འཕན་འོ་མཚོའི་སྙན་ངག་དེབ«ངག་རིག་འོ་མཚོའི་དབྱངས་རྟ»ཞེས་པ་པར་སྐྲུན་འགྲེམ་སྤེལ་བྱས།

[ཟླ་ཚེས། 2020-11-01 10:07:44][རྩོམ་པ་པོ། འཕན་འོ་མཚོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


འཕན་འོ་མཚོའི་སྙན་ངག་དེབ«ངག་རིག་འོ་མཚོའི་དབྱངས་རྟ»ཞེས་པ་པར་སྐྲུན་འགྲེམ་སྤེལ་བྱས།


ངོ་ཤེས་རྙིང་པར་གྱུར་དོན་དགའ་ཕྱོགས་དེས་ཡིན།

ཡང་ན«འོ་མཚོའི་དབྱངས་རྟ»ཡི་སྔོན་གླེང་དུ།

  མི་ཚེ་གང་བོ་རྩོམ་རིག་གི་ཞིང་སར་བཏབ་སྟེ་སྨྱུ་གུ་དང་ཁ་འབྲལ་མ་མྱོང་བའི་སྐྱེ་བོའི་ཚོགས་ནི་རང་ཚུགས་བརྟན་ཅིང་། སྒྱུ་རྩལ་གྱི་བསླུ་བྲིད་ལ་ཞེན་པ་གཏན་དུ་ལོག་མ་མྱོང་བ་སྟེ། རང་ཚུགས་དེའི་ངང་དུ་ཡོད་པའི་སྙན་ངག་པ་ནི་ངས་བཤད་པའི་ལྷ་རབས་ཀྱི་དཀྱིལ་འཁོར་དུ་བཞུགས་པའི་ལྷའི་ཚོགས་པ་དང་ཚོགས་པའི་རེ་ཁ་རུ་བྲིས་པའི་སྤྲིན་དཀར་གྱི་རི་བོ་དང་ཁ་བཏགས་ལྟ་བུའི་དབྱངས་ཀྱི་འགྱུ་བ་དེ་དག་ཡིན་ལ་དེ་དག་ཙམ་ཡང་མ་ཡིན།

  རེད་དེ། སྙན་ངག་ལ་གཟུགས་དང་གཟུགས་སུ་མ་བསྡུས་པ། འཁོར་བ་དང་འཁོར་བ་རུ་མ་བསྡུས་པའི་ལང་ཚོའི་མཚར་གཤིས་ངོ་མཚར་བ་དག་ཐེ་ཚོམ་དང་ཉིས་འགལ་མེད་པའི་སྒོ་ནས་ཁྱེད་ཀྱི་རྩ་ཡི་ལམ་ལ་དྲི་མེད་པ། གཟུགས་མེད་པ། སྒྲ་མེད་པ། རོ་མེད་པ། རེག་བྱ་མེད་པའི་སྒོ་ནས་ཁྱབ་བྱེད་ཀྱི་ནུས་པ་བླ་མེད་དེ་ཡོད་པས། འཚོ་བའི་ཉམས་ལེན་གྱི་གཏིང་རྩར་ཟུག་པའི་སྙན་ངག་གི་ཚེ་སྲོག་ལྟ་བུའི་དབྱངས་འགྲོས་དག་ནི་རིན་ཐང་དེ་ཁོ་ནས་ལྟ་བ་ལས་ཅི་ཡང་མིན།

  སྙན་ངག་གི་ལམ་ལ་ཞུགས་འདོད་པའི་མི་ཕལ་མོ་ཆེ་ནི་སྙན་ངག་མཁན་རང་མཚན་པ་རུ་འགྱུར་བའི་རྨི་ལམ་ཡོད་མོད། རྨི་བ་ལམ་དུ་འཁྱེར་བའི་གོ་རིམ་ནི་སྔར་བཞིན་ཀྱག་ཀྱོག་དང་འདར་གཡོ་དེའི་ངང་དུ་ཡོད་པས། དཀའ་ཁག་དེ་བརྒལ་བ་ལ་སེམས་འཚེར་མོད་ཅིང་། ཚུར་སྣང་ཟབ་པ་བློ་གྲོས་གསལ་པ་ཞིག་ཡིན་དགོས་པས། བློ་སྤོབས་རྒྱུན་འཁྱོངས་ཀྱི་སྙིང་སྟོབས་མེད་ན། རང་གིས་འབྲི་འདོད་པ་དག་ཡ་མཚན་པའི་མཛེས་དཔྱོད་ཀྱི་ལྟ་བ་སྣ་ཚོགས་པའི་ལམ་ནས་རང་དབང་དུ་བྲི་མི་ཐུབ།

  འོ་མཚོ་ངེད་གཉིས་གྲོགས་པོར་ཇི་ལྟར་གྱུར་པའི་གཏམ་རྒྱུད་ཀྱི་ཐོག་མ་འཆད་དགོས་ཚེ་སྒྱུ་རྩལ་རྩོམ་རིག་ལ་འཁྲེང་བའི་དབང་གིས་ངོ་ཤེས་སུ་ཆགས་པ་ཡིན། དེ་ལ་མ་མཐའ་ཡང་མི་ལོ་བཅོ་ལྔ་ལྷག་གི་ལོ་རྒྱུས་ཡོད། ཤེས་རབ་བསགས་འཇོག་གི་ལོ་ཟླའི་བར་གསེབ་ནས་ཚུར་སྣང་གི་འགྱུར་ལྡོག་མཐའ་ཡས་པ་དག་རང་གི་རང་ལུགས་ཅན་གྱི་སྙན་ངག་འབྲི་བྱེད་ཀྱི་ཡོ་བྱད་དུ་གོམས་དུས། འོ་མཚོ་ལགས་ཀྱིས«སྦྲང་ཆར»དང«བོན་སྒོ»«བགྲེས་པོའི་འབེལ་གཏམ»སོགས་རྒྱལ་ཕྱི་ནང་གི་གཞུང་སྒེར་གྱི་དུས་དེབ་སྣ་ཚོགས་ཤིག་གི་སྟེང་དུ་རང་རྩོམ་བཀོད་དེ་རང་གི་ལམ་བུ་ཁོད་ཡངས་སུ་བཏང་བས་ཁོང་གི་འདུན་མའི་ཟུར་སྣེ་ཙམ་ཞིག་མངོན་ཐུབ་པར་བྱས།

  ང་རང་ངས་བཤད་ཀྱིན་པའི་གངས་རིའི་ལུགས་ཀྱི་སྙན་ངག་འབྲི་བ་ལ་ཕྱོགས་ནས་ཡུན་རིང་མ་ལོན་པའི་མཚམས་དེར་གྲོགས་པོ་འོ་འཚོ་ལགས་ཀྱིས་ཀྱང«བསྐལ་པའི་ཡང་ཐོག་ཡ་གི་སྲིད་པ»ལྟ་བུས་སྙན་ངག་རེ་འགའ་བྲིས་ཏེ་བདག་གི་གྲུབ་མཐའ་འདི་ལ་མོས་མཐུན་གནང་བ་ནི་ངོ་མ་དགའ་དགོས་པ་ཞིག་རེད། དེའི་ཕྱིར་ཁོང་གི་སྙན་ངག་གི་སྔོན་གླེང་སྐབས་སུའང་ངས་དམིགས་འདོན་གྱི་སྒོ་ནས་ཁོང་གི་སྙན་ངག་འདིའི་རིགས་གླེང་དོན་ཡང་དེ་ཡིན།

  ངོ་མ། གནའ་རབས་ཀྱི་ཐ་སྙད་དག་ཚོམ་བུ་ཚོམ་བུ་བྱས་ཏེ་རང་གི་དད་མོས་ཀྱི་ཁམས་སུ་སྐྱོད་ཐུབ་པའི་མི་ཞིག་ཡིན་ཚེ། དེ་ནི་གནའ་རབས་ཤེས་རིག་ལ་སྦྱོང་བ་ཡུན་རིང་སོང་ཞིང་། མཐའ་མེད་ལྷུན་ཆགས་ཀྱི་མེས་པོའི་རིག་གཞུང་ལ་དང་དོད་ཆེ་བ་ཞིག་ཡིན་པས། ང་ཚོས་འོ་མཚོ་ལགས་གསར་རྩོམ་ལ་འཇུག་པའི་འདུན་པ་དང་འོ་མཚོའི་གསར་རྩོམ་གྱི་རེ་བ་ཅུང་ཟད་འདི་ནས་གླེང་ན་ཅུང་ཡིད་ཚིམས་པ་ཞིག་རེད། ཅི་སྟེ། རྩོམ་ཐབས་འདི་ནི་སྟབས་བདེའི་ངང་ནས་བྲིས་ཆོག་པ་ཞིག་མ་ཡིན་པར་སྙན་ངག་འདི་ཙམ་འབྲི་བ་ལ་བོད་གནའ་རབས་ཀྱི་ཐ་སྙད་ལ་གོམས་ཤིང་། གནའ་རབས་ཀྱི་ཐ་སྙད་ལ་རྒྱུས་ཆེ་བ་ཞིག་མ་མཐའ་ཡིན་དགོས་སྙམ།

  དེ་ལྟར་སྒྱུ་རྩལ་གྱི་སྡིངས་ཆ་རུ་འོ་མཚོ་ལགས་ཀྱིས་བསྐྲུན་པའི་ཤེས་རབ་ཀྱི་འབོད་པའང་སྣ་ཚོགས་པ་སྟེ། ཉེ་བའི་ལོ་འདི་ཙམ་གྱི་རིང་དུ་འོ་མཚོ་ལགས་ནས«རྟོགས་སད་ཀྱི་འཕྲོ་འདུ»དང་། «སྒོག་པ»སོགས་སྙན་ངག་རྐྱང་བའི་ལམ་ནས་དེབ་ཕྲེང་གཉིས་པར་སྐྲུན་བྱས་ཤིང་། ད་ལན་ཡང་ཚིགས་བཅད་རྐྱང་བར་ཚུད་པའི་སྙན་དེབ«འོ་མཚོའི་དབྱངས་རྟ»ཞེས་པ་འདི་པར་སྐྲུན་བྱ་བའི་སྤོབས་པ་དང་བརྩོན་སེམས་དག་འཚོལ་དུས། ང་ཚོས་འོ་མཚོ་ལགས་ནས་སྙན་ངག་ལ་བཅིངས་པའི་རྣམ་འགྱུར་དང་རྣམ་འགྱུར་དེ་ལས་བྱུང་བའི་རྒས་མི་སྲིད་པའི་དད་བརྩོན་ཞིག་ཆུ་ཆེན་བྲུག་པའི་རླབས་སྒྲ་བཞིན་ཚོར་འོང་།

  རེད་དེ། སྙན་ངག་པ་ཞིག་ཡིན་ན་སྙན་ངག་ལ་བཏོན་པའི་རེ་བ་དང་། རྣམ་འགྱུར་ཧ་ཅང་ངོ་གཙང་ཡིན་རྒྱུ་གལ་ཆེ་བ་ལས། རེ་ཆད་དང་མོག་མོག་སྟེ་མིང་གི་ཆེད་དུ་སྙན་ངག་འབྲི་བ་དང་། སྒྱིད་ལུག་དང་རྟོག་ཉོབ་སྟེ་ཧམ་སེམས་ཀྱི་ཆེད་དུ་སྙན་ངག་འབྲི་བ་ནི་ནོར་འཁྲུལ་ཏེ། མ་གཞི་སྙན་ངག་པ་ནི་སྙན་ངག་ལྟ་བུའི་ལང་ཚོའི་འབྱོར་ཕྱུག་གིས་བསྐྲུན་པ་ཞིག་ཡིན་དགོས། མ་གཞི་སྙན་ངག་པ་ནི་སྙན་ངག་ལྟ་བུའི་རྟོག་སད་ཀྱི་རིག་པ་རྣོན་པོས་བསྐྱངས་པ་ཞིག་ཡིན་དགོས། དཔེར་ན་འོ་མཚོ་ལགས་ཀྱི«སྲིད་པའི་ཞང་ཞུང»གིས་མཚོན་པའི་ཁོང་གི་བརྩམས་ཆོས་གཅིག་གི་ཐ་སྙད་ཀྱི་བསགས་འཇོག ཐ་སྙད་གཅིག་འཚོལ་བའི་ཆེད་དུ་དཔེ་ཆ་མང་པོ་བཀླགས་ཡོད་པའི་དད་བརྩོན་ཞིག་མཐོང་ཐུབ། དད་བརྩོན་ཤུགས་དྲགས་པའི་མི་བུ་ཞིག་ཡིན་ཚེ་ང་ནི་དེ་ལ་ཧ་ཅང་དགའ་བོ་ཡོད། དེའི་ཕྱིར་འོ་མཚོ་ཡང་ངས་གླེང་བར་འདོད་པའི་མིའི་རིགས་སུ་ཐེ།

  གོང་དུ་བརྗོད་པ་བཞིན«དཔེ་ཆ་ཞིག་ལ་བལྟས་པའི་ཚོར་སྣང»ལྟ་བུའི་སྙན་ངག་རེ་འགས་རྩོམ་པ་པོ་བོད་ཀྱི་གནའ་རབས་ཤེས་རིག་གི་རྐང་དུ་ཟུག་པའི་ཐ་སྙད་ལ་བློ་རྒྱུས་ཆེ་ཞིང་། གནའ་རབས་ཤེས་རིག་གིས་ཁོང་ལ་བཞག་པའི་བག་ཆགས་ཡང་དེ་བཞིན་ཟབ་པས། ཁོང་གིས་སྙན་ངག་གཅིག་གི་དོན་གྱི་སྒྲིག་གཞི་གནའ་རབས་ཀྱི་ཐ་སྙད་ལ་བཞག་པའི་རེ་སེམས་སོགས་ལ་ང་ཚོས་གོ་བ་མཐོངས་ཆེན་པོའི་ངང་ནས་ལེན་ཆོག་པར་སྙམ།

  དེ་ལྟར་འོ་འཚོ་ལགས་ནི་བོན་གྱི་རིག་གཞུང་ལ་ཡུན་རིང་འཐམ་འཁྱུད་བྱེད་མྱོང་མཁན་ཞིག་ཡིན་ཆ་ནས་བོད་གནའ་རབས་ཀྱི་ཐ་སྙད་དག་གིས་ཁོང་གི་མཛེས་དཔྱོད་ཀྱི་ལྟ་བ་ལ་རྒྱན་མང་པོ་བཏགས་ཡོད་པ་ཞིག་རེད། དེ་ནི་སྙན་ངག་གི་མཐོ་ཚད་ཅིག་ཡིན་ཞེས་བཤད་མི་ཐུབ་ཅིང་། སྙན་ངག་ཁ་ཤས་ངས་རྗོད་བཞིན་པའི་གངས་རིའི་ལུགས་ཀྱི་སྙན་ངག་གི་གྲས་སུ་ཐེ་བས། འོ་མཚོའི་སྙན་ངག་གི་གསེབ་གང་རུང་དུ་ལོ་རྒྱུས་ཤིག་གི་མཐོང་སྣེ་དང་། མཐོང་སྣེ་དེ་ལས་གནའ་བོའི་ཞབས་རྗེས་འཚོལ་བའི་ཕྱིར་མིག་གི་འཁྲེང་སེམས་མང་པོ་ཞིག་ལ་གོ་བ་ལེན་རྒྱུ་ཡོད་པས། སྙན་ངག་འདི་རིགས་འབྲི་བ་ལ་མུ་མཐའ་བྲལ་བའི་གནའ་རབས་ཀྱི་ཤེས་རབ་ལ་གཤིབ་རེས་བྱས་ཏེ་བསྐྱོད་དགོས་པས། ཁོང་གིས་སྙན་ངག་མང་པོ་ཞིག་ཅིའི་ཆེད་དུ་བྲིས་ཤིང་། མཛད་མཐའ་མེད་པའི་སྙིང་རྗེ་དང་ཤེས་རབ་ཀྱིས་གདབས་པའི་གནའ་རབས་ཀྱི་བློ་གྲོས་མང་པོ་ཞིག་ལ་ཅིའི་ཕྱིར་དུ་འཇུག་དོན་ཡང་ཁོང་གིས་སྙན་ངག་རེ་འགའ་ལས་ངོ་སྤྲོད་གསལ་པོར་བརྒྱབ་ཡོད་པར་སྙམ།

  དངོས་མིང་ལ་ཨོ་རྒྱན་དུ་འབོད་པའི་རྩོམ་པ་པོ་འཕན་འོ་མཚོ་ལགས་སྐྱེ་ས་མཛོད་དགེ་ནས་ཡིན་ཡང་། ཁོང་ལ་བློ་གྲོས་ཀྱི་རྣམ་དཔྱོད་ཐོགས་ས་ནི་མདའ་ཆེན་དཀར་མོ་རི་ཁྲོད་དང་། ཨ་མདོ་སྣང་ཞིག་དགོན། ནུབ་བྱང་སོགས་ཡིན། ལོ་ཟླས་འཐག་ཟིན་པའི་ཉི་འོད་དང་མཚན་མོའི་སྐར་གཞུང་ཁྲོད་ནས་ཁོང་གིས་སྙན་ངག་མཚོན་པའི་རྩོམ་རིག་སྣ་ཚོགས་བྲིས་ཤིང་། ད་དུང་དཔྱད་རྩོམ་དང་། རྣམ་ཐར། བརྡ་སྤྲོད་སོགས་ཀྱི་རིགས་ཡང་བྲིས་ཡོད་པའི་སྐོར་ཞིག་ཀྱང་ཁོང་གིས་ང་ལ་མོལ་བྱུང་། ངོ་མ་བརྩོན་འགྲུས་ཀྱིས་ཡིག་ཚོགས་སྤུངས་ནུས་པའི་སྐྱེས་བུ་རྣམས་ནི་དད་བརྩོན་གྱི་བདག་པོ་རུ་བཀུར་ཆོག

  སྐབས་འདིར་བདག་གིས་ཀློག་མཁན་རྣམས་ལ་མོལ་འདོད་པ་ནི། ངས་འོ་མཚོའི་སྙན་ངག་དག་ལས་རང་ཉིད་ཀྱི་དགའ་ཕྱོགས་ཙམ་འདི་ལྟར་གླེང་ཡོད། ཁྱེད་ཅག་གིས་ཀྱང་དེ་བཞིན་མོལ་བ་ཞུ། མཇུག་མཐར་གང་གི་འཁོར་བ་ལ་དཔལ་འབར་ཞིང་། ཕྱྭ་གཡང་གི་བཅུད་ཆགས་པར་ཤོག

  ཅེས་ཤར་འབྲི་ཟླ་གཉིས་ཀྱི་བར་མཚམས་སྐུ་བླ་ཁྱུང་རྫོང་རི་བོར་ཆགས་པའི་ཁྱུང་པོ་བློ་གྲོས་རྒྱལ་མཚན་རིག་གཞུང་ཞིབ་འཇུག་གླིང་དུ་ཀ་ཤུལ་བསོད་རིན་དུ་འབོད་པས་རྩོམ་པ་པོའི་རེ་འདོད་བཞིན་སྦྱར། དགེའོ།། ལེགས་སོ།།




འོ་མཚོའི་སྙན་དེབ་དང་པོ་«རྟོགས་སད་ཀྱི་འཕྲོ་འདུ»།

འོ་མཚོའི་སྙན་དེབ་གཉིས་པ་«སྒོག་པ»།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།