སྨན་རིའི་བཀའ་རམས་པ་མར་ནང་ཁྲི་གཡུང་དྲུང་གི་དགེ་བཤེས་ཆེད་དེབ་དཔར་སྐྲུན་ལེགས་གྲུབ་བྱུང་།

[ཟླ་ཚེས། 2018-02-07 11:18:02][རྩོམ་པ་པོ། བཀའ་རམས་པ་ཁྲི་གཡུང་དྲུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

微信图片_20180207001035.jpg

དཔེ་སྐྲུན་གསལ་བཤད།

འདི་ག་སྨན་རིའི་གླིང་གི་དཔེ་མཛོད་ཁང་ནས་དཔར་དུ་བསྐྲུན་པའི་<<སྲིད་པ་སྨྲང་རྒྱུད་ཀྱི་མཛོད་>>ཅེས་པའི་དཔེ་དེབ་འདི་ནི། སྨན་རིའི་གླིང་གི་སྐབས་བཅུ་དགུ་པའི་བཀའ་རམས་པ་མར་ནང་ཚང་ཁྲི་གཡུང་དྲུང་ལགས་ནས་ལོ་མང་རིང་<<སྲིད་པའི་མཛོད་ཕུགས་>>དང་<<མཛོད་སྒྲ་འགྲེལ་>>སོགས་ཀྱི་ཕྱག་དཔེ་ཁག་ལ་སློབ་སྦྱོང་དང་ཞིབ་འཇུག་གནང་བའི་འབྲས་རྟགས་སུ་བརྩམས་གནང་བའི་བོད་ས་སྐྱེས་རྡོ་སྐྱེས་ཀྱི་རིག་པའི་གཞུང་ལུགས་ལྟ་བུ་ཞིག་སྟེ་སྲིད་པ་སྣོད་བཅུད་ཀྱི་ཆགས་རབས་སོགས་མཛོད་གནས་བཅུ་བདུན་དང་ཞང་ཞུང་བོན་གྱི་གནའ་བོའི་བརྡ་ཆད་སོགས་ཀྱི་གཏེར་མཛོད་ལྟ་བུ་ཞིག་རེད།

微信图片_20180207001020.jpg

ནང་དོན་གཙོ་བོ་ནི་སྲིད་པའི་<<མཛོད་ཕུགས་>>ལས་འཕྲོས་ཏེ་མཛོད་གནས་བཅུ་བདུན་གྱི་སྤྱི་དོན་དང་མཛོད་གནས་རེ་རེ་ལས་བྱུང་བའི་ཞང་ཞུང་གི་ཐ་སྙད་བརྡ་ཆད་ཁག་གི་གསེད་བཀྲོལ་གནང་ཡོད་པ་སྟེ། <<སྲིད་པའི་མཛོད་ཕུགས་>>ཀྱི་མཛོད་གནས་བཅུ་བདུན་གྱི་སྤྱི་དོན་དང་གནའ་བོའི་ཞང་ཞུང་གི་ཐ་སྙད་ཁག་གི་གོ་དོན་སོགས་ཡིན་ལ། ལེའུ་གྲངས་ནི། དང་པོ་མཛད་པ་པོ་དང་མཛད་པའི་ལོ་ཚིགས། གཉིས་པ་ཞང་སྐད་ནས་བོད་སྐད་དུ་བསྒྱུར་པའི་སྐོར། གསུམ་པ་གཏེར་ལུགས་མི་འདྲ་བའི་སྐོར། བཞི་པ་གཏེར་ནས་བཏོན་པའི་ལོ་ཚིགས་ཀྱི་སྐོར། ལྔ་པ་<<སྲིད་པའི་མཛོད་ཕུགས་>>ཀྱི་འགྲེལ་བའི་སྐོར། དྲུག་པ་སྒོ་བཞི་མཛོད་ལྔ་སོགས་གང་གི་ཁོངས་སུ་གཏོགས་ཚུལ། བདུན་པ་མཛོད་གནས་བཅུ་བདུན་གྱི་སྤྱི་དོན་གནད་བསྡུས་སུ་བརྗོད་པ། བརྒྱད་པ་<<མཛོད་ཕུགས་>>ལས་གནའ་བོའི་ཞང་སྐད་ཀྱི་ཐ་སྙད་ཁག་གི་གོ་དོན། དགུ་པ་<<མཛོད་ཕུགས་>>དང་འབྲེལ་བའི་ཡིག་ཆ་གལ་ཆེན། བཅུ་པ་<<མཛོད་ཕུགས་>>དང་འབྲེལ་ཡོད་ཀྱི་མི་སྣ་ངོ་སྤྲོད་དང་། ཞར་བྱུང་དུ་<<མཛོད་ཕུགས་>>ཀྱི་འགྲེལ་བ་<<མཛོད་སྒྲ་འགྲེལ་>>ལ་དམིགས་སུ་དཔྱད་པའི་སྐོར་གྱི་དཔྱད་རྩོམ་དང་། མཇུག་མཐར་<<མཛོད་ཕུགས་>>དང་འབྲེལ་བའི་དཔྱད་གཞིའི་ཡིག་ཆའི་ཁུངས་སོགས་གསལ་འཁོད་བྱས་འདུག

微信图片_20180207001003.jpg微信图片_20180207001030.jpg

རྗོད་བྱེད་ཀྱི་ཐད་ནས་ཚིག་ཉུང་ལ་དོན་འདུས་པ་མཛོད་གནས་རེ་རེའི་གོ་རིམ་ལྟར་བསྐྱར་འབྲི་དང་ལད་ཟློས་ཙམ་མ་ཡིན་པར་ཚན་རིག་དང་མཐུན་པའི་ཞིབ་འཇུག་གི་རིག་ལམ་བེད་སྤྱད་ནས་ལོ་ཚིགས་དང་འབྲེལ་བའི་དོན་གནད་སྐོར་ལ་གསལ་ཁ་དོད་ཅིང། ལུང་ཁུངས་དང་དཀའ་གནད་ཁག་ལ་ཞིབ་ཕྲའི་མཆན་འགྲེལ་བཏགས་ཏེ་<<མཛོད་ཕུགས་>>དང་འབྲེལ་བའི་དཔྱད་གཞིའི་དཔེ་ཁུངས་བརྒྱ་ཕྲག་ལས་བརྒལ་བར་རྒྱབ་བརྟེན་དུ་བྱས་ནས་<<སྲིད་པའི་མཛོད་ཕུགས་>>ཀྱི་གཞུང་གི་སྤྱི་ཁོག་ལྟར་དོན་གྱི་གནད་རྣམས་བསྡུས་ཏེ་བྲིས་ཡོད་པའི་མཛོད་ཀྱི་སྤྱི་དོན་ལྟ་བུ་ཞིག་ཡིན་ལ། ཁྱད་པར་དུ་<<མཛོད་ཕུགས་>>ལས་བྱུང་བའི་གནའ་བོའི་ཞང་ཞུང་གི་ཐ་སྙད་བརྡ་ཆད་ཡོད་དོ་ཅོག་གི་གོ་དོན་སོ་སོ་ནས་བྲིས་གནང་ཡོད་པ་བཅས་ནི་བོན་རིག་པར་ཞིབ་འཇུག་དང་སློབ་གཉེར་གྱི་མཐུན་རྐྱེན་བླ་ན་མེད་པ་ཞིག་བསྐྲུན་འདུག་པར་སེམས།

微信图片_20180207001040.jpg

དཔེ་དེབ་འདི་ནི་བོད་རང་གི་གནའ་བོའི་གཞུང་ལུགས་དང་ཐ་སྙད་རིག་པ་ཁྱད་པར་དུ་གཡུང་དྲུང་བོན་དང་ཞང་ཞུང་གི་རིག་པར་སློབ་གཉེར་དང་ཐུགས་སྣང་ཡོད་མཁན་རྒྱལ་ཕྱི་ནང་ཀུན་ཏུ་བཞུགས་པའི་གཞོན་སྐྱེས་ཉམས་ཞིབ་པ་རྣམས་ལ་དཔྱད་གཞིའི་ས་བོན་གལ་ཆེན་ཞིག་ཏུ་དམིགས་ཏེ་འདི་ག་དཔེ་མཛོད་ཁང་གིས་དཔར་སྐྲུན་བྱས་པ་ཡིན་པས་དེ་ལུགས་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་ཐུགས་དགྱེས་པའི་མཆོད་སྤྲིན་དུ་འགྱུར་བའི་སྨོན་འདུན་བཅས།

༸སྨན་རིའི་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་ནས།

ཕྱི་ལོ་༢༠༡༨ཟླ་དང་པོའི་ཚེས་གསུམ་ཉིན།

 微信图片_20180207001056.jpg微信图片_20180207001050.jpg

微信图片_20180207001313.jpg微信图片_20180207000936.jpg

微信图片_20180207000929.jpg微信图片_20180207000920.jpg

微信图片_20180207000914.jpg微信图片_20180207000834.jpg

微信图片_20180207000948.jpg微信图片_20180207000954.jpg

微信图片_20180207001101.jpg

རྩོམ་པ་པོའི་ངོ་སྤྲོད་གནད་བསྡུས།

མར་ནང་ཚང་གཡུང་དྲུང་བསྟན་འཛིན་རྒྱ་མཚོ། ཡོངས་གྲགས་སུ་ཁྲི་གཡུང་དྲུང་ཞེས་འབོད། ཁོང་ནི་ཡུལ་མདོ་སྨད་མཚོ་སྔོན་པོའི་ལྷོ་ཕྱོགས་ཀྱི་འབྲོག་ཁྱིམ་ཞིག་ཏུ་འཁྲུངས། ཆུང་དུས་སུ་ས་གནས་སློབ་ཆུང་འགྲིམས་ཤིང་ཁྲི་ཀ་ཁྱུང་མོ་དགོན་པར་རབ་ཏུ་བྱུང་། (2003)ལོར་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེར་ཞུགས་ནས་གཞུང་བཀའ་པོད་དྲུག་ལ་སློབ་གཉེར་གནང་། (2018)ལོའི་སྤྱི་ཟླ་གཉིས་པར་༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་དགེ་བཤེས་དམ་འཇོག་གི་མཛད་སྒོ་སྤེལ་འཆར་དང་ཕྱག་འཁྱེར་བཞེས་རྒྱུ།

ལས་ཀའི་སྐོར་ལ།

སྨན་རིའི་གླིང་དུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་རིག་གནས་འགན་འཛིན་དང་རིག་གནས་དགེ་རྒན་ལོ་ངོ་བཅུ་(2006-2015)ཙམ་ལ་བྱས། (2011)ལོ་ནས་གཡུང་དྲུང་བོན་གྱི་དྲྭ་རྒྱའི་གཙོ་སྒྲུབ་པ་བྱས། (2007)ལོ་ནས་གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་བརྒྱད་པ་དང་དགུ་པའི་དྲུང་ཡིག་དང་། (2009)ལོ་ནས་གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་བཅུ་པ་དང་བཅུ་གཅིག་པ། བཅུ་གཉིས་པ་གསུམ་གྱི་གོ་སྒྲིག་ཚོགས་གཙོའི་ལས་འགན་འཁུར། (2005)ལོ་ནས་<<བོན་སྒོ་>>རྩོམ་སྒྲིག་ཁང་དུ་རྩོམ་སྒྲིག་གི་ལས་ཀ་བྱས། (2014)ལོ་ནས་སྨན་རིའི་གླིང་གསོ་རིག་འབུམ་བཞིའི་མཐོ་སློབ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་བྱས།

རྒྱལ་སྤྱིའི་ཚོགས་འདུ་སྐོར་ལ།

ཉི་ཧོང་དང་། འཇར་མེན། ནོར་ཝེ། ཕ་རིན་སི། སྦེལ་ལྗེམ། དབྱིན་ཇི། སོག་པོ་རྒྱལ་ས་ཨོ་ལུམ་པ་ཐར་བཅས་སུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་གྲོས་ཚོགས་ཐེངས་བཅུ་གསུམ་པ་དང་བཅུ་བཞི་པ། རྒྱལ་སྤྱིའི་བོད་རིག་པ་གཞོན་ནུ་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པ། རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་ཚོགས་འདུ་སོགས་རིག་གཞུང་གི་བགྲོ་གླེང་སྣ་ཚོགས་ལ་ཞུགས་ཏེ་དཔྱད་རྩོམ་སྤེལ་མྱོང་།

རྩོམ་རིག་བྱ་དགའི་སྐོར་ལ།

(2011)ལོར་སཱ་ར་མཐོ་སློབ་ཏུ་བོད་ཀྱི་རིག་གནས་བགྲོ་གླེང་ཐེངས་ལྔ་པར་དཔྱད་རྩོམ་འགྲན་བསྡུར་ཨང་དང་པོ་ཐོབ། (2012)ལོར་སྦེང་ལོ་རུ་བོད་རིགས་མཐོ་རིམ་སློབ་མའི་དཔྱད་རྩོམ་འགྲན་སྡུར་ཨང་དང་པོ་ཐོབ། ལོ་དེར་བོད་ནང་དུ་མུ་ཁྲི་བཙན་པོའི་དཔྱད་རྩོམ་འགྲན་སྡུར་ཨང་གཉིས་པ་ཐོབ། (2015)ལོར་ཨ་རི་ནས་བོད་ཡུལ་སྐྱེ་ཁམས་ཐེབས་རྩ་ཚོགས་པའི་ཁོར་ཡུག་རྩོམ་རིག་འགྲན་སྡུར་གྱི་ཕུལ་བྱུང་གཟེངས་རྟགས་ཐོབ་ཡོད།

བརྩམས་ཆོས་དཔེ་དེབ་ཀྱི་སྐོར་ལ།

སྙན་ངག་ཕྱོགས་བསྒྲིགས་ <<གདུང་ཚོར་ནག་པོ་>>དང་<<ས་མཐའི་སེམས་པ་དམར་པོ།>> <<རེག་ཟིག་སྐྱ་བོ་>>གསུམ་སྔ་ཕྱིར་ལྡི་ལི་གསར་པ་ནས་དཔར་སྐྲུན་བྱས། (2014)ལོར་<<ཁྱུང་མོ་དགོན་པའི་སྔར་བྱུང་གི་ལོ་རྒྱུས་དང་ད་ལྟའི་གནས་བབ།>> ཨ་རིའི་རོ་ཝེལ་ཐེབས་རྩ་ཚོགས་པས་དཔར་སྐྲུན་བྱས། (2015)ལོར་<<བརྡ་སྤྲོད་གཟི་མིག་དགུ་པ།>> “གནའ་བོའི་བོན་ལུགས་དང་འབྲེལ་ཏེ་བོད་ཀྱི་བརྡ་སྤྲོད་པའི་བྱུང་བ་དང་དེའི་ཁྱད་ཆོས་བརྗོད་པ་”ཞེས་པ་ཨ་རིའི་རྒྱལ་གཤེན་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱས་ཡོད་པ་བཅས་སོ། །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།