ཟླ་ཐིག་རྩེ་མོ་ལྕགས་གླང་ལོའི་ལོ་ཐོ་དབྱར་རྔ་ལྡིར་བ་ཞེས་བྱ་བ་བཞུགས»ཞེས་པའི་ལོ་ཐོ་ཞིག་དཔར་བསྐྲུན་ཞུས་ཡོད། འདི་ལྟ་བུའི་ལས་དོན་འདི་ཉིད་ཕྱོགས་གཅིག་ནས་བསམ་ན་དེ་བཤད་རིན་ཡོད་པའི་བྱ་བ་ཞིག་མིན་ནའང་ཆོག འོན་ཏེ། གོང་བཤད་ལྟར་མི་རིགས་རང་ཉིད་ཀྱི་ཤ་ཁྲག་དྲོད་དབུགས་དང་འབྲེལ་བའི་རིག་གནས་ཁག་ལ་ཤ་ཞེན་དང་དད་མོས་ཀྱི་སེམས་རྩ་མ་ཡལ་མཁན་ཞིག་ལ་མཚོན་ན། འདི་ནི་མི་ཚེའི་ནང་དུ་ཆེས་ངོམ་རིན་ཆོག་པའི་བྱ་བ་རླབས་པོ་ཆེ་ཞིག་ཏུ་ངོས་འཛིན་བྱ་ཆོག་པར་སྙམ།
   དེ་བཞིན། བོད་ཀྱི་རྩིས་རིག་གི་གཞུང་ལུགས་ནི་ཆེས་ལོ་རྒྱུས་ཀྱི་ཕུགས་ཐག་རིང་ཞིང་། རིག་གཞུང་གི་གནས་བབ་ཟབ་པ་མ་ཟད། ཕྱི་སྣོད་ནང་བཅུད་ཀྱི་འབྱུང་ཁམས་ཀྱི་མ་ལག་སྟེ། ལོ་ཟླ་གཟའ་སྐར་གྱི་འཁོར་ཕྱོགས། ནམ་ཟླ་དུས་བཞིའི་འགྱུར་འགྲོས། མི་ནོར་ཕྱུག་གསུམ་གྱི་དར་རྒུད་སོགས་ལྐོག་གྱུར་གྱི་ཤེས་བྱ་སྣ་ཚོགས་གཏན་ལ་ཕབ་པའི་དངོས་མཐོང་གི་མེ་ལོང་ལྟ་བུར་གྱུར་ཡོད། དེ་བཞིན། བོད་ཀྱི་སྐར་རྩིས་རིག་པ་དང་འབྱུང་རྩིས་རིག་པ་གང་ཞིག་ཡིན་ཡང་། གངས་ཅན་པའི་རང་ས་རང་ཡུལ་ནས་སྐྱེ་འཚར་བྱུང་བའི་གནའ་བོའི་བོད་ཀྱི་ཕ་མྱེས་སྟོན་པ་གཤེན་རབ་སོགས་ཕུལ་བྱུང་གི་ལོ་རྒྱུས་མི་སྣ་དག་གི་བློ་གྲོས་ཀྱི་རྩ་ལག་ལས་འཁྲུངས་པ་ཞིག་ཡིན་པ་ནི། ཚད་ཐུབ་ཀྱི་ལོ་རྒྱུས་ཁུངས་མ་རྣམས་ལས་གསལ་བ་མ་ཟད། གཟུར་གནས་ཀྱི་སྔ་ཕྱིའི་མཁས་དབང་དག་གིས་བཞེད་པ་གཅིག་མཐུན་དུ་གྱུར་པས་སོ། །
      བདག་གིས་ད་ལན་གྱི་ལོ་ཐོ་འདིའི་རྩིས་འགོ་བཟུང་སྟངས་སོགས་ནི་མཁན་ཆེན་ཉི་མ་བསྟན་འཛིན་གྱི་རྩིས་གཞུང་ངོ་མཚར་འོད་ཟེར་འབུམ་ལྡན་ལ་གཞི་བཅོལ་སྟེ་གཏན་པ་ཕབ་པ་ཞིག་ཡིན་ཞིང་། འདིར་རྒྱུན་ལྡན་ལྟར་གྱི་་བོད་ཀྱི་ལོ་ཐོའི་རྩིས་རིགས་ཀྱི་རྣམ་གྲངས་ཕལ་ཆེར་ཡོད་པ་མ་ཟད། ལྟར་གཡུང་དྲུང་བོན་གྱི་སྐྱེས་ཆེན་རིམ་བྱོན་རྣམས་གཙོས་པའི་བོད་ཀྱི་སྐྱེས་ཆེན་མི་སྣའི་བསྟན་རྩིས་ཀྱི་རེའུ་མིག་དང་། དེ་བཞིན་རང་གི་ཕ་ཡུལ་ཁྱུང་པོའི་ཡུལ་དང་འབྲེལ་བའི་དུས་བཞིའི་སོ་ནམས་ཀྱི་སྐོར་འགོ་སོགས་ཁ་གསལ་དུ་བཏང་ཡོད་པ་ཞིག་ཡིན།
   དེར་བརྟེན། དེ་ལྟ་བུའི་ཕ་མྱེས་ཀྱི་རིག་གནས་དག་མ་ཞིག་གི་སྒོར་འཇུག་པ་ནི་རང་ཉིད་ཀྱི་མི་རིགས་དང་། ཆོས་ལུགས། རིག་གནས་སོགས་ལ་རང་གི་འཇོན་ནུས་ལ་དཔགས་པའི་སྲི་ཞུ་ཆུང་ཆུང་ཞིག་སྒྲུབ་པ་ཡིན་ཞེས་བརྗོད་ན་མི་འཚམ་པ་མེད་པ་འདྲ།
འདིར་ཆེད་དུ་ཞུ་བ་ཞིག་ནི། ད་ལན་བདག་གིས་གཉེར་བའི་ལོ་ཐོ་འདིའི་ཕྱི་ཤོག་གི་ཇུས་འགོད་ནས་འགི་བརྩམས་ཏེ་ཀློག་ཀླད་ཀྱི་སྒྲིག་འགོད་ཆ་ཚང་བདག་རང་ཉིད་ཀྱིས་བྱས་པ་ཞིག་ཡིན་པས། གལ་སྲིད་སྐྱོན་དང་ནོར་འཁྲུལ་གྱི་ཆ་ཅི་མཆིས་བློ་གྲོས་ཀྱི་འཇུག་པ་ཡངས་པའི་མཁས་དབང་དག་གིས་དགོངས་འཆལ་ལྷུག་སྩོལ་ཡོང་བའི་རེ་བ་ཡང་ཞུ།
དབྲ་ཁྱུང་གཡུང་དྲུང་གཙུག་ཕུད་ནས།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།