མ་ནོར་ལམ་བཟང་སྤྱི་དེབ་གཉིས་པ་འགྲེམ་སྤེལ་གནང་བ།

[ཟླ་ཚེས། 2017-05-24 22:31:54][རྩོམ་པ་པོ། རྩོམ་སྒྲིག་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཉག་རོང་རྒྱ་ཞིག་འབྲུག་གྲགས་དགོན་ཞང་བོད་ནང་བསྟན་རིག་གནས་ཐོས་བསམ་གླིང་གི་ལོ་དེབ་༼མ་ནོར་ལམ་བཟང་།༽སྤྱིའི་འདོན་ཐེངས་གཉིས་པ་འགྲེམ་སྤེལ་གནང་བ།
1495636990126814.jpg
ལོ་དེབ་ཀྱི་མདུན་རྒྱབ་ཀྱི་པར་རིས།
1495637140321920.jpg
མདུན་ཤོག་ནང་མ།
1495637140689369.jpg
རྒྱབ་ཤོག་ནང་མ།

 

དཀར་ཆག་གཟིགས་འདོད་ན་འདི་སྣོན།

 

སྔོན་གླེང་གཡུང་དྲུང་རང་འཁྱིལ།

 

དུས་ཚོད་ཀྱིས་དེད་པའི་ནམ་ཟླ་ནི་ཆད་མེད་དུ་རྒྱུགས་པའི་ཆུ་བོའི་བཞུར་རྒྱུན་ཞིག་དང་འདྲ་བར་ངལ་གསོ་དང་སྡོད་མཚམས་གང་ཡང་མེད་པར་མདུན་ནས་མདུན་དུ་རྒྱུགས་འགྲོ་བས་ན། ང་ཚོ་སུ་ཡིན་རུང་གསེར་ལས་དཀོན་པའི་དུས་ཚོད་བཟང་བོ་དག་བེད་སྤྱོད་དང་དོ་སྣང་གིས་མི་དབུལ་བ་ཞིག་བྱ་ཐུབ་རྒྱུ་ནི་ཤིན་ཏུ་ནས་ཀྱང་གལ་ཆེན་པོར་མཐོང་དགོས་ཨང་།

རྒྱུ་མཚན་དེའི་ཕྱིར་ཞང་བོད་ཤེས་རིག་ནོར་བུའི་གཏེར་ཆེན་པོ་ལོངས་སུ་སྤྱོད་པ་ལ་རྔམ་སེམས་དང་འགྲམ་ཆུ་ཆད་མེད་དུ་ལྡང་བཞིན་པའི་ན་གཞོན་སློབ་གཉེར་བ་ཁྱུ་གཅིག་སྟེ། ཁམས་ཉག་རོང་རྒྱ་ཞིག་འབྲུག་གྲགས་དགོན་གྱི་ཞང་བོད་ནང་བསྟན་རིག་གནས་ཐོས་བསམ་གླིང་ནས་ཀྱང་། འདི་ཕྱིའི་ལམ་བཟང་མ་ནོར་བདེ་ལེགས་སུ་རྙེད་པའི་ཐབས་ལམ་སྨྲ་བའི་གླེང་སྟེགས་སུ། མ་ནོར་ལམ་བཟང་ཞེས་ལེ་ཚན་གྱི་ཆ་ནས་རྣམ་པ་ལྔ་རུ་བཀར་ཏེ།

ལེ་ཚན་དང་པོ་སྔོན་བྱོན་མཁས་གྲུབ་ཚད་ལྡན་དག་གིས་ཕྱི་རབས་སྐལ་ལྡན་རྣམས་ལ་དམིགས་ཀྱིས་གདམས་པའི་ལེགས་ཉེས་གསལ་བའི་ལེགས་བཤད་རྨད་དུ་བྱུང་བ་དག་འགོད་པའི་ཚན་པ་སྟེ། ལེགས་བཤད་ལམ་གྱི་ལེའུ་དང་།

ལེ་ཚན་གཉིས་པ་ལོ་རབས་ལོ་ཡི་ཕྲེང་བ་རིམ་པར་བརྒྱུད་པའི་ཞང་བོད་རྒྱལ་རབས་ལོ་རྒྱུས་སྣ་ཚོགས་སྨྲ་བའི་འབབ་སྟེགས་ཏེ། ལོ་རྒྱུས་ལམ་གྱི་ལེའུ་དང་།

ལེ་ཚན་གསུམ་པ་བརྗོད་བྱ་དོན་གྱི་ཆ་རྣམས་ཕུན་སུམ་ཚོགས་ཤིང་རྗོད་བྱེད་ཚིག་གི་ཕྲེང་བ་ཉམས་འགྱུར་སྟོང་གིས་ཕྱུག་པའི་སྡེ་ཚན་ཏེ། སྙན་རྩོམ་ལམ་གྱི་ལེའུ་དང་།

ཚན་པ་བཞི་བ་དོན་གྱི་ཡིན་ལུགས་ལ་ཉམས་ཞིབ་སྣ་དགུས་འཇུག་པའི་ཐབས་ལམ་མཆོག་ཏུ་ཡངས་ཤིང་། བདེན་པའི་སྨྲ་ལྕེ་འགུལ་བར་ཁུངས་ལུང་གི་རྒྱབ་ལྗོངས་ཧ་ཅང་བརྟན་པའི་དཔྱད་བརྗོད་རྩོམ་པའི་རིགས་གྱུར་འགོད་པའི་ཞིང་ས་སྟེ།

དཔྱད་བརྗོད་ལམ་གྱི་ལེའུ་དང་།

ཚན་པ་ལྔ་བ་འབྲེལ་ཡོད་གསར་བྱུང་ཆ་འཕྲིན་སྣ་མང་འགོད་པའི་སྒེའུ་ཁུང་སྟེ། དགོན་སྡེ་ངོ་སྤྲོད་དང་། མི་སྣ་ངོ་སྤྲོད། གལ་ཆེན་གནས་ཚུལ་ངོ་སྤྲོད་དང་། བོན་འབྲེལ་ཆ་འཕྲིན་བརྒྱུད་བསྒྲགས་བྱ་བའི་མེ་ལོང་སྟེ། ངོ་སྤྲོད་ལམ་གྱི་ལེའུ་བཅས་སྡེ་ཚན་ཆེན་པོ་ལྔ་ཡི་བདག་ཉིད་ལ་འཇུག་པ་མ་ནོར་ལམ་བཟང་སྟེ། ང་ཚོ་ཚང་མས་རྣམ་དཔྱོད་རྟ་ཕོའི་བང་རྩལ་འགྲན་སའི་ལམ་བཟང་ཡིན་ལ།

ང་ཚོ་ཚང་མས་ཤེས་འཇོན་སྒྱུ་རྩལ་སྣ་དགུའི་རྒྱུགས་རྩལ་འགྲན་པའི་ལམ་བཟང་ཡང་ཡིན། འུ་ཅག་ཚང་མས་འདྲ་མིན་རྩོམ་རིག་འབུམ་གྱི་སྟངས་སྟབས་ངོམ་སའི་ལམ་བཟང་ཡིན་ཞིང་། རང་ཅག་ཚང་མས་སྣ་ཚོགས་རྩོམ་རྩལ་ཉམས་དགུའི་འཁོར་ལོ་བསྐོར་སའི་ལམ་བཟང་ཞིག་ཀྱང་ཡིན་ངེས་ན།

རྨད་བྱུང་རྩོམ་རིག་སྨྲ་བར་དུང་ཞེན་མཚོ་ལྟར་ཟབ་ཅིང་། སྣ་ཚོགས་ངག་རིག་སྒྱུ་རྩལ་ལུས་དང་སྲོག་བཞིན་གཅེས་པའི་མཁྱེན་ཡངས་རྩོམ་པ་པོ་དག་གིས་མུ་མཐུད་དུ།

ང་ཚོ་ཚང་མ་ལ་དབང་བའི་རྩོམ་རིགས་སྨྲ་བའི་སྤྱི་སྟེགས་གཙང་མ། ལོ་དེབ་མ་ནོར་ལམ་བཟང་ལ་དུས་ལྟར་རྩོམ་ཡིག་སྣ་མང་གིས་རྒྱབ་སྐྱོར་མི་ཆུང་བའི་འབོད་བསྐུལ་ཡང་ཡང་ཞུ་བ་དང་ཆབས་ཅིག ལོ་དེབ་འདི་བཞིན་སྒྲུབ་པར་ཕྱོགས་གང་ཆའི་ཐད་ནས་དགེ་འདོན་སྐྱོན་སེལ་གྱི་མཛུབ་སྟོན་ནམ་ཡང་ཡོད་རོགས་མ་ཆུང་ཞེས་དེབ་འདིའི་སྔོན་གླེང་གི་ཚུལ་དུ་ཐོག་མའི་གསལ་བྱེད་འདི་ཙམ།

ས་མཐའི་ཨ་སྐྱོ་གདོང་བཙུན་རྒྱ་ཐར་གྱིས་ཁྲིན་ཏུའུའི་གྲོང་ཁྱེར་དུ་ལོ་ཟླ་བའི་ཚེས་བཟང་པོར་བྲིས་སོ།

2017-5-21

གཡུང་དྲུང་བོན་གྱི་ཞལ་འདོན་ཉེར་མཁོ་ཕྱོགས་བསྡུས།
1495638852100866.jpg

ཞལ་འདོན་གྱི་དཀར་ཆག་གཟིགས་འདོད་ན་འདི་སྣོན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།