«བརྡ་སྤྲོད་གཟི་མིག་དགུ་བ»པར་སྐྲུན་འགྲེམ་སྤེལ་བྱས་པ།

[ཟླ་ཚེས། 2015-08-27 13:44:27][རྩོམ་པ་པོ། བན་ཤུལ་དཔལ་མཁར་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

165b0459a3d1775a0cabfb60bebea457.jpg

དཔེ་མིང༌། བརྡ་སྤྲོད་གཟི་མིག་དགུ་བ།
རྩོམ་པ་པོ། ཁྲི་གཡུང་དྲུང་།
འགྲེམ་སྤེལ་མཁན། ཞང་བོད་ཤེས་རིག་ཞིབ་འཇུག་དར་སྤེལ་ལྟེ་གནས།
འགྲེམ་སྤེལ་དུས་ཚོད། སྤྱི་ལོ2015ལོའི་ཟླ8པར།

བོན་ལུགས་བརྡ་སྤྲོད་སྐོར་གྱི་གླེང་གཞི།

བན་ཤུལ་དཔལ་མཁར་རྒྱལ།

      དེ་ཡང་དུས་རབས་བརྒྱད་པ་ནས་འགོ་བརྩམས་ཏེ་བོད་རང་སའི་བོན་ལུགས་ཕལ་མོ་ཆེ་དགག་བྱར་བརྩིས་ཏེ་ཁུངས་སྣུབས་པ་སོགས་ལོ་རྒྱུས་ཀྱི་ཆག་འཇིག་རབ་དང་རིམ་པ་མང་པོ་ཞིག་བྱུང་བ་རེད། དེའི་ཉེར་ལེན་གྱིས་ཕྱི་རབས་ཀྱི་མཁས་པ་གང་མང་ཞིག་ལ་ད་དུང་ཡང་སྔོན་གྱི་བག་ཆགས་དེ་ནང་བཞིན་བསྡད་ཡོད་པར་འདུག་པ་མངོན་སུམ་ལ་མཐོང་རྒྱུ་ཡོད། ཡིན་ནའང་འདས་པའི་ལོ་རྒྱུས་ལས་གང་བྱུང་བ་ཐམས་ཅད་ལ་བློས་མི་དཔོག་པ་མེད་ཀྱང་དུས་རབས་གསར་བ་འདིར་སྔར་གྱི་འདས་ཟིན་པའི་ལོ་རྒྱུས་ཀྱི་སེམས་ཁམས་ཞིག་ཁུར་ཏེ་ཇོ་ནང་དང་བོན་པོ་སོགས་ལ་སྡང་བ་དེར་སྐབས་རེར་བཞད་གད་ཙམ་བྱེད་པ་ལས་འོས་ག་ལ་ཡོད།
     དུས་རབས་ཉི་ཤུ་རྩ་གཅིག་པའི་དེ་རིང་གི་དུས་ཚོད་འདི་ལ་འཛམ་གླིང་གི་གོ་ལ་ཧྲིལ་བོ་ནི་མི་སྡེ་གཅིག་གི་ཚད་དུ་གྲུབ་ཡོད་ཅིང༌། ཆོས་ལུགས་དང་རིག་གཞུང༌། མི་རྒྱུད་དང་ཕྱི་གཟུགས་སོགས་ཐ་དད་པའི་འགྲོ་བ་མིའི་རིགས་མཐའ་དག་ཁྱིམ་ཚང་གཅིག་གི་ཚད་དུ་སླེབས་ཡོད། དེས་ན་ཁྱད་པར་དུ་དཀྱིལ་འཁོར་གཅིག་གི་ལྷ་ཚོགས་ལས་མཆེད་པ་ལྟ་བུའི་ཇོ་ནང་དང་བོན་པོ་དགེ་ལུགས་རྙིང་མ་སོགས་གྲུབ་མཐའ་གང་ཡོད་ཐམས་ཅད་གྲུ་བཞིའི་ལམ་དུ་ཁྱེར་ཏེ་བོད་ཀྱི་མི་རིགས་ཀྱི་ངོ་བོར་གྲུབ་པའི་རིག་གཞུང་གལ་པོ་ཆེ་འདི་ལ་ཞབས་འདེགས་ཞུ་ཐུབ་ན་མི་བཟང་ངམ།
     དེའི་ལྟ་བུའི་ཀུན་སློང་ཡང་དག་པ་ཞིག་སྔོན་དུ་བཏང་ནས་བལྟས་ན། ཇོ་ནང་བསྟན་དགྲ་མ་ཡིན་ལ་བོན་པོ་མུ་སྟེགས་པའང་མ་ཡིན། རྙིང་མ་ཧྭ་ཤང་གི་ཆོས་ལོག་མ་ཡིན་ལ་བཀའ་བརྒྱུད་རྟག་མཐར་ཡང་ལྷུང་ག་ལ་ཡོད། འདི་དག་རེ་རེ་ཡི་ལུགས་ལ་ཡོད་པའི་མཁས་དབང་བསམ་གྱིས་མི་ཁྱབ་པ་དག་ནི་ཤ་དང་རུས་པ་གཅིག་ལས་མཆེད་པའི་མི་རིགས་འདི་ཁོ་ན་ལས་བྱུང་བ་ཡིན་སྟབས་མི་རིགས་འདིའི་རིག་གཞུང་ལ་ཞེ་གནག་པ་ག་ལ་སྲིད་དེ་ནམ་ཡང་མི་སྲིད་དོ།། ལྟ་དགོངས་གཅིག་ཏུ་མི་འབབ་པ་རང་གི་ཕ་མ་དང་བུ་ཕྲུག་ལའང་ཡོད་པས་དེ་དེ་ལྟར་མི་མཐུན་པ་གཙིག་ཏུ་འཛིན་པའི་འགལ་རྐྱེན་རྣམས་ཕར་གཡུག་ཏེ་ཐུན་མོང་ལམ་ཕྱོགས་གཅིག་ལ་གོམ་པ་སྤོ་དགོས་པ་ནི་དུས་རབས་འདིར་མཁོ་བའི་ཁ་ཚ་དགོས་གཏུག་གི་རིམ་གྲོ་ཉག་གཅིག་ཡིན་ནོ་ཞེས་ཞུ་བ་ཡིན། 
     དེ་ལྟར་སྐབས་བབ་དངོས་ཏེ་ཀློག་མཁན་རྣམས་ལ་མཚམས་སྦྱོར་བྱ་རྒྱུ་ནི་མཁྱེན་ཡངས་བོད་རིག་པ་བ་ཁྲི་གཡུང་དྲུང་ཞུ་བས་བྲིས་པའི་བོན་ལུགས་བརྡ་སྤྲོད་ཀྱི་དེབ་གསར་འདི་ཡིན། རྩོམ་པ་པོ་གང་དེར་ཕྲན་གུས་པ་སྐད་འཕྲིན་གྱི་ལམ་ནས་འབྲེལ་བ་བྱུང་ཙམ་ལས་ཤ་ཉེ་དང་གྲོགས་པོ་སོགས་ཀྱི་ངོ་སོ་འཛིན་པ་མིན་ལ་བོན་ལུགས་གྲུབ་མཐའི་ལ་རྒྱ་སྐྱོར་བ་དེ་བས་ཀྱང་མིན། འོ་ན་གང་ཞེ་ན། ང་ཚོས་བདེན་པ་ཡང་དག་བདར་ནས་བོད་ཀྱི་སྔ་རབས་ཀྱི་གྲུབ་མཐའ་སྣ་ཚོགས་ཀྱི་ལུགས་ལ་ཡོད་པའི་ཤེས་བྱ་ཕྲ་རག་ལ་རྒྱུས་ལོན་དང་སློབ་སྦྱོང་ཞུས་ཏེ་མ་འོངས་པར་བོད་ཀྱི་རིག་གཞུང་ལ་ཞབས་འདེགས་ཞུ་ཐུབ་ན་བསམ་པའི་ཀུན་སློང་གིས་དེབ་གསར་འདི་ངོ་སྤྲོད་ཞུ་གི་ཡོད།
     དེ་ལ་སྔ་རབས་ཀྱི་བོན་གཞུང་དང་དེ་འབྲེལ་གྱི་མཁས་པ་རྣམས་ཀྱིས་བོད་ཀྱི་ཡི་གེ་བྱུང་ཁུངས་དང་བརྡ་སྤྲོད་ཀྱི་གཞུང་ལུགས་སོགས་ལ་རང་ལུགས་ཁྱད་པར་བ་དང་བཅས་ཏེ་གསུང་སྲོལ་ཐུན་མོང་མ་ཡིན་རེ་ཡོད་མོད། དེ་དག་ནི་དུས་དང་བསམ་པའི་བཀག་རྒྱ་འདྲ་མིན་ལ་བརྟེན་ནས་རེ་ཞིག་བག་ལ་ཞ་བའི་ཚུལ་དུ་སོང་ཡོད་པ་དང༌། གསུང་སྲོལ་དེ་དག་ཀྱང་ཐོར་བུའི་ངོ་བོར་ཡོད་པ་ལས་ཤ་གཟུག་ཟ་རྐྱང་ལྟ་བུར་མེད་སྟབས་གལ་ཏེ་བལྟ་དགོས་ཀྱང་གཞུང་མང་བཀླག་ནས་རྒྱུས་ལོན་བྱེད་དགོས་ཀྱི་ཡོད། དེ་ལྟ་བུའི་བཀག་རྒྱ་སྣ་ཚོགས་སིལ་བུར་གཏོར་ནས་ཁྲི་གཡུང་དྲུང་གིས་བོན་ལུགས་བརྡ་སྤྲོད་ཀྱི་དེབ་གསར་ཞིག་བརྩམས་འདུག་པ་སྔ་ནས་ཐོས་ཀྱང་ཉིན་ཤས་སྔོན་ལ་མ་གཏོགས་ཞིབ་པར་བཀླག་པའི་སྐབས་མ་བྱུང༌། འདམ་གཞུང་གི་གྲོགས་པོ་ཞིག་གིས་དེབ་གསར་བསྐྱར་སྤར་མ་ཞིག་གུས་པར་བསྩལ་པ་ཞིབ་པར་བཀླག་པས་དུས་ཚོད་ཀྱི་ཚེགས་ཆུང་ལ་བོན་ལུགས་ཀྱི་བཅུད་འདུས་པའི་དེབ་གསར་འདི་ལས་བོན་གཞུང་གི་བརྡ་སྤྲོད་ལུགས་སྲོལ་ལ་གོ་བ་ངེས་ཅན་ཞིག་ལོན་སྲིད་པས་བོད་ཀྱི་ཕྱི་རབས་པའི་སྡེ་དག་གིས་ཀྱང་མཐར་ཆགས་སུ་བཀླག་ན་འོས་སོ་སྙམ་པའི་བསམ་པ་ཞིག་འགོག་མེད་དུ་སྐྱེས་སོང༌། ཡིན་ནའང་རེ་ཞིག་བརྡ་སྤྲོད་དེབ་གསར་འདིའི་ཁྱད་ཆོས་སོགས་གུས་པ་ཁོ་ནས་ངོ་སྤྲོད་ཞུ་མ་དགོས་པར་གཞི་རྒྱ་ཆེ་བའི་བོད་ཀྱི་ཀློག་མཁན་དག་གི་བགོ་སྐལ་དུ་ཕུལ་ཡོད་པས་དེ་དེ་བཞིན་དུ་བཀླག་ནས་མ་འོངས་བོད་ཀྱི་རིག་གཞུང་ཉམས་ཞིབ་ཀྱི་མཐུན་རྐྱེན་དུ་འགྲོ་བའི་ཤིས་སྨོན་དང་བཅས།

བན་ཤུལ་དཔལ་མཁར་རྒྱལ་གྱིས།
༢༠༡༥/༨/༢༤/ལ་མངའ་རིས་སྨད་མང་ཡུལ་གུང་ཐང་གི་བཙན་པོ་ཕྱི་མ་རྣམས་ཀྱི་བཞུགས་གནས་ཕོ་བྲང་བཀྲ་ཤིས་ཁྱུང་རྫོང་དཀར་པོའི་ཉེ་འདབས་སུ་ཤར་མར་བྲིས་སོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།