བགྲེས་པོའི་འབེལ་གཏམ་འདོན་ཐེངས་བཅོ་བརྒྱད་པ་གསར་ཐོན་བྱུང་བ།

[ཟླ་ཚེས། 2018-02-19 16:36:31][རྩོམ་པ་པོ། ཆོས་འཁོར་དགེ་བཤེས་གཡུང་དྲུང་རྒྱ་མཚོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1519029590118677.jpeg
བགྲེས་པོའི་སྔོན་གླེང་གྱེར་གཤེན་སྨྲང་རབས།

   དུས་ཀྱི་འགྱུར་འགྲོས་སྣ་ཚོགས་དང་། གདུལ་བྱའི་བསོད་ནམས་ཀྱི་འཕེལ་འགྲིབ། བསྟན་འཛིན་གྱི་འཕྲིན་ལས་རྒྱས་བསྡུས་སོགས་ཀྱི་དབང་གིས་སྲིད་པ་གཡུང་དྲུང་བོན་བསྟན་རིན་པོ་ཆེ་འདི་ཉིད་ལ་བསྟན་བདག་གཤེན་པོ་ཆེ་དེ་ཉིད་ནས་བཟུང་ད་ལྟའི་བར་བསྟན་པ་བརྒྱུད་ཚུལ་གོང་འཕེལ་དང་མར་འགྲིབ་ཅི་རིགས་བྱུང་བའི་རྐྱེན་གྱིས་ལོ་རྒྱུས་ཀྱི་ཁ་ཕྱོགས་ཀྱང་འདྲ་མིན་བགྲང་གིས་མི་ལང་པར་མངོན། དེས་ན་ཆེས་སྙིགས་མ་ལྔ་བདོ་བའི་དུས་བསྐལ་འདིར་ཡང་གྱེར་བསྟན་འདི་ཉིད་རྩ་བ་མ་རུལ་ཞིང་རྩེ་མོའང་མ་སྐེམ་པར་བཞུགས་པས་མ་ཚད། ད་ལྟའི་ཆར་ཡང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་སྟེ། ཆད་ས་ནས་མཐུད་ཅིང་། འགྱེལ་ས་ནས་བསླངས། གས་ས་ནས་སྦྱར། ཉམས་ས་ནས་གསོས་པ་སོགས་ཀྱང་མཛད་སྟབས། བརྒྱ་ཡིས་འགེམས་ཤིང་སྟོང་གིས་མནན་ཡང་གཏན་ཡལ་དུ་མ་སོང་བ་ནི་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཏུ་བཤད་པར་སྤོབས་མོད། འོན་ཀྱང་དེ་དག་ནི་བྲག་རོང་གི་ལམ་འཕྲང་གུ་དོག་པོ་དང་གད་གྲོག་གི་གཅོང་རོང་གཡང་གཟར་པོ་འདྲ་བའི་དུས་ཀྱི་གོད་ཆག་དུ་མ་ཞིག་བརྒྱུད་ནས་བསླེབས་པའང་ལོས་ཡིན། དུས་རིམ་དེ་དག་གི་ཁྲོད་གངས་རིའི་མུ་ཁྱུད་ཀྱིས་ཡོངས་སུ་བསྐོར་བའི་གདོད་མའི་རྒྱལ་ཁམས་དེ་རུ་སྐབས་འགར་སྣང་བའི་ཉི་མ་ཡལ་བར་ཉེ་ཞིང་། ལན་རེར་མུན་སྲིབ་ཀྱི་ས་སྲོད་རུབ་པར་བརྩམས་པས། ཡོད་ཚད་སྨག་རུམ་སྟུག་པོས་བཏུམ་ལ་ཉེ་བར་གྱུར་མོད་ཀྱང་གཏན་ཡལ་དུ་གཏོང་མ་ཐུབ་པ་དེ་ནི་གདོད་མའི་ཤེས་རིག་དེ་ཉིད་ཀྱི་བདེན་པའི་རྩ་བ་བརྟན་པའམ། ཡང་ན་ཤེས་རིག་དེ་དག་གི་གཞན་ལ་ཕན་བདེ་སྦྱིན་པའི་འཕྲིན་ལས་ཀྱི་མཛད་པ་རྣམས་ད་དུང་མ་རྫོགས་པའི་བརྡ་རུ་སྣང་། རིང་པོར་མ་ཐོགས་པར་ཟབ་མོ་གཏེར་གྱི་འདོན་རིམ་དབུ་བརྙེས་ཤིང་། གཏེར་སྟོན་ཡོངས་ཀྱི་རྒྱལ་པོ་སྟེ་བླ་མ་གཤེན་ཆེན་པོའི་གཏེར་སློབ་ཏུ་བྲུ་ཞུ་སྤ་རྨེའུ་བྱོན་པས། དེ་དག་ནས་དར་བའི་དམུ་རིགས་གཤེན་གྱི་གདན་ས་རི་རྒྱལ་ཁྲི་བརྟན་ནོར་བུ་རྩེ་དང་། དཔལ་ལྡན་བྲུའི་གདན་ས་གཡས་རུ་དབེན་ས་ཁ། དབང་ལྡན་ཞུའི་གདན་ས་རི་ཞིང་དགོན། མཁས་པ་རྨེའུའི་གདན་ས་བཟང་པོ་རི་བཅས་བཞི་སྟེ་གྱེར་ཁམས་ཀུན་ཏུ་གྲགས་པའི་གྲྭ་ས་ཡ་བཞིར་འབོད་པ་རྣམས་ཆགས། དེ་དག་གི་རྟིང་མར་བྱུང་བ་ནི། ལྷག་པར་དུ་ལམ་བསླབ་པ་རྣམ་པ་གསུམ་ལ་ཉམས་སུ་ལེན་ཞིང་། བོན་མདོ་སྔགས་སེམས་གསུམ་གྱི་རྒྱུད་ཁུངས་བཙུན་པ། རྣམ་པར་དག་པ་འདུལ་བའི་སྡེ་ཡི་སྡོམ་རྒྱུན་གྱི་འདུས་སོ་སྟེ། ངུར་སྨྲིག་འཛིན་པའི་འདུས་སྡེ་ཆེན་པོ་བཀྲ་ཤིས་སྨན་རིའི་གླིང་དང་རབ་ལེགས་གཡུང་དྲུང་གླིང་སྟེ་གདན་ས་གོང་འོག་གཉིས་ཀྱི་སྟེང་མཁར་སྣ་བསམ་གཏམ་གླིང་བཅས་ལ་བོན་གྱི་གདན་ས་གོང་འོག་བར་གསུམ་ཞེས་པའི་གྲགས་པ་འབར།  སྤྱིར་བོན་ལུགས་འདིར་དམར་སེར་ངུར་སྨྲིག་འཛིན་པ་དག་གི་གཙུག་རྒྱན་དུ་དཔལ་ལྡན་སྨན་རི་བ་དང་། གོས་དཀར་ལྕང་ལོ་ཅན་གྱི་གཙུག་རྒྱན་དུ་རྒྱལ་རིགས་གཤེན་ཚང་གཉིས་ལས། བསྟན་བདག་བཀའ་དྲིན་ཅན་གྱིས་ཕྱི་རབས་ཀྱི་གདུལ་བྱར་དགོངས་ནས་སྐུ་ལས་སྐྱེས་པའི་སྲས་སྤྲུལ་ཞིང་། དེའི་གདུང་རྒྱུད་གསེར་རིའི་འཕྲེང་བ་ལྟར་བྱུང་བ་ལས་ད་ལྟའི་ཆར་སྐུ་འཚོ་གཞེས་ཤིང་བཞུགས་པ་བོན་གཤེན་རྔ་ཐོགས་པ་ཡོངས་ཀྱི་རྒྱལ་པོ་དམུ་རིགས་གཤེན་ཚང་ཞེས་སུ་གྲགས། སྒོས་སུ་གསང་སྔགས་རིག་པ་འཛིན་པའི་སྡེ་ཚོགས་དེ་དག་ནི་བོན་བསྟན་འདི་ཉིད་འགྱེལ་ས་ནས་སློང་མཁན་ནམ་གཡས་འཁྲིད་གཡོན་སྐྱོར་མཛད་མཁན་ངོ་མ་དེ་ཡིན་པར་བསྟན་འབྱུང་ཁག་ལས་ཤེས་ནུས། མཁོ་བའི་སྐབས་དང་དགོས་པའི་དུས་དེར་ཁོང་རྣམས་མེད་ཚེ་ཕ་བོན་གྱི་བསྟན་པ་འདི་ཉིད་སུས་བསྐྱངས། དེ་ལྟར་ཡིན་ཏེ། གྱེར་བསྟན་འདི་ཉིད་དར་ནུབ་ཀྱི་སོ་མཚམས་སུ་རིག་འཛིན་སྔགས་འཆང་བོན་གཤེན་རྔ་ཐོགས་པ་རྣམས་བསླབ་གསུམ་བསྟན་པའི་རྩ་བ་རྒྱལ་བའི་གསུང་རབ་རྣམས་གཅེས་ཉར་བདག་གསུམ་གྱི་སླད་དུ་གངས་རི་དང་གཡའ་བྲག་ལ་གནས་བཅས་ནས་ཡོད་ཚད་བསྟན་པ་འདིའི་དོན་དུ་བློས་གཏོང་ཡང་གནང་བས་སོ། །

1519029591299974.jpeg

   གང་ལྟར་དེ་དག་གི་བརྒྱུད་པ་འཛིན་ཞིང་། “བོན་བསྟན་མཐའ་ནས་དར།” ཞེས་པའི་སྨོན་ལམ་གྱི་མཐུ་བཙན་པའི་དན་རྟགས་སུ་ཡང་དར་བོན་གྱི་གདན་ས་གཉིས་ཏེ། འཕགས་ཡུལ་བྱང་རྒྱུད་ཀྱི་རི་བོར་བརྗིད་པའི་གདན་ས་ཆེན་པོ་དཔལ་ལྡན་སྨན་རིའི་གླིང་དང་། ཧི་མ་ལ་ཡའི་འདབས་རོལ་ལྷོ་བལ་གཡུ་ལུང་སྔོན་མོའི་ལྟེ་བ་རུ་གནས་ཆགས་པའི་གདན་ས་ཆེན་པོ་ཁྲི་བརྟན་ནོར་བུ་རྩེ་གཉིས་སུ་སྦྱང་བྱ་ཕྱི་སྤང་ལམ་མདོ་དང་། ནང་བསྒྱུར་ལམ་ཟབ་མོ་སྔགས། གསང་བ་གྲོལ་ལམ་སེམས་ཕྱོགས་བླ་མེད་རྫོགས་པ་ཆེན་པོའི་དོན་ལྷུག་པར་སྟོན་པའི་གཞུང་ཆེན་གབ་མཛོད་ས་གསུམ་གཙོས་པའི་སྲོལ་རྒྱུན་གྱི་རིག་པའི་གནས་སྤྱི་ལ་གུས་རྟག་སྦྱོར་བས་བརྩོན་པའི་བློ་གསལ་དོན་གཉེར་ཅན་རྣམས་ཀྱིས་དེང་ཡེ་ལོ་དུས་རབས་ཉེར་གཅིག་པའི་འགྲོས་དང་བསྟུན་པའི་གངས་ཅན་པའི་རིག་པའི་གནས་སྤྱི་ལ་འཆད་རྩོད་རྩོམ་གསུམ་དང་། བསྙེན་སྒྲུབ་ལས་གསུམ། ཐ་སྙད་ཚིག་གི་སྒྲོ་འདོགས་ལེགས་པར་གཅོད་ཀྱིན་ཟབ་མོ་ནང་གི་དོན་ལ་ཉམས་ལེན་མྱོང་བ་ཐོན་པར་བྱེད་མུས་སུ་གནས། གདན་ས་དེ་གཉིས་སུ་མི་ལོ་བཅུ་ཕྲག་གཉིས་ལ་ཉེ་བའི་དུས་ཡུན་རིང་འཚོ་བ་ངན་ངོན་ཙམ་གྱི་ཆོག་ཤེས་ཀྱིས་བརྒྱུད་སྐུལ་ནས་དཀའ་སྤྱད་སྙིང་རུས་ལྷུ་རུ་བླངས་ནས་བསླབ་པ་མཐར་སོན་པའི་རབ་འབྱམས་པ་རྣམས་ཤར་ནུབ་གང་སར་བོན་བསྟན་དར་སྤེལ་དང་སླར་གསོའི་ཐད་གཞན་དྲིང་མི་འཇོག་པའི་བྱས་རྗེས་བཞག་དང་འཇོག་མུས་ལ། ལྷག་པར་གངས་ཅན་ལྗོངས་ཀྱི་མདོ་དབུས་ཁམས་གསུམ་དང་ཧི་མ་ལ་ཡའི་རི་སུལ་བཅས་ཕྱོགས་གང་སར་དགོན་སྡེ་སློབ་གླིང་སོགས་ཆེ་ཕྲ་མང་པོར་བཤད་སྒྲུབ་བསྟན་པའི་སླར་རྒྱུན་གསོ་བར་ནུས་པ་རྣམས་ཀྱང་གདན་ས་དེ་གཉིས་ནས་དྲིན་གྱིས་བསྐྱངས་པའི་འབྲས་བུར་བཤད་དུ་སྤོབས། དེ་བཞིན་ཤེས་རིག་བདུད་རྩི་འཇོ་སའི་གླིང་ག་དེ་དག་ཏུ་མཁས་པའི་བྱ་བ་གསུམ་གྱི་ཡ་གྱལ་ལས་རྩོམ་པ་བོན་གྱི་རྒྱ་མཚོ་སྟེ། ཡ་ཐོག་ཞང་བོད་ཀྱི་སྲིད་འབྱོར་རིག་གསུམ་དང་། བསྟན་འབྱུང་ལོ་རྒྱུས་སོགས་རང་གིས་མཐོང་ཐོས་རེག་གསུམ་ལས་བྱུང་བའི་ཚོར་འདུ་རྣམས་སྨྱུག་རྩེའི་གར་གྱིས་ཡི་གེར་ཕབ་པའི་རྩོམ་ཡིག་རྣམས་ཕྱོགས་བསྡུས་ཀྱིས་ལོ་དེབ་ཏུ་བསྐྲུན་ནས་ལོ་ལྟར་སྤེལ་བཞིན་པའི་མུར་འདི་ལོའི་བར་མི་ལོ་བཅོ་བརྒྱད་ཡུད་ཀྱིས་ཟིན། དེ་ཡང་ལོ་ལྟར་བོན་ཐེག་པ་རིམ་དགུའི་གྲངས་དང་མཉམ་པའི་བརྗོད་བྱ་སྡེ་ཚན་མི་འདྲ་བ་དགུ་རུ་ཆ་བགོས་ཀྱིས་རྩོམ་ཡིག་རྣམས་སྤེལ་བཞིན་པ་ལས་འདི་ལོར་དམིགས་བསལ་ལེའུ་ཚན་ཞིག་ཀྱང་གུད་སྣོན་ཞུས་ཡོད།

1519029590924279.jpeg

   དེ་ཡང་གྱེར་གཤེན་བསྟན་པ་ཡོངས་རྫོགས་ཀྱི་གཙུག་རྒྱན་མཉམ་མེད་རྒྱལ་བ་གཉིས་པ་སངས་རྒྱས་སྨན་རི་བའི་ཞལ་ཚབ་ཁྲི་རབས་སོ་གསུམ་པ་ཆེན་པོ་མཚན་བརྗོད་པར་དཀའ་ནའང་ངེས་པ་དོན་གྱི་སླད་དུ་སྨྲོས་ན་༸སྐྱབས་རྗེ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་གདུལ་བྱ་རྟག་འཛིན་དམ་པོར་བཅིངས་པ་རྣམས་དཔེ་རུ་བསྟན་པའི་ཕྱིར་རེ་ཞིག་གཟུགས་སྐུའི་བཀོད་པ་བོན་དབྱིངས་སུ་གཤེགས་པར་གནམ་འོག་གི་བོན་འབངས་རྣམས་ལྟ་ཅི་གཟུར་གནས་ཆོས་ཀྱི་དབུ་ཁྲིད་ལྷ་མི་ཆེ་དགུ་ཚང་མས་མྱ་ངན་དང་གདུང་ཤུགས་རྗེས་དྲན་སོགས་ཕུལ་གནང་བ་དག་ནི། ཞིང་གཤེགས་པ་མཆོག་གི་སྐུ་གསུང་ཐུགས་ཀྱི་མཛད་འཕྲིན་གང་ཉིད་སྐུ་འཚོ་གཞེས་པའི་རིང་ཞྭ་དཀར་བསྟན་པ་ཡོངས་རྫོགས་ཀྱི་དབུ་ཁྲིད་མཚན་གནས་བཞེས་པ་ཙམ་མ་ཡིན་པར་སྐུ་ཚེ་ཧྲིལ་པོར་གཡུང་དྲུང་སེམས་དཔའི་མཛད་སྤྱོད་ཟབ་མོ་ལྷུར་བཞེས་ཀྱིས་འགྲོ་བ་སྤྱི་དང་དམིགས་བསལ་གངས་ཅན་པ་ལས་ལྡན་བོན་འབངས་ཡོངས་ལ་གཞལ་བར་དཀའ་བའི་མཛད་འཕྲིན་དང་བཀའ་དྲིན་ཟབ་མོ་བསྐྱངས་གནང་བའི་ནུས་ཤུགས་དེའི་མཐུ་ལས་བྱུང་བ་ཞིག་ཀྱང་ལོས་ཡིན།  དེས་ན་ད་ལམ་འདི་ག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་རྩོམ་རིག་སྡེ་ཚན་ཏེ་བགྲེས་པོའི་འབེལ་གཏམ་རྩོམ་སྒྲིག་ཁང་ནས་མགོན་པོ་གང་ཉིད་ཀྱི་གསང་གསུམ་གྱི་མཛད་འཕྲིན་རྨད་བྱུང་བསྐྱངས་པ་རྣམས་ལ་བཀའ་དྲིན་གསོབ་ཐབས་བྲལ་ནའང་མེ་ཏོག་ཆུང་ཡང་ལྷ་རྫས་ཞེས་པ་ལྟར་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་ལོ་དེབ་བཅོ་བརྒྱད་པ་འདིར་དམིགས་བསལ་<<རྗེས་དྲན་མཆོད་པའི་མེ་ཏོག>>ཅེས་པའི་ལེའུ་ཚན་ཞིག་འདི་གའི་སློབ་གཉེར་བ་དག་ལ་སྨྱུག་རྩེའི་གར་ལྟེགས་ལྟ་བུའི་གོ་སྐབས་སུ་བསྲིངས་ཡོད། དེ་ཡང་དུས་ཡུན་ཐུང་ངུ་ཞིག་གི་ནང་གསལ་བརྡ་སྤེལ་བ་ལས་འདི་གའི་སློབ་གཉེར་པས་གཙོས་པའི་ཕྱོགས་གཞན་ནས་རྩོམ་ཡིག་རེ་འགའ་བཅས་ཁྱོན་གྲངས་ལྔ་གསུམ་བཅོ་ལྔའི་ཟོལ་དུ་རྗེས་དྲན་དུ་ཕུལ་བ་ལགས།

1519029591751205.jpeg
1519029591701633.jpeg

   མཐའ་དོན་ངེད་རྩོམ་སྒྲིག་པ་རྣམས་ཀྱི་ངོས་ནས་རང་ནུས་གང་ལྕོགས་ལྷུ་རུ་བླངས་ནས་དུས་ཚོད་གཏོང་ཁུལ་བྱས་ཏེ་ལོ་དེབ་འདི་ཉིད་སྒྲིག་འདོན་སྤེལ་གསུམ་ལ་འབད་འབུངས་བྱས་ཡོད་མོད་ཀྱང་། ད་དུང་མ་འདང་བའི་ཞན་ཆ་ཇི་སྙེད་ཅིག་ཡོད་ངེས་ལགས་ན། བརྩེ་ལྡན་གཟིགས་རྒྱ་ཡངས་པའི་ཀློག་པ་པོ་དག་ལ་དགོངས་སེལ་ཞུ་རྒྱུ་དང་། སྔ་ཕྱི་ཀུན་ཏུ་རོགས་འདེགས་གནང་མཁན་ཡོངས་ལ་སྙིང་ཐག་པ་ནས་འོར་ཆེ་བཀའ་དྲིན་ཆེ་བཅས་ཞུའོ།། །།

གཙོ་སྒྲིག་པ་ཆོས་འཁོར་ཚང་དགེ་བཤེས་གཡུང་དྲུང་རྒྱ་མཚོས།

1519029591130252.jpeg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།