སྤུ་རྒྱལ་ཤེས་རིག་དཔྱད་གླེང་སྐབས་གསུམ་པའི་ཆེད་རྩོམ་དཔྱད་གླེང་ཕྱོགས་བསྒྲིགས་ཀྱི་དེབ་པར་སྐྲུན་ཟིན་པ།

[ཟླ་ཚེས། 2020-05-24 08:44:45][རྩོམ་པ་པོ།  དགེ་བཤེས་གཡམ་དྲང་སྲོང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

སྔོན་གླེང་།
   ཕྱི་ལོ༢༠༡༧ ནས་༢༠༡༩ ལོ་བར «སྤུ་རྒྱལ་ཤེས་རིག་དཔྱད་གླེང»འཚོགས་ཐེངས་གསུམ་པ་ཕེབས་ཟིན་པ་རེད། འདིའི་རྒྱབ་ལྗོངས་སུ་འཇིག་རྟེན་ཁམས་ལ་མི་ཟེར་བ་དེ་ལ་བསམ་བློ་སྣ་མང་ཕུན་སུམ་ཚོགས་པ་དང་རྟོག་དཔྱོད་ཕུན་སུམ་ཚོགས་པ་ཞིག་ཡོད་པ་དང་། དེ་ལ་བརྟེན་པའི་འབྲེལ་བ་ངེས་ཅན་གྱི་སྒོ་ནས་རིག་གནས་སྣ་མང་ཕུན་སུམ་ཚོགས་པ་ཞིག་བྱུང་ཞིང་གྲུབ་པ་རེད། དེ་ཡང་ཁོར་ཡུག་རང་རང་ལ་ཁྱད་བོན་རེ་ཡང་ཡོད་པ་རེད། རིག་གནས་དེ་རིགས་ལ་བརྟེན་ནས་སེམས་ཁམས་ལ་དགོས་པའི་རྣམ་པ་སྣ་ཚོགས་ཤིག་ཀྱང་རིམ་བཞིན་གྲོལ་བས་ཕུན་སུམ་ཚོགས་པ་ཞིག་གྱུར་སོང་བ་རེད། དེ་འདྲའི་གནས་བབ་འོག་ནས་སྤུ་རྒྱལ་གངས་རིའི་བླ་དྭགས་ཅན་གྱི་དཔྱད་གླེང་གྲོས་ཚོགས་ཏེ། ཡུལ་འདི་དང་། ཕྱོགས་གཞན། སྐྱ་སེར་ཕོ་མོ་ཅི་རིགས་ཀྱིས་གཞུང་ལུགས་དང་དམངས་ཁྲོད་རིག་གནས་ཅི་རིགས་པའི་སྒོ་ནས་དཔྱད་རྩོམ་བསྐུར་ཞིང་བགྲོ་གླེང་གི་ཚོགས་ཐོག་ཏུ་ཞུགས་ཆོག་པའི་དཔྱད་གླེང་གྲོས་ཚོགས་ཤིག་བསྐོངས་པ་འདི་ནི། སྤུ་རྒྱལ་གངས་རིའི་གཡས་གཡོན་འདབས་རོལ་གྱི་ཤེས་འཇོན་ལྡན་པའི་བླ་སྤྲུལ་སྐྱ་སེར་མང་པོ་ཞིག་གི་མཐུ་དང་དཔུང་ལས་བྱུང་བ་ཞིག་རེད་ལ། དེའི་མིང་དུ«སྤུ་རྒྱལ་ཤེས་རིག་དཔྱད་གླེང»ཟེར་བ་རེད། དོན་དུ་བོན་གྱི་རིག་གཞུང་དང་། ཡུལ་གྱི་ལམ་སྲོལ། འཚོ་བའི་དགོས་མཁོ་བཅས་ལས་བྱུང་བའི་སྣ་མང་རིག་གནས་ལ་དཔྱད་པ་བརྗོད་པའི་རྩོམ་ཡིག་རྣམས་གར་སྟེགས་ཐོག་ནས་མཁས་མང་དང་མི་མང་འདུས་སར་བགྲོ་ཞིང་གླེང་བའི་གྲོས་ཚོགས་ཤིག་བསྡུས་ནས་ད་བར་ཐེངས་གསུམ་སོང་བ་རེད། དེ་ལྟར་བསྡུས་པའི་དཔྱད་རྩོམ་རྣམས་ལྷན་གཅིག་ཏུ་བསྡུས་ནས་དེབ་ཕྲེང་རིམ་བཞིན་སྤེལ་ཐུབ་པ་བྱུང་བ་དང་། དེ་ཡང་འགྲོ་བའི་ཁམས་སུ་སྣ་མང་རིག་གནས་དང་རིག་གཞུང་ཡོད་ཀྱང་འཆར་གཞིའི་ལྡན་པའི་སྒོ་ནས་མཉམ་དུ་བསྡུས་པའི་རིག་གནས་དང་རིག་གཞུང་ཞིག་མེད་པ་ཡིན་ན་དེ་ཉིད་ཁ་འཐོར་དུ་གནས་པ་རེད། ཁ་འཐོར་དུ་གནས་ཕན་ཆད་རིག་གནས་དང་རིག་གཞུང་དེ་ཉིད་དཀྱུས་མའི་ལམ་དུ་ཆས་པ་དང་། རང་གི་འོད་སྣང་ལ་གཞོག་འདེགས་མེད་པས་འོད་ནམ་མཁར་འཕྲོ་བ་ལ་རླབས་ཤུགས་ཀྱང་ཞན་པ་རེད། མ་ཟད་རིག་གནས་དེའི་ཤུགས་རྐྱེན་འོག་ནས་རྒྱ་ཆེའི་མི་མང་ཡང་ཁ་འཐོར་ཡ་གྱལ་དུ་གནས་པ་ལས་མཉམ་འདུས་དང་ཆ་ཚང་བའི་སྟོབས་ཤུགས་ཤིག་ཐོན་མི་ཐུབ་པ་རེད། དེའི་དཔེ་ནི་བོད་སིལ་བུའི་དུས་སྐབས་བཞིན་རེད། ད་དུང་དུས་ཀྱི་གཉན་འཕྲང་ལ་ཐུག་པ་ཡིན་ན་ཚེགས་མེད་དུ་གཞན་གྱི་རྐང་འོག་ཏུ་འགྲོ་བ་དང་། གཞན་འོག་ནས་འཚོ་བ་རོལ་དགོས་པ་དེ་འདྲ་ཡོང་གི་ཡོད་པ་རེད། དེས་ན་མི་རྣམས་ལྷན་གཅིག་ཏུ་འགྲོགས་དགོས་པ་དང་། དེ་ཡོང་བ་ལ་རིག་གནས་ལྷན་གཅིག་ཏུ་བསྡུ་དགོས་པ་དེ་གཉིས་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་གལ་ཆེན་ཞིག་ཆགས་ཡོད་སྟབས། སྤུ་རྒྱལ་ཤེས་རིག་དཔྱད་གླེང་ཡང་དེ་ལ་འབྲེལ་ཡོད། དཔྱད་གླེང་ལས་ཐོན་པའི་དཔྱད་དེབ་ཀྱང་དེ་ལ་ལོས་འབྲེལ། ད་དུང་དཔྱད་དེབ་འདི་ཉིད་ཀྱི་གལ་ཆེའི་རང་བཞིན་ཞིག་ནི། དཀའ་ངལ་སྣ་ཚོགས་ཀྱིས་མི་མང་མཉམ་དུ་བསྐོངས་ཤིང་འཚོགས་པ་དང་། སྐབས་བབ་བགྲོ་གླེང་པ་དག་གིས་དཀའ་བའི་ཚེགས་དང་དཀོན་པའི་དུས་ཚོད་གཉིས་ཀ་བེད་སྤྱད་ནས་བྱུང་བའི་ཐོན་དངོས་ཏེ། དཔྱད་རྩོམ་རྣམས་གསེང་དུ་བོར་མ་སོང་བ་དང་། ཕག་ཏུ་ཡིབ་མ་སོང་བ། ཁ་འཐོར་ཡ་གྱལ་གྱི་ལམ་དུ་འཕྱན་ནས་ནུས་པ་ཞན་མི་འགྲོ་ཐབས་ཤེས་ཉག་གཅིག་ཏུ་དམིགས་ནས་སྤུ་རྒྱལ་ཤེས་རིག་དཔྱད་གླེང་གི་མིང་ཐོག་ནས་ལྷན་གཅིག་ཏུ་བསྡུས་པ་རེད། དེ་བས་ན་དཔྱད་དེབ་འདི་ཉིད་སྤྱིར་ན་དཀའ་བའི་ཚེགས་དང་། དཀོན་པའི་རྒྱུ། རྙེད་དཀའི་དུས་ཚོད་མང་པོ་ཞིག་བེད་སྤྱོད་བཏང་ནས་བྱུང་བའི་ཐོན་འབྲས་སྟོན་གྱི་མར་ཤེ་སྣུམ་འབོལ་ལེ་བ་ཞིག་ཡིན་པ་དང་། ཡང་སྒོས་སུ་དེང་གི་ཆར་སྙན་རྩོམ་གྱི་ཚིགས་བཅད་ཐོར་བུ་འགའ་སྤུས་ཀ་ཡོད་མེད་ལ་མ་ལྟོས་པར་དེབ་ཕྲེང་མང་པོ་བཏོན་ཡོད་ཟེར་བ་དང་། ཡང་འགའ་ཞིག་གིས་གསུང་འབུམ་གྱི་གཏོས་སུ་དམིགས་ཏེ་སྙན་ངག་ཡིག་བསྐུར་གསོལ་འདེབས་སོགས་སྣ་མང་བསྡུས་ནས་གསུང་འབུམ་དེབ་ཕྲེང་སྤམ་མཐུག་པོར་བསྒྲིགས་པ་སོགས་ཀྱང་སྤྱིར་ཤེས་རིག་གི་ཐོག་ནས་ལག་རྗེས་འཇོག་པའི་ཁུལ་ཡིན་ཙམ་ལམ་ཕྱོགས་ཡག་པོ་ཞིག་ཡིན་ཀྱང་། ད་ལན་འདི་ལྟ་བུའི་དཔྱད་རྩོམ་མམ་དཔྱད་རྩོམ་གྱི་དེབ་ཕྲེང་ནི་དེ་དག་ལས་ཅུང་ཟད་རིན་ཐང་ཆེ་བའི་རིག་དངོས་ཤིག་ཡིན་པ་སྨོས་མ་དགོས་པ་རེད་སྙམ། དེ་བས་ན་དཔྱད་གླེང་གྲོས་ཚོགས་དང་དཔྱད་དེབ་ཕྱོགས་སྒྲིག་གི་ལས་གཞི་འདི་ནི་ཁྱུང་ཡུལ་སྤུ་རྒྱལ་ཁུལ་དང་དེ་འབྲེལ་གྱི་ཡུལ་གྲུ་ཁག་གི་ནང་ནས་སྐྱ་སེར་གཉིས་ཀྱི་སྡེ་ཁག་གི་རིག་གནས་པ་དང་སྨྱུག་ཐོགས་པ་མང་པོ་ཞིག་འཚར་ལོངས་འབྱུང་བཞིན་ཡོད་པ་དག་གིས་སྨྱུག་ཁ་དཀྱུ་ས་དེ་སྙན་རྩོམ་དྲྭ་རྩོམ་ཙམ་མ་ཡིན་པ་རིག་གཞུང་དཔྱད་རྩོམ་སོགས་སྣ་མང་རྩོམ་རིག་གི་རྒྱ་ལམ་ཡངས་པའི་ཐོག་ཏུ་སྐྱོད་ཐབས་ཀྱི་དབུ་ཁྱུད་བྲིས་པ་ཙམ་ཞིག་ཀྱང་དོན་གྱིས་གྲུབ་ཡོད། དེས་ན་དཔྱོད་ལྡན་ཀློག་པ་པོ་དང་། འབྱོར་ལྡན་ཡོན་གྱི་བདག་པོ། མོས་ལྡན་གསན་གཟིགས་པ་ཡོངས་ནས་དེ་ལུགས་ཀྱིས་དགོངས་བཞེས་གལ་ཆེན་གནང་ན་འཐུས་པ་རེད།
       དགེ་བཤེས་གཡམ་དྲང་སྲོང་གིས་ཁྱུང་པོ་སྟེང་ཆེན་དུ་བྲིས། 
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།