གཤེན་རབ་དགྱེས་པའི་བཤེས་གཉེན་ཕྱིར་ལ་གཟིགས་ཞེས་པའི་རྗེས་དེབ་འགྲེམ་སྤེལ་གནང་བ།

[ཟླ་ཚེས། 2015-06-15 23:23:51][རྩོམ་པ་པོ། གཟི་རྩ་སངས་རྒྱས་དོན་གྲུབ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཧོར་བ་དྲུང་རམས་པ་བསྟན་འཛིན་བློ་གྲོས་རྒྱ་མཚོ་སྐུ་མྱ་ངན་ལས་འདས་ནས་མི་ལོ༤༠འཁོར་བའི་རྗེས་དྲན་གྱི་དེབ༼ གཤེན་རབ་དགྱེས་པའི་བཤེས་གཉེན་ཕྱིར་ལ་གཟིགས ༽པར་བསྐྲུན་འགྲེམ་སྤེལ་གནང་བ།
1.jpg
སྔོན་བརྗོད།

མཁར་རྨེའུ་བསམ་གཏན། ༼ཧྥ་རན་སི།༽

   འདིར་སྨྲ་བའི་དབང་པོ་ཧོར་བ་དྲུང་རམས་པ་བསྟན་འཛིན་བློ་གྲོས་རྒྱ་མཚོ་མཆོག་སྐུ་ཞི་བར་ གཤེགས་ནས་མི་ལོ་བཞི་བཅུ་འཁོར་བའི་རྗེས་དྲན་ཆེད་<<གཤེན་རབ་དགྱེས་པའི་བཤེས་གཉེན་ཕྱིར་ལ་གཟིགས། >>ཞེས་པའི་དེབ་ཀྱི་སྔོན་བརྗོད་ཙམ་གླེང་བ་ལ།
   དམ་པ་དེ་ཉིད་ཀྱི་རང་རྣམ་རྒྱས་པ་ཕྱིས་སུ་རང་གི་སློབ་མ་བློ་བཟང་རྒྱ་མཚོས་ཁ་སྐོང་བགྱིས་པ་དེ་ཉིད་སྤྱི་ལོ་༢༠༡༡ལོར་དཔར་སྐྲུན་བྱས་པའི་ཁོང་གི་གསུང་འབུམ་པོ་ཏི་དང་པོའི་ནང་བཞུགས། ཁོང་གིས་མི་ཚེ་གང་པོར་སྒྲུབ་པ་ཉམས་ལེན་དང་འཆད་ཉན་གཙོར་གནང་འདུག དེ་ཡང་གྱེར་སྤུངས་དྲན་པ་ནམ་མཁའ་ཡབ་སྲས་གསུམ་དང་ཡུམ་བཅས་བཞི་ལ་ཐུགས་དད་ཤིན་ཏུ་ཆེ་བར་མངོན། འདི་ཉིད་ཁོང་གི་གསུང་འབུམ་དུ་ཡང་ནས་ཡང་དུ་སྨོས་པས་ཤེས། དྲན་པ་ཚེ་སྒྲུབ་ཀྱི་སྙིང་པོ་བྱེ་བ་བཞི་ལྷག་ཙམ་བསྙེན་ཡོད་གསུངས་པ་དང་དེ་བཞིན་དམིགས་བསལ་དུ་དྲན་པའི་སྒྲུབ་གནས་སུ་གྲགས་པ་ཐེ་བོ་བྲག་དཀར་བྱ་རྒོད་རི་ཁྲོད་དུ་མི་ལོ་བཅུ་བཞིར་བསྙེན་མཚམས་ལ་བཞུགས། འདིའི་དགོངས་པ་དྲན་པ་ནམ་མཁའ་ནི་གསུང་རབ་རྣམས་སུ་ཐུགས་ཀྱི་བསྟན་པའི་གཉེར་དཔོན་ཡིན་པ་བཞེད་པར་མ་ཟད་ཁོང་གིས་གསུངས་པར་“འཆི་མེད་མངོན་བྱོན་གྱེར་སྤུངས་དྲན་པ་ནམ་མཁའ་དང་། བཟང་ཟའི་རྣམ་རོལ་མཁའ་འགྲོ་འོད་ལྡན་འབར་མ་གཉིས་ཀྱི་སྲས་སུ་བལྟམས་པའི་གཅེན་པོ་གསང་འདུས་ངོ་བོ་ཚེ་དབང་རིག་འཛིན་དང་གཅུང་པོ་སྟག་ལྷའི་ཐུགས་སྤྲུལ་གཡུང་དྲུང་མཐོང་གྲོལ་དང་བཞི་སྟེ་ཡུ་བུ་ཅག་གི་ལྷ་སྐལ་དུ་ལས་ཀྱིས་བསྐལ་བས་མངོན་སུམ་ཉིད་དུ་སྤྱི་བོ་གཙུག་ཏུ་བཞུགས་པར་ཐེ་ཚོམ་ཅི་ནས་མི་དགོས་པར་འཚལ་ལོ། ”༼གསུང་འབུམ་པོ་ཏི་དང་པོ་ལྡེབ་༣༦༢༽གསུང་ཚུལ་འདི་ལ་གཞིགས་ན་དམ་པ་འདི་ཉིད་མཐའ་གཉིས་སུ་ལྷུང་བའི་རྟོག་གེ་བ་མགོ་འཁྲེགས་ཅན་འགའ་དང་མི་འདྲ་བར་རང་གི་གྲུབ་མཐའི་ཞེ་ཕུག་རིས་མེད་ཡིན་པ་མངོན་དུ་གྲུབ། གཡུང་དྲུང་བོན་གྱི་གྲུབ་མཐའི་ནང་ཁུལ་དུ་གནས་དང་གྲུབ་ཐོབ་སོགས་ཀྱི་མཚན་དངོས་འཛིན་ཚུལ་དང་ཁས་ལེན་ཚུལ་འདྲ་མིན་སྣ་ཚོགས་བྱུང་བར་དོགས་སེལ་གྱི་ཚུལ་དུ་བྲིས་པ་༼ལུང་རིགས་དོགས་སེལ་ཉུང་འདུས། གསུང་འབུམ་པོ་ཏི་དང་པོ་ལྡེབ་༣༤༡༽ འདི་བོན་གྱི་ཞིབ་འཇུག་པ་ཚོ་ལ་མ་དྲིས་དོགས་སློང་ལྟ་བུ་ཤིན་ཏུ་དོ་སྣང་ཅན་དང་བློ་གསར་ལ་ཕན་པའི་ཡིག་ཆ་ཞིག་རེད་འདུག གོང་སྨོས་བཞིན་སྐུ་ཚེ་སྨད་ལ་འཆད་ཉན་གཙོར་གནང་སྟེ་རང་གི་སློབ་མ་བསྐྱངས་ནས་བསྟན་པ་སྤེལ་བ་དང་དེ་འཛིན་གྱི་སྔོན་བྱོན་སྐྱེས་བུའི་རྣམ་ཐར་བརྩམས་པ་ནི་རྟོགས་ལྡན་རྒྱལ་བ་དབང་ལྡན་དང་ཨ་སྔགས་རྟོགས་ལྡན་བསྟན་པ་ཚུལ་ཁྲིམས་གཉིས་ཀྱི་རྣམ་ཐར་ལས་ཤེས། དེ་བཞིན་རང་གི་སློབ་མའི་གྲས་སུ་བསྟན་འཛིན་གྱི་སྐྱེས་བུ་དམ་པ་མ་འོངས་པར་འབྱུང་བ་ཡང་མངོན་པར་གཟིགས་པ་དཔེར་ན་“བྱང་ཆུབ་ཐུགས་འབྱོང་སྡེ་བཅུའི་བོན་ལ་མཁས། །བསྟན་འཛིན་དམ་པ་ངག་དབང་ཡང་སྲིད་དཔལ། །གཞན་ལ་ཕན་པའི་བློ་གྲོས་མཆོག་དང་ལྡན། །ཤེས་རབ་རྣམ་དག་ཞབས་ལ་གསོལ་བ་འདེབས། །”༼གསུང་འབུམ་པོ་ཏི་དང་པོ་ལྡེབ་༣༥༣༽ ཕལ་ཆེར་འདི་མི་མངོན་པའི་ལུང་བསྟན་གྱི་ཟོལ་དང་གསོལ་འདེབས་ཀྱི་ཚུལ་དུ་བྲིས་པ་ནི་དུས་སྐབས་ཀྱི་དགོས་དབང་གིས་ཡིན་ལ་དེ་ལོ་མང་པོའི་རིང་ལ་སྦས་དགོས་ཀྱང་བྱུང་ཡོད། ཕྱིས་སྤྱི་ལོ་༡༩༧༩ལོར་ཕྱིར་བཏོན། འདིའི་ནང་སྨོས་པའི་མཚན་སྒྲ་གཞན་ཕན་མཆོག་ལྡན་དང་ཤེས་རབ་རྣམ་དག་ནི་སྐྱབས་རྗེ་སྨན་རིའི་མཁན་རབས་སོ་གསུམ་པའི་མཚན་གཞན་ཡིན་པ་ཡང་འདིར་ཀློག་པ་པོ་རྣམས་ཀྱིས་མཁྱེན་པར་མཛོད། དམ་པ་དེ་ཉིད་ཀྱིས་བསྟན་འཛིན་གྱི་སྐྱེས་བུ་དེ་དག་གི་གྲུབ་མཐའ་གཡུང་དྲུང་བོན་ཡུན་རིང་དུ་གནས་པའི་ཐུགས་སྨོན་གནང་བ་འདི་ལྟར། “ཟླ་མེད་མགོན་པོ་མཆོག་གི་བྱིན་སྟོབས་ཀྱིས། །རང་ལུགས་གཤེན་བསྟན་དབྱར་མཚོ་ལྟར་འཕེལ་ཞིང་། །བཤད་སྒྲུབ་རླབས་ཕྲེང་དགུང་དུ་གཡོ་བཞིན་པ། །མི་ཉམས་སྲིད་མཐའི་བར་དུ་བརྟན་གྱུར་ཅིག། ” ༼གསུང་འབུམ་པོ་ཏི་དང་པོ་ལྡེབ་༣༦༢༽ཅེས་པས་རྟོགས་ནུས།

བཤེས་གཉེན་དམ་པ་གང་གི་སློབ་རིགས་སུ་གཏོགས་པ་མཁར་རྨེའུ་བསམ་གཏན་གྱིས་རྒྱལ་ས་པ་རི་སི་ལ་སྤྱི་ལོ་༢༠༡༤ལོར་ཟླ་བ་བཅུ་བའི་ཚེས་༢༤ལ་བྲིས།

01.jpg02.jpg
03.jpg03.jpg
05.jpg06.jpg
དཀར་ཆག 

མཐར་བསྐྱར་གྱི་ཞུ་ཚིག

    རབ་དཀར་གངས་རིའི་ར་བས་བསྐོར་བའི་ཞིང་ཁམས་འདིར། མཁས་དང་གྲུབ་པའི་བདག་ཉིད་བྱོན་ནས་དུས་རབས་ནས་དུས་རབས་བརྒྱུད་པའི་ད་ལྟའི་དབར་ཟམ་ཆད་མ་མྱོང་ལ། དེ་ཡང་བོད་མདོ་དབུས་ཁམས་གསུམ་གྱི་ཡ་གྱལ་མདོ་སྨད་ལྷོ་ཤར་མཚམས་སུ་ཨ་མདོ་ཤར་ཁོག་གམ་ཟུང་ཆུ་ཞེས་པའི་ཡུལ་ལུང་ནས་སྐུ་མཆོག་མངོན་པར་བཞད་པ་ཡོངས་གྲགས་སུ་ཧོར་བ་དྲུང་རམས་པའམ་མཚན་དངོས་སུ་སྨོས་ན་༧སྨྲ་དབང་བསྟན་འཛིན་བློ་གྲོས་རྒྱ་མཚོ་མཆོག་འདི་ཉིད་སྔ་རབས་བོན་གྱི་རྗེས་འཛིན་ཟླ་མེད་ངེས་དོན་གྱི་བསྟན་འཛིན་ཀྱི་སྐྱེས་མཆོག་ཞིག དམ་པ་དེས་ཞང་བོད་ཀྱི་ཕ་མྱེས་དང་ཡང་མྱེས་ཀྱིས་ལུས་སྲོག་དཔུང་དུ་བཙུག་རྔུལ་ཆུ་ཐིག་པ་འཛག་ནས་གཅེས་སྤྲས་གནང་བའི་གཟུགས་འདས་དང་གཟུགས་འདས་མ་ཡིན་པའི་རིག་གནས་ཀྱི་རྒྱུན་སྲོལ་རྣམས་བསྟན་འགྲོའི་དོན་དུ་དར་སྤེལ་གནང་བའི་མཛད་འཕྲིན་རླབས་པོ་ཆེ་འཛིན་མའི་ཁྱོན་དུ་བརྡལ་བར་གྱུར་ཡོད། ཐུགས་དམ་ཉམས་རྟོགས་ཡོན་ཏན་གྱི་ཕུང་པོ་ཉི་མའི་འོད་མདངས་འབར་བས་སྐལ་ལྡན་གྱི་བུ་སློབ་གྲངས་ལས་འདས་པ་ཞིག་མུན་ནག་གི་གླིང་ནས་དཀར་ཕྱོགས་ཀྱི་ལམ་སྣེར་བཅུག་པ་དང་དག་ཞིང་གི་འོལ་གླིང་སོགས་ཀྱང་ངོ་སྤྲོད་མཛད་ཡོད། མཐར་དམ་པ་དགུང་ལོ་གྱ་བདུན་ཐོག་སྤྱི་ལོ་༡༩༧༥ལོར་གཟུགས་སྐུའི་བཀོད་པ་བོན་དབྱིངས་སུ་བསྡུས་ནས་༢༠༡༥ལོར་མི་ལོ་ཧྲིལ་པོ་བཞི་བཅུ་འཁོར་བའི་དུས་ཚིགས་དང་བསྟུན་ནས་དམ་པ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་ངེད་དམ་པའི་གསུང་འབུམ་དཔེ་སྒྲིག་ཚོགས་མིས་<<གཤེན་རབ་དགྱེས་པའི་བཤེས་གཉེན་ཕྱིར་ལ་གཟིགས། >> ཅེས་པའི་དེབ་ཞིག་གོ་སྒྲིག་བྱས་པ་འདི་ཉིད་མི་དམངས་རྣམས་ཀྱི་སྤྱན་ལམ་དུ་འགྲེམ་སྤེལ་བྱས་པ་ཡིན། དེ་ཕྱིར་ཞི་དབྱིངས་སུ་གཞོལ་བའི་དམ་པ་རྣམས་རྗེས་སུ་དྲན་པ་ནི་ཡོན་ཏན་ཅན་ལ་གོང་བཀུར་དང་མཐོང་ཆེན་བྱེད་པའི་སྲོལ་བཟང་ཉག་གཅིག་ཡིན་ལ། རྗེས་དྲན་གྱི་དེབ་འདི་ལ་མཚོན་ན་མཐའ་དབུས་བར་གསུམ་ལ་རྒྱབ་སྐྱོར་དང་སེམས་ཤུགས་ཀྱི་མཐུན་འགྱུར་གནང་བའི་སྨྱུག་ཐོགས་རྩོམ་པ་པོ་ཡོངས་ཀྱི་བཀའ་དྲིན་དང་། ལྷག་དོན་དུ་ཧོར་བཙུན་དམ་པའི་སྐུ་ཚ་རྒྱལ་སྤྱི་བོད་རིག་པའི་མཁས་དབང་མཁར་རྨེའུ་བསམ་གཏན་རྒྱལ་མཚན་མཆོག་གིས་མཐའ་མར་ཞིབ་གཟིགས་གནང་བར་སོགས་ལ་བསྟེན་ནས་ད་ལོ་འདིའི་རྗེས་དྲན་གྱི་དེབ་<<གཤེན་རབ་དགྱེས་པའི་བཤེས་གཉེན་ཕྱིར་ལ་གཟིགས། >> ཅེས་པ་ལེགས་གྲུབ་བྱུང་བ་ལགས་སོ། །
དམིགས་བསལ་དེབ་འདི་ལ་ཞལ་འདེབས་བྱུང་བ་གཤམ་གསལ། སྐྱང་དགོན་དོ་དམ་ཨུ་ཡོན་ལྷན་ཁང་ནས་ཀྲུང་སྒོར། 1000 མཁན་ཟུར་ཤེས་རབ་མཐར་ཕྱིན་མཆོག་ནས་ཀྲུང་སྒོར། 1000 སྐྱང་བླ་ལྷ་འབུམ་མཆོག་ནས་ཀྲུང་སྒོར། 500 སློབ་དཔོན་ཚུལ་ཁྲིམས་དཔལ་འབྱོར་མཆོག་ནས་ཀྲུང་སྒོར། 1000 སྤྲུལ་ཤེས་རབ་དབང་རྒྱལ་མཆོག་ནས་ཀྲུང་སྒོར། 1000 མཁར་རྨེའུ་བསམ་གཏན་མཆོག་ནས་ཨ་སྒོར། 500 ཨ་ཁུ་རྣམ་རྣམ་ནས་ཀྲུང་སྒོར། 500 ཡག་རི་རྒྱལ་བ་འོད་ཟེར་ནས་ཀྲུང་སྒོར། 1000 ཆུ་འཁྱིལ་གཡུང་དྲུང་རྣམ་རྒྱལ་ནས་ཀྲུང་སྒོར། 1000 ཕན་ཐུབ་ནམ་མཁའ་ཡེ་ཤེས་ནས་ཀྲུང་སྒོར། 1000 ཁང་གསར་ཟླ་བ་བསམ་འཕེལ་ནས་ཀྲུང་སྒོར། 1000 རབ་ཝེར་སྐལ་བཟང་བསྟན་རྒྱལ་ནས་ཀྲུང་སྒོར། 1000 མཁའ་སྒང་བསྟན་འཛིན་རྒྱ་མཚོ་ནས་ཀྲུང་སྒོར། 1000 སྐྱང་ཚང་ཚེ་རིང་མཁར་ནས་ཀྲུང་སྒོར། 1000 སྲི་ཐར་མཚོ་ནས་ཀྲུང་སྒོར། 1000 ཨ་ཁུ་གཡང་འཁྱིལ་ནས་ཀྲུང་སྒོར། 200 སོགས་དང་གྲོགས་རིན་སྤུངས་ཚུལ་བསྟན་དང་ཟིང་ཆུ་བློ་གྲོས་བསྟན་དར་དང་སྐལ་བཟང་ཉི་མ་སོགས་ཀྱིས་རོགས་སྐྱོར་གནང་བ་ལ་ངས་རྩོམ་སྒྲིག་ཚོགས་མི་ཡོངས་ཀྱི་ཚབ་བྱས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ལེགས་གསོལ་ཞུ་བ་དང་ཆབས་ཅིག མཐའ་དོན་དུ་ལུང་ལས། ཚེ་ཡི་རྒྱལ་པོ་ཚེ་རིང་ནད་མེད་ཤོག། འདོད་པའི་རྒྱལ་པོ་ཕུན་སུམ་ཚོགས་པར་ཤོག། སྨོན་ལམ་རྒྱལ་པོ་གང་བཏབ་འགྲུབ་པར་ཤོག། འབྲས་བུ་རྒྱལ་པོ་མངོན་སངས་རྒྱས་པར་ཤོག། ཅེས་པ་ནང་བཞིན་ཁྱེད་རྣམ་པའི་བསོད་ནམས་ཀྱི་ཕུང་པོ་སྔ་ལས་རྒྱས་པ་དང་ཇི་བསམ་ཡིད་བཞིན་ཏུ་འགྲུབ་པའི་བཀྲ་ཤིས་སྨོན་ཚིག་དང་བཅས་ནས་མཚམས་འཇོག་རྒྱུ་ཡིན། །། །

གཙོ་སྒྲིག་པ་གཟི་རྩ་སངས་རྒྱས་དོན་གྲུབ་ཀྱིས་འཕགས་ཡུལ་ནས་༢༠༡༥/༤/༡༥བྲིས།

0.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།