ཞང་བོད་རིག་གཞུང་ཞིབ་འཇུག་ཚོགས་པའི་སྐབས་དང་པོའི་དཔྱད་རྩོམ་ཕྱོགས་བསྒྲིགས་པར་དུ་བསྐྲུན་པ།

[ཟླ་ཚེས། 2020-05-28 12:46:42][རྩོམ་པ་པོ། དྲུང་ཡིག་ཚན་ཁག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

སྔོན་གླེང་།
   འདིར་ཞང་བོད་རིག་གཞུང་ཞིབ་འཇུག་ཅེས་པའི་བོན་གྱི་དགེ་བའི་བཤེས་གཉེན་རྣམ་པའི་གསུང་གི་མན་ངག་གཅིག་ཏུ་དྲིལ་སའི་དཔྱད་དེབ་འདི་མཚམས་སྦྱོར་དང་བཅས། ཐོག་མར་ཞང་བོད་རིག་གཞུང་ ཞིབ་འཇུག་ཚོགས་པ་འདི་ཇི་ལྟར་རྩ་འཛུགས་བྱས་པ་དང་ཡང་སྒོས་ཚོགས་པའི་ཁ་ཕྱོགས་གང་ལ་དམིགས་ ཡོད་ཚུལ་སོགས་ཀྱི་སྐོར་ནས་རགས་བཤད་ཅིག་སྔོན་གླེང་གི་དོད་དུ་ཐོག་མའི་གཏམ་ཞིག་མོལ་རྒྱུ་བྱས་ན།
   ཚོགས་པ་འདི་ཇི་ལྟར་རྩ་འཛུགས་བྱས་པ། ཐོག་མར་གོང་ས་སྐྱབས་མགོན་སྨྲ་བའི་སེང་གེ་དང་རྒྱལ་ཚབ་རྒྱ་འོབས་ཐམས་ཅད་མཁྱེན་པ་ཟུང་གི་བཀའ་གྲོས་དགོངས་པ་གཅིག་མཐུན་གྱིས་བསྟན་པའི་དར་རྒུད་བར་ནས་སྔོན་བྱོན་མཁས་གྲུབ་དག་གི་གསུང་རྩོམ་རྣམས་གལ་སོང་ཆ་མེད་དུ་གྱུར་ཅིང་ད་ལྟ་མཇལ་བའི་ཡུལ་དུ་མ་གྱུར་བ་རྣམས་བཙལ་འཚོལ་དང་བསྡུ་བསྒྲིགས་ཀྱི་ཕྱག་ལས་འདི་བསྟན་པའི་དོན་དང་འཆད་ཉན་པའི་མཐུན་རྐྱེན་དུ་དགོངས་ཏེ་སྤྱི་ལོ་ཉིས་སྟོང་དགུ་ལོའ་ིགཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་མཐར་ཕྱིན་སློབ་མ་རྣམས་ལ་བཀའ་ནན་སྤྱི་བོར་ཕབ་ནས༼ཞང་བོད་གནའ་བོའ་ིརིག་གཞུང་ཞིབ་འཇུག་ཚོགས་པ༽ཞེས་པའི་ཚོགས་པ་འདི་རྩ་འཛུགས་བྱས།
   ཚོགས་པའི་ཁ་ཕྱོགས། ཚོགས་པ་འདི་ལ་ཚོགས་གཙོ་དང་ཚོགས་གཞོན་དྲུང་ཡིག་པ་དང་སྤྱི་གཉེར་བ་བཅས་ཚོགས་སྡེ་ཆེན་པོ་ཞིག་ལ་འཛོམས་དགོས་པའི་གོང་འོག་བཀོད་སྒྲིག་གི་མི་སྣ་རྣམས་བསྐོ་བཞག་བྱས་ཤིང་མཐུན་རྐྱེན་གང་ལེགས་བསྐྲུན་རྗེས་གོང་ས་སྐྱབས་རྗེ་རྣམ་པ་གཉིས་ཀྱི་ཐུགས་དགོངས་ཇི་བཞིན་ཡིག་རྙིང་བཙལ་འཚོལ་དང་དཔེ་དཀོན་མྱུར་སྐྱོབས་ཀྱི་ཕྱག་ལས་དང་དུ་བླངས་ཏེ་དུས་ཡུན་ལོ་གསུམ་གྱི་མཇུག་ཏུ༼ཡ་ཐོག་ཞང་བོད་ཁྱད་ནོར་དཔེ་ཚོགས༽ཞེས་པའི་དཔེ་ཚོགས་འདི་པར་བསྐྲུན་བྱས་ཤིང་མཇུག་ལེགས་པར་གྲུབ་རྗེས། ཤེས་ཡོན་པའི་དཔུང་སྡེ་ནས་རིག་གནས་ཀྱི་སྟོང་ཆ་ཆེན་པོ་ཞིག་ཁ་སྐོང་བྱས་ཡོད་ཚུལ་སོགས་ཀྱི་སྐོར་ནས་གདེངས་འཇོག་ཚད་མཐོན་པོར་བྱས་ཤིང་དཔེ་དཀོན་དེ་དག་འདས་དོན་ལོ་རྒྱུས་ཀྱི་ཡོ་བ་བསྲིང་བའི་གཟུར་གནས་ཀྱི་ཤེས་རབ་ཅིག་ཀྱང་ཡིན་ཞེས་ལོ་རྒྱུས་སྨྲ་བའི་སྐྱེས་བུ་མང་པོས་ལུང་ཚད་མའི་བོན་དུ་ བགྲངས་དང་བགྲང་བཞིན་ཡོད་པ་ཡིན།
   དེ་ཡང་སྤྱི་ལོ་ཉིས་སྟོང་བཅོ་བརྒྱད་ལོར་སླར་ཡང་གོང་ས་སྐྱབས་མགོན་སྨྲ་བའི་སེང་གེ་མཆོག་གིས་ཚོགས་པ་འདིའི་ངོ་བོ་ཇེ་རྒྱས་སུ་གཏོང་དགོས་པའི་ཐུགས་དགོངས་ཟབ་མོ་ཆེར་བཞེས་གནང་སྟེ་བསྟན་པའི་སོན་རྩ་ལུང་རྟོགས་གཉིས་ཀྱིས་འཛིན་དགོས་པ་ཐུགས་ལ་ཡང་ཡང་བརྣགས་རྗེས། ཚོགས་པ་འདི་སངས་རྒྱས་གཡུང་དྲུང་བོན་ཀྱི་དགེ་བའི་བཤེས་གཉེན་རྣམས་གསོ་སྐྱོང་གི་ཚོགས་སྡེ་ཆེན་པོ་ཞིག་ཏུ་བསྒྱུར་དགོས་པའི་བཀའ་དགོངས་འོག་དམངས་སྒོར་ཁྲི་ཕྲག་བརྒྱ་ཡི་རྨང་གཞི་བཏང་སྟེ་ཚོགས་པ་འདིའི་བཀོད་ སྒྲིག་མི་སྣ་བརྗེ་སྤོར་བྱས། ཚོགས་པའི་ཁ་བྱང་ལ་ཡང་འགྱུར་བ་ཅུང་ཙམ་བཏང་སྟེ༼ཞང་བོད་རིག་གཞུང་ཞིབ་འཇུག་ཚོགས་པ༽ ཞེས་བཏགས་ཤིང་། ཚོགས་གཙོ། སྒོ་རིགས་མཁན་པོ་ཤེས་རབ་གྲགས་པ་མཆོག་དང་། ཚོགས་གཙོ་གཞོན་པ། རྒྱ་ཤོད་དགེ་བཤེས་ཤེས་རབ་རྒྱ་མཚོ་དང་ཁྱུང་དགེ་བཤེས་ཚུལ་ཁྲིམས་གཙུག་ཕུད་གཉིས། སྤྱི་གཉེར་བ། སྨྲར་དགེ་བཤེས་བསྟན་འཛིན་རྣམ་རྒྱལ་དང་། རྩིས་པ། དགེ་བཤེས་ཤེས་རབ་བློ་གྲོས། དྲུང་ཡིག་པ། དགེ་བཤེས་གདོང་སྐལ་བཟང་བསམ་གཏན་དང་དགེ་བཤེས་རིག་པའི་མེ་ལྕེ་བཅས་ཚོགས་པའི་ལས་འཛིན་མི་སྣར་གསར་བསྐོས་གནང་སྟེ། མདོ་སྨད་རྔ་ཡུལ་སྣང་ཞིག་དགོན་ཆེན་དུ་མཚན་ཉིད་འཆད་ཉན་གྱི་དབུ་གསར་དུ་བརྙེས་ནས་ལོ་འཁོར་བརྒྱ་ཕྲག་གཅིག་ལོན་པའི་དགའ་སྟོན་མཛད་སྒོ་དང་འབྲེལ་ཚོགས་པ་འདིའི་སྔོན་འགྲོའ་ིགྲོས་མོལ་ཚོགས་འདུའི་དབུ་དངོས་སུ་བཟུང་། ཚོགས་ཐོག་ཏུ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མཆོག་ དང་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་བློ་འདྲི་མི་སྣ་སྣང་ཞིག་སྐྱབས་མགོན་རིན་པོ་ཆེ་རྣམ་པ་གཉིས་ཀྱི་གཙོས་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་གཡུང་དྲུང་བོན་གྱི་དགེ་བཤེས་བརྒྱ་ཕྲག་ལྷག་ལྷན་གཅིག་ཏུ་འཛོམས་ཏེ་ཟབ་རྒྱས་ངང་སྔོན་འགྲོའ་ིགྲོས་མོལ་ཚོགས་འདུ་རྒྱས་ཚོགས་བྱས་ཤིང་། མ་འོངས་པར་ལོ་རེ་རེའི་ནང་ཞང་བོད་རིག་གཞུང་ཞིབ་འཇུག་ཚོགས་པའི་དཔྱད་གླེང་ཚོགས་འདུ་ཉིན་གསུམ་ལ་ཚོགས་དགོས་པའི་གྲོས་འཆར་དགོངས་གཞི་བཏོན། དེ་ལྟར་ཚོགས་པ་འདི་སངས་རྒྱས་གཡུང་དྲུང་བོན་ཀྱི་དགེ་བའི་བཤེས་གཉེན་གྱི་མཚན་བཏགས་བཞེས་པའི་རབ་འབྱམས་པའི་སྡེ་ལ་ཆེད་དམིགས་བྱས་ཤིང་བསྟན་པའི་སྟོང་ཆ་གལ་ཆེན་ཞིག་ཀྱང་ཁ་སྐོང་བྱས་ཡོད་པ་ལགས། སྤྱི་ལོ་ཉིས་སྟོང་བཅུ་དགུ་ལོའ་ིཟླ་བརྒྱད་པའི་ཚེས་བཅུ་ནས་བཅུ་གཉིས་བར་ཉིན་གསུམ་ལ་ཞང་བོད་རིག་གཞུང་ཞིབ་འཇུག་ཚོགས་པའི་སྐབས་དང་པོའ་ིདཔྱད་གླེང་ཚོགས་འདུ་མདོ་སྨད་རྔ་ཡུལ་སྣང་ཞིག་དགོན་ཆེན་དུ་རྒྱས་ཚོགས་བྱས་ཤིང་མཁས་བརྒྱ་འགྲན་གླེང་གི་མེ་ཏོག་མཉམ་དུ་བཞད་དེ་མདོ་སྔགས་རྫོགས་གསུམ་རིག་གནས་ལོ་རྒྱུས་སོགས་བཅུ་རིག་ཤེས་བྱའི་གནད་ལ་ཚད་གསུམ་ཟུང་འབྲེལ་གྱི་སྒོ་ནས་བགྲོ་གླེང་ཕུན་སུམ་ཚོགས་པར་བྱས་སོ། །
   ༼ཞང་བོད་རིག་གཞུང་ཞིབ་འཇུག༽འདི་ནི་ལོ་རྒྱུས་ཀྱི་ཡིག་ཚང་ཆེན་པོ་ཞིག་ཀྱང་ཡིན་ཞེས་བརྗོད་ཆོག་ལ་རྟགས་གསལ་གྱི་གཏན་ཚིགས་ཡང་དག་ཅིག་ཀྱང་ཡིན་ཞེས་སྨྲ་འོས། དཔྱད་དེབ་འདི་རུ་བཀོད་པའི་དཔྱད་རྩོམ་རྣམས་ཞང་བོད་ རིག་གཞུང་ཞིབ་འཇུག་ཚོགས་པའི་སྐབས་དང་པོའ་ིདཔྱད་གླེང་ཚོགས་འདུ་རུ་ཆེད་ཕེབས་གནང་བའི་བོན་གྱི་དགེ་བའི་བཤེས་གཉེན་རྣམ་པའི་དཔྱད་རྩོམ་ཁོ་ན་ཡིན་ཞིང་། དཔྱད་རྩོམ་དེ་དག་དཔེ་ཀློག་གི་ངལ་བ་ཁུལ་ཏུ་བགྱིས་པ་ཙམ་གྱིས་འགྲུབ་སོང་བ་མ་ཡིན་པར། མཁས་བརྒྱ་འགྲན་གླེང་གི་མེ་ཏོག་མཉམ་དུ་བཞད་སའི་དགག་སྒྲུབ་ཀྱི་བཙན་རྫོང་ཆེན་པོ་ཞིག་ལས་ད་གཟོད་གཏན་ལ་ཕབ་ཅིང་སྡོམ་ཚིག་བྲིས་པ་ཡིན་པས་ལུང་རིགས་ཡང་དག་གི་ཉིང་ཁུ་གཅིག་ཏུ་དྲིལ་ཡོད་ཅེས་བསྔགས་པར་འོས་ཤིང་རྗེད་པར་རིགས། དཔྱད་དེབ་འདི་ལོ་རེ་རེ་ལ་ཞང་བོད་རིག་གཞུང་ཞིབ་འཇུག་ཚོགས་པའི་དཔྱད་གླེང་ཚོགས་འདུའི་མཇུག་ཏུ་པར་བསྐྲུན་གྱི་བགྱི་བ་གནང་རྒྱུ་ཡིན་ཞིང་དེའི་ཁྲོད་ཀྱི་དཔྱད་རྩོམ་རྣམས་ཚོགས་ཐོག་ཏུ་སྐུ་དངོས་སུ་བྱོན་ཏེ་བགྲོ་གླེང་བྱས་པའི་དགེ་བའི་བཤེས་གཉེན་རྣམ་པའི་མན་ངག་གི་གཡང་སྒམ་ཆེན་པོ་ཞིག་ཡིན་ལ་རིག་གནས་ལ་དུང་བ་ཆེ་ཞིང་འདུན་པ་ཟབ་པའི་ཤེས་ཡོན་པའི་ཚོགས་ལ་ཤེས་རབ་གསར་བའི་ལེགས་སྐྱེས་ཞིག་གི་དོད་ཀྱང་ཡིན་ཞེས་འགྲེལ་བརྗོད་བྱས་ན་ཆོག་གོ །
ཞང་བོད་རིག་གཞུང་ཞིབ་འཇུག་ཚོགས་པའི་དྲུང་ཡིག་ཚན་ཆུང་ནས།
   བཅུ་རིག་ཤེས་བྱའི་གནས་ལ་མཁྱེན་རྒྱ་ཡངས་པའི་ཀློག་པ་པོ་དང་ཤེས་ཡོན་པའི་ཚོགས་ལ་དམིགས་བསལ་ཞུ་རྒྱུ། དཔྱད་དེབ་འདི་མགོ་ནས་མཇུག་བར་དུ་ཚིག་འབྲུ་རེ་རེ་མིག་འདེད་བྱས་ཏེ་བརྗོད་བྱ་དོན་གྱི་བོན་ལ་དཔྱོད་པའི་ངལ་བ་དང་དུ་བླངས་ཡོད་ན། ཁྱེད་ཀྱི་ཤེས་རབ་ཀྱི་ཞིང་ས་གཤིན་པོ་ལ་ལྟོས་བཅས་ཀྱི་འབྲས་བཟང་གཡུར་དུ་སྨིན་ཡོད་པ་ཐེ་མི་ཚོམ། ལྷག་དོན་མ་འོངས་པར༼ཞང་བོད་རིག་གཞུང་ཞིབ་འཇུག༽ ཅེས་པའི་བརྗོད་བྱ་ཟབ་མོའ་ིམན་ངག་གཅིག་ཏུ་དྲིལ་ཡོད་པའི་གླེགས་བམ་སྲབ་ཅིང་ནང་དོན་ཕུན་སུམ་ཚོགས་པའི་དེབ་འདི་རིག་གནས་ཀྱི་བསླུ་ཁ་ཆེ་བའི་ལོ་རྒྱུས་པ་དང་མཚན་ཉིད་པ་མདོར་ན་དབྱངས་དང་གསལ་བྱེད་ཀྱི་སྡེབ་སྦྱོར་ཀློང་ན་རིག་གནས་ཀྱི་ཉི་མར་ལྡེ་བའི་ཤེས་ཡོན་པའི་ཚོགས་ལ་རེ་སྒུག་ཆེན་པོ་ཞིག་ཀྱང་མི་འགྱུར་བའི་ངེས་པ་ལར་ནས་མེད། དེ་ནི་གནས་སྐབས་ཀྱི་བཀོད་སྒྲིག་མི་སྣས་ཉམས་མ་བཞག་པར་ང་རྒྱལ་ཆེན་པོས་ངག་ལས་བྱུང་རྒྱལ་དུ་སྨྲས་པའི་གཏམ་ཞིག་མ་ཡིན་ཏེ། འདིའི་ཁྲོད་ཀྱི་རྩོམ་པ་པོའ་ིཚོགས་ནི་ཡོན་གནས་ཀྱི་ཚད་གཞི་རབ་ཏུ་མཐོ་ཞིང་འཆད་རྩོད་རྩོམ་གསུམ་གྱི་ཕྱག་ལས་གང་ལའང་གཞན་དྲིང་མི་འཇོག་པའི་མཁས་པ་ཆེན་པོའ་ིསྡེ་ཞིག་ཡིན་པས་ན། ཁོང་རྣམ་པའི་མཁྱེན་དཔྱོད་གཟུར་གནས་ཀྱི་བློ་གྲོས་ཡངས་པོས་སྣ་མང་གཞུང་ལུགས་ཀྱི་སྙིང་ཁུ་རྩལ་དུ་བཏོན་ཏེ་ཡིན་སྒྲུབ་མིན་དགག་གི་བཙན་རྫོང་རབ་ཏུ་སྟུག་ས་ཞིག་ནས་དཔྱད་རྩོམ་འདི་དག་གཏན་ལ་ཕབ་ཅིང་སྡོམ་ཚིག་བྲིས་པ་ཡིན་པས་ན་རིན་ཐང་དེ་བས་ཀྱང་ཆེ་བ་ཡིན། སྤྱིར་སྟོན་པ་སངས་རྒྱས་མི་ཡུལ་དུ་བྱོན་ཞིང་རིག་གནས་ཆེ་ཆུང་བཅུ་བོ་གདུལ་བྱ་ རིགས་ཅན་གསུམ་ལ་གང་ལ་གང་འདུལ་དང་དེ་ལ་དེ་བསྟུན་གྱི་སྒོ་ནས་གཏན་ལ་ཕབ་ཅིང་རྗེས་སུ་བཞག་པ་ནས། འཛམ་གླིང་མཁས་པའི་རྒྱན་དྲུག་དང་ལོ་པཎ་མཁས་པ་མི་བཞི། གཡས་རུའི་སྟོན་པ་བཅོ་བརྒྱད། རྨེའུ་སྨྲ་སེང་བཅུ་གསུམ། སྨན་རིའི་མཁན་རབས་རིམ་བྱོན་སོགས་མཁས་པ་གནམ་གྱིས་ས་བཀབ་པ་ལྟ་བུ་མང་དུ་བྱོན་མྱོང་ཞིང་དགག་སྒྲུབ་རིག་པའི་འཁོར་ལོ་ཡང་ཡང་བསྐོར་མོད་མདོ་སྔགས་རྫོགས་གསུམ་རིག་ གནས་ལོ་རྒྱུས་གང་ལའང་ལྟ་བའི་སྤྱི་སྒྲོམ་འདི་ཡིན་ཞེས་རྩོད་མེད་ཡོངས་གྲགས་ཀྱི་གཏན་ཚིགས་ཤིག་སུས་ཀྱང་འགོད་མ་ཐུབ་པར་མཁས་པ་ཆེན་པོས་རང་གི་རྣམ་དཔྱོད་ཀྱི་རྩལ་ལས་བཏོན་ཞིང་བཀའ་ལ་བརྟེན་པའི་གསུང་རབ་མང་དུ་ཕྱག་བྲིས་མཛད་དེ་ཕྱི་རབས་འགྲོ་བའི་དོན་དང་བསྟན་པའི་སླད་དུ་བཀའ་རྟེན་རི་ལྟར་བརྩིགས་པ་ལགས་ན། དཔྱད་རྩོམ་འདི་དག་ཀྱང་ཀློག་པ་པོའ་ིཐུགས་ཀྱི་དགོངས་པ་དང་ལྟ་བའི་ཁ་དོག་གཅིག་ཏུ་གནས་ཡོད་པ་ཐག་གིས་མི་ཆོད་ཀྱང་གཏན་ཚིགས་བརྒྱ་ཡིས་ལོག་པར་སྒྲུབ་མི་ཐུབ་པར་ཁ་ཚོན་གཅོད་ཐུབ་བོ། །
   སླར་ཡང་། དེབ་འདི་བམ་ཀློག་ཙམ་མིན་པར་ནན་ནན་ཏིག་ཏིག་གིས་ཐེངས་གཅིག་བཀླགས་ཡོད་ཚེ་དེའི་ཁྲོད་ན་སུམ་རྟགས་དག་གསུམ་གྱི་འགྲོས་དང་འགལ་བ་ཡི་གེའི་སྦྱོར་ཚུལ་གྱི་ལུགས་དང་མི་མཐུན་པའི་སྐྱོན་གྱི་འདུ་བྱེད་རེ་འགའ་མཐོང་མི་སྲིད་པའི་ངེས་པ་ལར་ནས་མེད་ཅིང་དེ་དག་ནི་ངེད་དྲུང་ཡིག་པ་གཉིས་ཀྱི་ཤེས་རབ་ཀྱིས་མ་འཇོན་པ་དང་མ་འཐུས་པའི་ཆ་ཡིན་པས་མཁྱེན་ལྡན་མཁས་པའི་ཚོགས་ལ་བཟོད་གསོལ་དང་དགོངས་ཡངས་ཞུས་པ་ཡིན།
   དམིགས་བསལ་སྤྱི་ལོ༢༠༢༠ལོའ་ིཞང་བོད་རིག་གཞུང་ཞིབ་འཇུག་ཚོགས་པའི་སྐབས་གཉིས་པའི་དཔྱད་གླེང་ཚོགས་འདུའི་སྟེང་གི་དཔྱད་རྩོམ་རྣམས་ངེད་དྲུང་ཡིག་ཚན་ཆུང་གིས་དུས་ལྟར་བརྡ་བཏང་བ་ཇི་བཞིན་དུ་དུས་ཚོད་ལྟར་བསྐུར་རྒྱུའི་རེ་ཞུ་ཕུལ་བ་དང་མ་འོངས་པའི་དཔྱད་རྩོམ་རྣམས་ལ་རྩོམ་པ་པོ་རང་རང་གིས་རྗོད་བྱེད་ཚིག་དང་བརྗོད་བྱ་དོན་གྱི་སྟེང་ལ་ཐུགས་གཟབ་གཟབ་ངང་ཞུ་དག་འཐུས་ཚང་ཞིག་བྱེད་རྒྱུའི་རེ་ཞུ་བསྐྱར་དུ་བཏོན་པ་ཡིན། །
གཤེན་རབ་སྟོན་པའི་ཐུགས་ཀྱི་དཔལ་ཡོན་གདུལ་བྱའི་ཁམས་སུ་བཀྱེས་པ་ཡི། །
ཐེག་པ་རིམ་དགུ་སྒོ་བཞི་མཛོད་ལྔ་གསང་གསུམ་བོན་གྱི་འཁོར་ལོ་དེ། །
བསྐལ་བས་མ་འཇིག་རྐྱེན་གྱིས་མ་ཞིག་སྐལ་ལྡན་འགྲོ་བའི་དཔལ་དུ་སྨིན། །
ཟབ་མོའ་ིགནས་ལུགས་བོན་གྱི་འཁོར་ལོ་སྲིད་པ་གསུམ་ལ་བསྐོར་བར་ཤོག །
ཅེས་ཞང་བོད་རིག་གཞུང་ཞིབ་འཇུག་ཚོགས་པའི་དྲུང་ཡིག་ཚན་ཆུང་གིས།
འབྲེལ་གཏུག་བྱ་ཡུལ། 13408378655        18283744456
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།