ཤར་རྫ་བ་ལུང་རིགས་རྣམ་དག་རིན་པོ་ཆེའི་རྗེས་དྲན་དེབ་འགྲེམ་སྤེལ།

[ཟླ་ཚེས། 2016-11-03 12:39:43][རྩོམ་པ་པོ། ཁྱུང་པོ་བ་བསྟན་འཛིན་རྣམ་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

封面4.jpg

གླེང་བརྗོད།

——སྔོན་འགྲོའི་མཚམས་སྦྱོར་ཞིག་གི་ཚབ་ཏུ་ཕུལ་བ།

གཅིག

     དེ་ཡང་འཛམ་གླིང་སྤྱི་དང་ཁྱད་པར་ཁ་བ་རི་པའི་ལྗོངས་ཆེན་པོ་འདི་རུ་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་དྲག་ཏུ་རྒོད་པའི་དུས་ཀྱི་ལ་ཚིགས་ཆེན་པོ་ཞིག་སྟེ། དུས་རབས་ཉི་ཤུ་པ་ནས་ཉེར་གཅིག་ཏུ་འཕོས་པའི་དཀྱོག་མཚམས་འདི་རུ། སྤྱིར་ན་ཕྱིའི་དཔལ་འབྱོར་གྱི་འཕེལ་རིམ་དང་ནང་ཤེས་ཡོན་གྱི་ཁ་སྟབས་གཉིས་པོ་ཆེས་དོ་མི་སྙོམས་ཤིང་། དགོས་སུ་ཕྱེ་མ་ལེབ་ལ་ཁྱུང་དང་། གངས་རིའི་རང་མདངས་གསེར་དུ་སྒྲུབ་པ་ལྟ་བུའི་ཐལ་ཆེ་བའི་བསྔགས་པ་དང་ཕྱོགས་སུ་ལྷུང་བའི་སྨད་པ་གཉིས་ཀྱང་འགྲན་རྩོད་ཐོབ་ཤོར་གྱི་གཡུལ་ཁའི་འུར་ཟིང་འཁྲུག་པའི་ཡུལ་དུས་འདི་ལྟ་བུར། སོ་སོའི་ཁ་ཕོ་དང་ཕྱོགས་ཞེན་གྱི་དྲང་ལྡོག་སྐྱི་གཡའ་བའི་སྤྱི་དང་སྒེར་གྱི་རྩོམ་རིགས་འདྲ་མིན་ཆར་ཤུལ་གྱི་མྱུ་གུ་བཞིན་འཕེལ་ཞིང་རྒྱས་པའི་ངང་ཚུལ་དང་། ཡང་ཁྱད་དུ“སློབ་བུ་ངན་པས་བླ་མ་ཟོག་པོར་གཏོང”བའི་དཔེ་ལྟར་བརྗོད་ཡུལ་དང་རྗོད་པ་ཆ་མི་སྙོམས་པའི་རྗེས་དྲན་ནམ་བསྟོད་ཚོགས་ཀྱི་རིགས་སོགས་རང་གིས་ཐོན་པའམ་ཐ་ན་གཞན་ལས་སློང་རྐུ་ཉོ་གསུམ་ཚུན་ཆད་ལ་བརྟེན། “བསྟོད་མི་ཤེས་པ་ཡིས་བསྟོད་པ་ལས། སྨད་མི་ཤེས་པ་ཡིས་སྨད་པ་ལེགས”པའི་སྣང་ཚུལ་དེ་རིགས་ནི་མ་མང་ནའང་ཉུང་སྐྱོན་མེད་པའི་གནས་སྟངས་འདི་དག་ཡིད་ལ་ལན་རེ་འཁོར་ཚེ། ད་ནི་ངེས་དོན་གྱི་བླ་མ་བླ་མར་ཤེས་ཤིང་དད་དམ་གྱི་འོ་ཆུ་གཅིག་ཏུ་འདྲེས། གདམས་ངག་གིས་རང་རྒྱུད་བརླན་པའི་སློབ་མ་གང་དག་ལ་མཚོན་ན་སོ་སོའི་འདྲེན་པ་གང་དེས་ཕོག་པའི་སྡོམ་པ་ནི་སྲུང་། བཞག་པའི་རི་དགོན་དུ་འདུག བསྒོས་པའི་བཀའ་གཙིགས་ལ་ཉན་པ་ལས་ལྷག་པའི་རྗེས་དྲན་གྱི་རྩོམ་ཡིག་སྟེ། ཕྱི་རོལ་ཚིག་གི་སྤྲོས་པ་ངོམ་རྒྱུ་མ་ཡིན་པར་ནང་ནོམ་བླ་མའི་རྣལ་འབྱོར་ལ་རྩེ་གཅིག་ཏུ་འབད་ན་བསོད་ནམས་བརྒྱ་འགྱུར་སྟོང་འགྱུར་གྱིས་ཆེ་བ་མ་ཡིན་ནམ་སྙམ་མོ།།

插页5.jpg

གཉིས།

     ཡང་ཕྱོགས་གཞན་ཞིག་ནས་བསམ་ཚེ། རྒྱུད་ལས་ཀྱང་། བླ་མ་མཆོད་པས་ཡི་དམ་མཉེས།། ཡི་དམ་མཉེས་པས་བྱིན་རླབས་འབྱུང་།། རྒོད་ལྕམ་དབལ་མོས་སྲུང་མ་བྱེད།། དངོས་གྲུབ་རྣམ་གཉིས་ཆར་ལྟར་འབེབས།། ཕྱི་མ་སངས་རྒྱས་ས་ལ་གནས།། ཞེས་དང་། སྔོན་འགྲོའི་ཁྲིད་རིམ་ལས་ཀྱང་། རང་ལ་བཀའ་དྲིན་ཆེ་ཞིང་རང་ངོ་སྤྲད་པའི་བླ་མ་གང་ཡིན་པ་དེ་ལ། སྙིང་ཁོང་རུས་པའི་གཏིང་ནས་སངས་རྒྱས་དངོས་ཀྱི་འདུ་ཤེས་བཞག ཡིད་ཁྱེད་ཤེས་ཀྱི་མོས་གུས་དྲག་པོས་གསོལ་བ་འདེབས་པ་ནི་དེ་བས་ཀྱང་གལ་ཆེ། ཞེས་གསུངས་པ་ལྟར། མཚན་ཉིད་ལྡན་པའི་སློབ་མ་དག་གིས་ཀུན་རྫོབ་འཁྲབ་སྟོན་ཅན་པོའི་ལད་མོ་དང་ཕྱི་རོལ་ཚིག་གི་མཛེས་འཆོས་ཙམ་མ་ཡིན་པར་ནང་དུ་རྣམ་འདྲེན་བླ་མ་དམ་པའི་བཀའ་དྲིན་སྙིང་དབུས་སུ་ཇི་ལྟར་བཅང་བ་བཞིན་དུས་དང་སྐབས་སུ་སྒོ་གསུམ་བགྱི་བ་བཟང་པོས་རྗེས་དྲན་དང་གསོལ་བ་སྨོན་ལམ་གྱི་མཆོད་ཚིག་འབུལ་བ་ཡང་འོས་སུ་ཆེ་བར་མ་ཟད། དེང་རབས་སྟབས་བདེའི་འཕྲུལ་ལམ་ནས་ཕྱོགས་དང་རིས་སུ་མེད་པར་ཁྱབ་སྤེལ་ཞུས་ན། བྱེད་པོ་སོ་སོའི་རྒྱུད་ཀྱི་དད་འདུན་འཕར་སྣོན་དང་། བཀའ་དྲིན་གསལ་འདེབས། སྡོམ་གསུམ་གསོ་སྦྱོང་། ཚོགས་བསགས་དགེ་སྒྲུབ་ཀྱི་མཐུན་འགྱུར་བླ་མེད་དུ་འགྲོ་བ་དང་། གདུལ་བྱ་གཞན་རྒྱུད་ལ་ཡང་དངོས་ཤུགས་བརྒྱུད་པའི་སྒོ་ནས་དམ་པའི་བྱིན་རླབས་ཞུགས་ཤིང་རྣམ་དཀར་དགེ་བའི་སྡོང་འདེབས་སུ་འགྱུར་བས་ན་ཚོགས་བསགས་འདི་འདྲ་རྣམ་གྲོལ་དོན་གཉེར་ཅན་འབའ་ཞིག་གི་ལས་སུ་ཡང་འཁུམས་སོ།།

插页1背.jpg

གསུམ།

     ཇི་སྐད་དུ། དཔལ་ཁྱུང་ཡུལ་གྲུབ་པའི་དབང་ཕྱུག་རྣམ་འདྲེན་བསྟན་པ་རྒྱལ་མཚན་རིན་པོ་ཆེའི་གསུང་ལས། ཨེ་མ་ཧོ། སྐུ་གསུམ་ངོ་བོ་སྟོང་ཆེན་རྣམ་པར་འཕྲུལ།། ལུང༵་དང་རི༵གས་པ་ཚད་མ་རྣམ༵་པར་ད༵ག། སྙིགས་མའི་སེམས་ཅན་ཐར་པའི་ལམ་དུ་བཀོད།། གཞ༵ན་ཕ༵ན་ཀུན༵་དག༵འི་ཞབས་ལ་གསོལ་བ་འདེབས།། ཞེས་པའི་དཔྱད་གསུམ་དག་པའི་ལུང་གི་བསྟོད་ཡུལ་དམ་པར་གྱུར་ཅིང་། རྒྱལ་བ་གཤེན་རབ་མི་བོའི་རིང་ལུགས་དྲི་མ་མེད་པ། རྗེ་དཔལ་ལྡན་མཉམ་མེད་སྨན་རི་བ་ཆེན་པོའི་མཛད་སྲོལ། དཔལ་གྲུབ་པའི་ཁྱུ་མཆོག་ཤར་རྫ་འཇའ་ལུས་ཡབ་སྲས་ཀྱི་བསྟན་པའི་རྒྱལ་ཚབ་དམ་པ། མཚན་བརྗོད་པར་དཀའ་བ་སྐྱབས་རྗེ་རིགས་བརྒྱའི་ཁྱབ་བདག་༧ཤར་རྫ་བ་ལུང་རིགས་རྣམ་དག་མཆོག་གི་གསང་གསུམ་དངོས་ཀྱི་བཀོད་པ་བོན་དབྱིངས་སུ་བསྡུས་ནས་བགྲང་བྱ་བཅུ་གཉིས་འཁོར་བའི་ལོ་དུས་ཁྱད་པར་ཅན་འདིར་དམ་པ་གང་གི་སྐུ་དངོས་ཀྱི་ཚ་བུ་སྟེ། བླ་མ་སངས་རྒྱས་སུ་མཐོང་ཞིང་གདམ་ངག་བདུད་རྩི་རུ་རྟོགས་པའི་བསླབ་གསུམ་དོན་གྱི་བདག་ཉིད་རྟ་མགྲིན་སྐྱབས་རིན་པོ་ཆེའི་བཀའ་དགོངས་ལྟར། འདྲེན་པ་མཆོག་གི་མཐོང་གྲོལ་གྱི་གསེར་ཞལ་མཇལ་ཞིང་ཐོས་གྲོལ་གྱི་གསུང་གདམ་ལ་ལོངས་སུ་སྤྱོད་པ། དྲན་གྲོལ་གྱི་བརྩེ་བ་ཟབ་མོས་རྗེས་སུ་བསྐྱང་བའི་སློབ་ཚོགས་སྐྱ་སེར་རིས་མེད་རྣམས་ཀྱིས་སོ་སོའི་དད་འདུན་མོས་པའི་ས་བོན་སླད་མེད་དང་། རྣམ་དཔྱོད་བློ་གྲོས་ཀྱི་ཉེར་ལེན་ཁོ་ན་ལས་གྲུབ་པ་སྟེ། བླ་མ་སངས་རྒྱས་སུ་མཐོང་བའི་དུང་བརྗོད་དང་། གདམ་དོན་རང་རྒྱུད་ལ་འབྱོར་བའི་རྟོགས་བརྗོད། ངག་རིག་ནང་བྱན་ཆུབ་པའི་སྙན་རྩོམ། བསོད་ནམས་ཚོགས་ཆེན་བསག་པའི་མཆོད་ཚིག བཀའ་དྲིན་རྗེས་སུ་དྲན་པའི་ལེགས་གསོལ། དགོངས་ཉམས་རྒྱུད་ལ་འཕོ་བའི་གསོལ་འདེབས། ཡང་སྲིད་མྱུར་དུ་འཁྲུངས་པའི་སྨོན་ལམ་སོགས་ལས་གྲུབ་པའི་ལེགས་རྩོམ་ཕྱོགས་བསྡུས་ཀྱི་དཔེ་དེབ་སྟེ། «བཀའ་དྲིན་མཆོད་པའི་མེ་ཏོག»ཅེས་པ་འདི་ཉིད་རིས་མེད་སྤྱི་ཚོགས་ཡོངས་སུ་སྐལ་ལྡན་དད་པའི་སྒོ་མོ་འབྱེད་པའི་ལྡེའུ་མིག་ཅིག་དང་། བློ་ལྡན་རིག་སྨྲ་དགྱེས་པའི་ལེགས་སྐྱེས་ཤིག རྟོགས་ལྡན་ཉམས་རྟོགས་འཕེལ་བའི་གསལ་འདེབས་ཤིག འབྱོར་ལྡན་བསོད་ནམས་བསགས་སའི་ཚོགས་ཞིང་ཞིག བསོད་ལྡན་དགེ་བའི་སྡོང་གྲོགས་བྱེད་པའི་རྒྱགས་ཕྱེ་ཅིག་གི་ཚབ་ཏུ་དམིགས་པ་ལྟར་དེ་བཞིན་རིས་མེད་མཆོག་དམན་བར་གསུམ་གྱི་ཀློག་པ་བ་རྣམས་ཀྱི་གཟིགས་པ་སྤྱན་གྱི་དགྱེས་སྟོན་དང་། སེམས་པ་ཡིད་ཀྱི་གསོས་སྨན་ཞིག་ཏུ་འགྱུར་བར་གྱུར་ཅིག་ཀྱེ།།
     ཞེས་པ་འདི་ཡང་ལུང་དང་རིག་པའི་གཡུང་དྲུང་གི་མཆེད་པོ་དམ་པ་རྟ་མགྲིན་སྐྱབས་ལགས་ཀྱིས་ཕྲན་ལ་བོང་བ་གསེར་གཟིགས་ཀྱི་ཚུལ་དུ་རྩོམ་ཡིག་སྤྱི་ཡི་ཞུ་དག་གི་འགན་འཁྲི་ཕྲག་ཏུ་བཀལ་ཞིང་། དེ་དང་ཆབས་ཅིག་རྩོམ་གྱི་སྔོན་གླེང་ཞིག་ཀྱང་ངེས་པར་འབྲི་དགོས་པའི་བཀའ་ཆབ་སྤྱི་བོར་ཕེབས་དོན་ལྟར། ཕྲན་ལ་འདི་འདྲའི་འོས་སྦྱོར་ཞུ་བའི་ཆ་རྐྱེན་གྱི་བདོག་པ་ཅི་ཡང་མེད་ནའང་། རྟེན་འབྲེལ་བཟང་པོའི་བཀའ་ལུང་གྱེན་ལྡོག་མ་ནུས་པར་དམ་པ་གང་གི་སློབ་མའི་གྲལ་མཐར་གཏོགས་ཤིང་བོན་གྱི་མཐོ་རིམ་རབ་འབྱམས་པའི་མིང་ཙམ་འཛིན་པ། ཁམས་ཁྱུང་པོ་བ་བསྟན་འཛིན་རྣམ་རྒྱལ་དུ་འབོད་པ་དེས་རྩོམ་དེབ་ཀྱི་སྔོན་འགྲོ་ཞིག་གི་ཚབ་ཏུ་སྒོ་གསུམ་གུས་པ་ཆེན་པོའི་ཕྱག་དང་ལྷན་དུ་ཕུལ་བས་དཔལ་ལྡན་བླ་མའི་ཐུགས་དགོངས་རྫོགས་ཤིང་རང་གི་ཉེས་ཚོགས་བསལ་བའི་རྒྱུ་རུ་འགྱུར་བར་ཤོག་ཅིག

2016/8/26ཉིན་གདན་ས་སྨིན་གྲོལ་གླིང་དུ་བྲིས།

3目录-1.jpg

3目录-2.jpg
3目录-3.jpg
3目录-4.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།