«བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་འགྲེལ»དཔེ་སྐྲུན་འགྲེམ་སྤེལ་བྱས་པ།

[ཟླ་ཚེས། 2018-12-23 23:22:28][རྩོམ་པ་པོ། སྟོང་སྲས་ལྷ་བུ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

微信图片_20181223230307.jpg

དཔེ་སྐྲུན་གསལ་བཤད།

བོད་ཁ་བ་ཅན་གྱི་ལྗོངས་འདིར་མི་ལོ་སྟོང་ཕྲག་དུ་མའི་སྔོན་ནས་ཕ་མེས་ཡང་མེས་དག་གིས་རྣམ་དཔྱོད་ནམ་མཁའི་སྤྲིན་དང་བདར་ཏེ་ཕྱི་རབས་པ་ལ་བསྩལ་པའི་རིག་པའི་གནས་ཆེན་པོ་ལྔ་དང་ཆུང་བ་ལྔ་བཅས་ས་སྐྱེས་རྡོ་སྐྱེས་ཀྱི་བཅུད་མདངས་ཡོངས་སུ་རྫོགས་པ་བསྡུས་ཏེ་ལེགས་པར་གནང་ཡོད། དེ་དག་ང་ཚོར་བབ་པའི་ལྷ་སྐལ་གྱི་མེ་ཏོག་ནང་བཞིན་བལྟས་ན་མིག་དབང་འཕྲོག་པ་དང་བསམ་ན་ཡིད་སེམས་ལྷོད་ཀྱིས་འགུགས་པ་སོགས་སྐལ་ལྡན་བསོད་ནམས་ཆེན་པོའི་ཞིང་ནས་འཁྲུངས་པ་ཞིག་ཡིན་ནོ། །

ད་ལན་དེ་དག་གི་ནང་ནས་མེ་ཏོག་རྐང་གཅིག་སྟེ། ཁྱུང་སྤྲུལ་འཇིགས་མེད་ནམ་མཁའི་རྡོ་རྗེས་མཛད་པའི«བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག་ངག་འཛིན་ཟུར་བཀོལ»དང་དེའི་རང་འགྲེལ་ཚིགས་སུ་བཅད་པ«བརྡ་སྤྲོད་ཀུན་གྱི་སྙིང་པོ་སྲིད་པའི་སྒྲོན་མེ»ཞེས་པ་གཉིས་ལྷན་ཐབས་ཀྱི་སྒོ་ནས་འཕྲུལ་པར་དེབ་གཟུགས་མ་རུ་བསྐྲུན་པ་ཡིན་ལ། འདི་ནི་བོན་གཞུང་ལྟར་གྱི་བརྡ་སྤྲོད་ཁ་གསལ་ཤོས་དང་གཞི་འཛིན་ས་ལེགས་ཤོས་ཤིག་ཏུ་འཛིན་གྱི་ཡོད་པ་བཞིན་ཕྱི་རབས་པར་ལྟ་བདེ་ཁྱེར་བདེ་དང་། གོ་བདེ་ཀློག་བདེ་ཡོང་ཆེད་དཔེ་བསྒྲིགས་སུ་བགྱིས་པ་ཡིན། ལྷག་དོན་དུ་རང་གི་ཉེ་གནས་ཀྱི་མཆེད་གྲོགས་མང་པོས་འདི་ཉིད་སློབ་ཁྲིད་ཀྱི་ལས་དཀར་མངག་པ་དང་སྐབས་བསྟུན་ནས་ཁོང་རྣམས་ལ་གནས་སྐབས་སྤྱོད་བདེའི་བདེ་དོན་ཆེད་དམིགས་ཀྱིས་དཔར་སྐྲུན་གྱི་བྱ་བར་བྲེལ་བ་ཡིན། མ་ཟད་བོད་གངས་ཅན་པའི་ཕ་ནོར་རིག་གཞུང་ཕྱི་མོ་གཡུང་དྲུང་བོན་གྱི་གཞུང་ལུགས་ཀྱི་བཀའ་ལ་གཙོར་བཞག་བྱས་ནས་མཛད་པ་ཞིག་སྟེ། རྒྱ་ཆེ་ཀུན་འབུམ་དང་གཙུག་ལག་དཔལ་འབུམ། མ་རྒྱུད་སྐྱེ་མེད་ཐིག་ལེ་འགྲེལ་སོགས་བཀའ་དང་བཀའ་རྟེན་རྣམས་ལ་གཞི་བཅོལ་ཏེ་བརྩམས་པ་ཞིག་ཡིན་ཞིང་། དེ་དག་གི་དགོངས་དོན་གཞི་གཅིག་ཏུ་དྲིལ་ནས་བརྡ་ཡང་དག་པར་སྦྱོར་བའི་བསྟན་བཅོས་ཁ་གསལ་གོ་བདེ་ཅན་ཞིག་ཡིན། ད་དུང་བོན་གྱི་གཞུང་ལུགས་ལ་ཐོས་བསམ་བྱེད་མཁན་ཕལ་ཆེར་གྱི་གཞི་འཛིན་གཙོར་ལེན་བྱེད་ས་ཞིག་ཡིན་ལ་བརྡ་དག་སྦྱོང་བར་མེད་དུ་མི་རུང་བའི་ཆེད་དོན་ལ་དམིགས་ནས་དཔེ་བསྐྲུན་བྱས་པ་ཡིན་ཞིང་དེ་དོན་གསར་སློབ་ཡོངས་ཀྱིས་ཐུགས་འཇགས་དགོངས་འཛིན་མཁྱེན་རོགས་ཞུ་ཞེས་མེ་ཏོག་རྐང་གཅིག་གི་དོད་དུ་ཕུལ་བ་ལགས་སོ། །

ཞེས་སྟོང་སྐོར་བ་གཡུང་དྲུང་བསྟན་པའམ་སྟོང་སྲས་ལྷ་བུ་རུ་འབོད་པས་སྤེལ་བ་དགེ་བར་གྱུར་ཅིག་གུ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།