སྟོང་སྐོར་ཚེ་རིང་ཐར་གྱི་དཔྱད་བརྗོད་དེབ་གཉིས་པར་སྐྲུན་འགྲེམས་སྤེལ་བྱས།
[ཟླ་ཚེས། 2019-03-11 20:47:33][རྩོམ་པ་པོ། རྩོམ་སྒྲིག་པ། གླིང་སྨྱོན།][རྩོམ་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།][ཀློག་གྲངས། ]
《ཞང་ཞུང་ཤེས་རིག་སྐོར་གྱི་དཔྱད་བརྗོད་བྱ་རུའི་གཟི་བྱིན》དང《བོན་བསྟན་རིག་གནས་སྐོར་གྱི་དཔྱད་བརྗོད་ཁྱུང་རུའི་འོད་སྣང 》ཞེས་པ་གཉིས་པར་སྐྲུན་འགྲེམས་སྤེལ་བྱས།
ཉེ་ལམ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་སྟོང་སྐོར་ཚེ་རིང་ཐར་ལགས་ཀྱིས་བརྩམས་ཤིང་བླ་མ་བཀྲ་ཤིས་ཀྱིས་བསྒྱུར་བའི་རིག་གཞུང་ཆེད་དེབ《ཞང་ཞུང་ཤེས་རིག་སྐོར་གྱི་དཔྱད་བརྗོད་བྱ་རུའི་གཟི་བྱིན》དང《བོན་བསྟན་རིག་གནས་སྐོར་གྱི་དཔྱད་བརྗོད་ཁྱུང་རུའི་འོད་སྣང》ཞེས་པ་གཉིས་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམས་སྤེལ་བྱས།
རིག་གཞུང་ཆེད་དེབ་འདི་གཉིས་ནི་རྩོམ་པ་པོས་ལོ་མང་པོའི་རིང་ལ་བོད་རིག་པའི་ཞིབ་འཇུག་གི་ལས་རིམ་ཁྲོད་དུ། བོན་དང་འབྲེལ་ཡོད་རིག་གནས་སྐོར་ལ་ཉམས་ཞིབ་བྱས་པའི་གཡུར་ཟའི་གྲུབ་འབྲས་དག་ཕྱོགས་གཅིག་ཏུ་བསྡོམས་པ་ཞིག་ཡིན། དེ་ཡང་དཔྱད་འབྲས་དག་དུས་ཀྱི་སྔ་ཕྱི་མི་འདྲ་བར་བོད་ཡིག་དང་། རྒྱ་ཡིག དབྱིན་ཡིག དབྱི་ཏ་ལིའི་ཡི་གེ་བཅས་ཡིག་རིགས་བཞིའི་ལམ་ནས་རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་དུས་དེབ་ཁག་ཏུ་སྤེལ་བ་ཡིན་ལ། ད་ཐེངས་བོད་ཡིག་ཏུ་བྲིས་པ་ཕུད་གཞན་རྣམས་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་ནས་དཀྱུས་གཅིག་ཏུ་བསྒྲིགས་པ་ཡིན།
《ཞང་ཞུང་ཤེས་རིག་སྐོར་གྱི་དཔྱད་བརྗོད་བྱ་རུའི་གཟི་བྱིན》ཞེས་པར་གནའ་རབས་ཞང་ཞུང་གི་ཤེས་རིག་དང་ས་ཁོངས། གངས་ཏི་སེ་བླ་རིའི་དད་མོས་དང་དེའི་མཐའ་འཁོར་གྱི་གནའ་བོའི་ཤེས་རིག་སོགས་ཀྱིས་མཚོན་པའི་ཞང་ཞུང་ཤེས་རིག་སྐོར་ལ་དཔྱད་ཞིབ་བྱས་པའི་དཔྱད་རྩོམ་བཅུ་གཅིག་བཀོད་ཡོད་པ་དང་། 《བོན་བསྟན་རིག་གནས་སྐོར་གྱི་དཔྱད་བརྗོད་ཁྱུང་རུའི་འོད་སྣང》ཞེས་པར། བོད་ཡིག་གི་འབྱུང་གཞིར་གསར་དུ་དཔྱད་པ་དང་། དུས་རབས་བརྒྱད་པའི་བོན་ཆོས་ཀྱི་འབྲེལ་བ་དང་བོན་གསར་མ་བྱུང་ཚུལ། གཡུང་དྲུང་བོན་གྱི་བཀའ་དང་བཀའ་བརྟེན་གྱི་བྱུང་འཕེལ་སོགས་ཀྱིས་མཚོན་པའི་བོན་དང་བོན་གྱི་རིག་གནས་སྐོར་ལ་དཔྱད་ཞིབ་བྱས་པའི་དཔྱད་རྩོམ་བཅུ་གཅིག་བཀོད་ཡོད ། རྩོམ་པ་པོས་ལོ་ངོ་མང་པོའི་དཀའ་སྤྱད་འབད་བརྩོན་བརྒྱུད་དེ། བོན་གྱི་ཡིག་ཚང་ཁག་ལ་དཔྱད་ཞིབ་དང་ཡུལ་དངོས་རྟོག་ཞིབ་ཀྱི་བྱེད་ཐབས་བེད་སྤྱད་ཅིང་། རྒྱལ་ཁབ་ཕྱི་ནང་གི་བོན་བསྟན་ཞིབ་འཇུག་གི་གྲུབ་འབྲས་གསར་བ་དག་མིག་ལྟོས་སུ་བཟུང་ནས། དཔྱད་བྱ་གང་ཉིད་ལ་དཔྱད་པ་གནད་དུ་ཐིངས་པ་བཏང་སྟེ་རང་ཉིད་ཀྱི་ཁེར་ཚུགས་ཀྱི་ལྟ་བ་རེ་རེ་བཏོན་ཡོད་པས། མིག་སྔའི་བོན་གྱི་ཞིབ་འཇུག་གི་གྲུབ་འབྲས་དག་ལས་མདུན་གྲས་སུ་སླེབས་ཡོད་དོ།།
དཔེ་དེབ་འདི་གཉིས་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ཇུས་འགོད་བྱས་པའི《བོན་དང་ཞང་ཞུང་ཞིབ་འཇུག་དཔེ་ཚོགས》ཞེས་པའི་ནང་བདམས་ནས་པར་སྐྲུན་བྱས་པ་ཡིན་ནོ།།