༢༠༡༤ལོའི་༼ རྒྱལ་གྱི་ཐེམ་སྐས་ ༽འགྲེམ་སྤེལ་གནང་བ།

[ཟླ་ཚེས། 2014-11-13 08:07:43][རྩོམ་པ་པོ། ལོ་དེབ་རྩོམ་སྒྲིག་ཁང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཁྱུང་ཡུལ་སྨོན་རྒྱལ་བླ་བྲང་ནས་བཏོན་པའི་རིག་གཞུང་ལོ་དེབ་«རྒྱལ་གྱི་ཐེམ་སྐས»སྤྱི་དེབ་གཉིས་པ་འགྲེམ་སྤེལ་གནང་བ།
07.jpg
ལོ་དེབ་ཀྱི་མདུན་རྒྱབ་པར་རིས།
04.jpg
ནང་ངོས་མདུན་རྒྱབ་པར་རིས།
05.jpg06.jpg
བར་བཅུག་པར་རིས།
01.jpg02.jpg
བོད་ཡིག་དཀར་ཆག
03.jpg
རྒྱ་ཡིག་དཀར་ཆག
ཀླད་དོན་གཤེན་གྱི་སྨྲང་ཚིག་གཡུང་དྲུང་མཐའ་ཡས།

   གཤེན་གྱི་འབྱུང་ལྡན་༣༠༡དང་བོད་ཤིང་ཕོ་རྟ་ཡི་ལོ་འདིའི་ནང་། བླ་རི་གངས་དཀར་ཏི་སེ་དང་ཐུགས་སྤྲུལ་བོན་རི་ཆེན་མོའི་གནས་མགྲོན་ཟུང་གཅིག་ཚེས།ཡོང་གྲགས་རྟ་ལོ་བསྐོར་ཆེན་ཞེས་གྲགས་པའི་ཕྱོགས་བཅུའི་གནས་སྐོར་བ་དག་གི་རེ་ཞུན་བསུ་བའི་གཡང་ལོ་འདིར།བྱམས་བརྩེའི་སྒམ་རླིང་ཐོག་ཤེས་རིག་གི་ བསམ་བློའི་འདུ་འགོ་ཆེ་ཞིང་།ལས་འབྲས་བླང་དོར་གྱི་གནད་རྣམས་རྒྱུན་ཤེས་སུ་ ཆགས་པའི་ཞང་བོད་ཤེས་རིག་ལ་ཕུགས་འདུན་འཚོལ་བའི་རྒན་དར་གཞོན་གསུམ་ཚོ།སྔ་རབས་ལ་བརྩི་འཇོག་དང་ཕྱི་རབས་ལ་མིག་ལྟོས་བཟང་པོའི་འབད་བརྩོན་བྱས་ཏེ་མ་འོངས་རེ་འདུན་གྱི་འོད་སྟོང་མངོན་གྱུར་ལ་ཕྱོགས་ཅིང་།དུས་རབས་ཀྱི་སྟེགས་བུ་རུ་དོན་བཟང་གི་ཁ་ལོ་བསྐོར་ཞིང་དམིགས་རྒྱང་རིང་བསྐྱོད་ཐུབ་པའི་སྡོང་གྲོགས་བཅོལ་བཞིན་སྔོན་གླེང་གཤེན་གྱི་སྨྲང་ཚིག་གི་བྱིན་ཕབ་ཏེ།ཕྱོགས་གང་སར་ཀློག་པ་པོའི་སྐུ་མགྲོན་རྣམས་ལ་སྙན་གསན་གྱི་དུང་བརྡ་འདིས་སྔོན་རབས་ཕ་མེས་ཚོའི་སྲོལ་རྒྱུན་རྙིང་ཉམས་ཀྱི་བྲོ་བ་ཞིག་དང་།མདུན་རྒྱང་རིང་དུ་ལྟ་བའི་གཞོན་རབས་དག་ལ་སྐུལ་ ལྕག་ཡོང་བའི་ཁོག་ཡངས་སྒོ་ཆེན་ཤག་སེ་ཕྱེས་ཏེ་ཀླད་དོན་འབེལ་གཏམ་རོབ་ཙམ་ བསྐུལ་བ་ལ།སྔོན་ཚེ་ཞང་རྒྱལ་བྱ་རུ་ཅན་གྱི་དབུ་ཡི་མཆོད་གནས་རྣམ་འདྲེན་བརྒྱད་ པ་༧སྟོན་པ་གཤེན་རབ་མི་བོ་ཆེ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་ཀྱིས་ཐོག་མར་གྲངས་མེད་ཚོགས་བསགས་གྲངས་མེད་སྒྲིབ་པ་སྦྱངས་ཏེ་མཐར་མངོན་པར་རྫོགས་པའི་ སངས་རྒྱས་ཀྱི་གོ་འཕང་བརྙེས་ཀྱང་།སྔོན་གྱི་སྨོན་ལམ་དང་གདུལ་བྱའི་ལས་བཟང་ལ་བརྟེན་ནས་དག་ཞིང་འོལ་གླིང་དུ་མཁར་བར་པོ་སོ་བརྒྱད་ཅེས་པའི་གླིང་དེར་སྲིད་པ་མིའི་སྐྱེ་བ་བཞེས་ནས་བོད་སྲིན་པོའི་རིགས་འདུལ་ཆེད་བོད་ཀྱི་ཀོང་ཡུལ་ལྷ་རི་གྱང་ ཐོའི་སྟེང་དུ་ཞབས་བཅག་སྟེ་ཐེག་དགུའི་བསྟན་པ་དབུ་འཛུགས་སྲོལ་དག་མདོ་འབྲིང་རྒྱས་གསུམ་ལས་ཞིབ་པར་འབྱུང་བས་འདིར་བཀོད་མི་ལངས། སྟོན་པ་ཉིད་བསྟན་འགྲོའི་སླད་དུ་ཞང་ཞུང་ནས་བོད་ཡུལ་ཕེབས་དོན་ནི། གཟེར་མིག་ལས། རྒྱལ་ལ་སེམས་བསྐྱེད་སྐྱེས་པའི་དུས་དེ་རུ། །བདག་མཐར་གྲུབ་པ་རྫོགས་པའི་དུས་རྟིང་ལ། །གཞན་དག་སེམས་ཅན་འདྲེན་པའི་སྨོན་ལམ་བཏབ། །འདུལ་བའི་ཞིང་ཁམས་ཤིན་ཏུ་གདུལ་དཀའ་བའི། །མི་མཇེད་འདུལ་བའི་སྨོན་ལམ་བཏབ་པའི་མཐུས། །ད་ལྟའི་གནས་འདིར་འདྲེན་པའི་སྟོན་པར་འོང་། །ཞེས་གསུངས་པ་བཞིན་གསས་མཁར་ཤམ་པོ་ལྷ་རྩེའི་དྲུང་དུ་ཕོ་གླིང་ཁྲི་སྨོན་རྒྱལ་བཞེད་དང་།མོ་གླིང་ཁོལ་མ་ནེའུ་ཆུང་སོ་སོར་ཕྱེས་ཏེ་རྣམ་དག་འདུལ་བའི་སྡེ་བཏབ་པ་ནས་དབུ་བརྩམ་ཏེ་སྡུལ་བསྔལ་སེལ་བའི་དཔུང་རོགས་འཕྲུལ་ངག་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་དེ་ཉིད་རྟག་གཟིགས་འོལ་གླིང་ནས་འགྲོ་དོན་དུ་སྤེལ་མགོ་ཚུགས་ནས་བཟུང་རིམ་བཞིན།སྟོད་ཀྱི་བླ་མ་ཆེ་དྲུགབར་གྱི་གདུང་རྒྱུད་བཅུ་གསུམ།སྨད་ཀྱི་མཁས་པ་མི་བཞི་ སོགས་གསང་ཆེན་རིགས་འཛིན་དག་གིས་ཞང་བོད་དང་རྒྱ་གར། སྟག་གཟིག བྲུ་ཤ ཟ་ཧོར།ཐོ་གར་སོགས་ཕྱོགས་ཀུན་ཏུ་དར་སྤེལ་ཁྱབ་བདལ་གཏོང་བ་ནས་དབུ་ཙམ་སྟེ་བསོད་ལྡན་འགྲོ་བའི་ཐར་ལམ་གྱི་འཛེགས་སྐས་གསར་པ་ཞིག་བསྐྲུན་ཡོད་པ་ནི་༼སྲིད་པ་རྒྱུད་ཀྱི་ཁ་བྱང་༽༼བསྒྲགས་པ་གླིང་གྲགས་༽༼རྒྱལ་རབས་གསལ་བའི་མེ་ལོང་༽༼དར་རྒྱས་གསལ་སྒྲོན་༽སོགས་སྨྲང་རབས་ལོ་རྒྱུས་སྟེང་མངོན་རྗེན་དུ་ལགས། དོན་གྱི་བབས་སོ་སྟེང་ནས་ཞུས་ན་རང་ཅག་གི་བསོད་སྐལ་ལྟ་སྒོམ་སྤྱོད་གསུམ་གྱི་རྨང་སྡོང་སྟེང་གཞི་ལམ་འབྲས་གསུམ་གྱི་སྣ་མང་ཡལ་གས་ཕྱུགས་པའི་༧སངས་རྒྱས་གཡུང་དྲུང་བོན་གྱི་བསྟནཔ་འདི་ཉིད་གདུལ་བྱའི་སྤྱི་བསོད་མཁའ་ལ་བདེར་གཤེགས་ཐུགས་རྗེ་གཉིས་ཟུང་གཅིག་མདའ་སྦྲེལ་ཐོག་ཧི་མ་ལ་ཡའི་རི་བརྒྱུད་ནས་གཞིས་ཆགས་ཞིང་མི་ལོ་སྟོང་ཕྲག་ལྔའི་གོང་གིི་བཞུར་རྒྱུན་ཁྲོད་ཞང་བོད་ཀྱི་རིག་གཞུང་རྙིང་པ་མདོ་ད་ལྟའི་བར་དུ་ཡང་ཞལ་མཇལ་གསུང་ཐོས་དངོས་སུ་ཡོད་པ་ནི་ཞྭ་དཀར་གཡུང་དྲུང་བསྟན་པའི་རིག་འཛིན་གྲུབ་བརྙེས་གོང་མའི་ཐུགས་རྗེ་དང་བཀའ་སྲུང་དམ་ཅན་ཚོགས་ཀྱིས་ཉ་ར་བྱས་པ་མ་ཡིན་ནམ།མདོར་ན་ཕྱི་ནང་གང་སར་ངོམ་རིན་ཆོག་པའི་ཤེས་རིག་གསོན་པོ་སྟེ་ལྐུགས་པ་ཁ་འབྱེད་གསུང་བསྟན་གྱི་སྐྱ་རེངས་དེ་ཉིད་ནུབ་གླིང་ཨ་རི་སོགས་གླིང་ཆེན་ཁག་དང་ཤར་གླིང་ཀྲུང་གོ་གཙོས་པའི་ཤར་ནུབ་ཀྱི་གླིང་ཆེན་སོགས་འཛམ་གླིང་ཕྱོགས་གང་སར་ལས་སྨོན་གྱིས་གསེར་ཞལ་མཇལ་འདི་ནི་བསམ་ཤེས་ན། སྔོན་རབས་འཛམ་གླིང་མཁས་པའི་རྒྱན་དྲུག་གི་བརྡ་མཚོན་པའི་དུས་རབས་ཀྱི་ཁུགས་སོ་ཞིག་ཏུ་རློམ་ཆོག་མོད།འོན་ཀྱང་མདོ་སྔགས་རྫོགས་པ་གསུམ་གྱི་དོན་མ་ཤོང་བ་རྣམས་ལ་འོས་མེད་ཀྱི་ཁྲོམས་བསྒྲགས་བྱས་ནས་དམ་ཚིག་ཉམས་པའི་རྒྱུ་ལས་མ་ འདས།ནང་ཆོས་ཀྱི་རིག་གཞུང་འདིས་བོད་གངས་ཅན་ཙམ་མ་ཟད་སྐྱེ་འགྲོ་སྲོག་ དབུགས་ཀྱིས་བསྡུས་པའི་སེམས་ཅན་ཐ་དག་སྡུག་བསྔལ་གི་མགོ་བོ་བཅག་ཏེ། ཆེས་བདེ་ཞིང་སྐྱིད་པའི་ཞི་བ་འཚེ་མེད་ཀྱི་ཞིང་ཁམས་སུ་ཐར་ལམ་སྒྲོན་མེ་སྤར་ཐུབ་པ་འདི་ནི་ང་ཚོ་ནང་པ་སངས་རྒྱས་པའི་བྱིན་རླབས་ཀྱི་ཉག་ཐག་གཅིག་པུ་དེའོ། དེ་མཐུན་གྱི་རིག་གཞུང་དེ་ལ་བརྟེན་ནས་གཉུག་མར་རྒྱུད་ཐོག་ནས་གོམ་པ་སྤོ་ཐུབ་ཚེ་ང་ཚོ་མི་བྲེལ་འཕོང་གི་སྡུག་བསྔལ་ཙམ་མ་ཟད་ཁམས་གསུམ་ཀའི་ཉོན་མོངས་ཐ་དག་དྲུང་ནས་འབྱིན་ནུས།གཟིགས་དང་དབུགས་འབྱིན་རྔུབ་ཙམ་དུ་ཡང་འཚེ་མེད་ཞི་བདེ་མྱོང་བ་དང་།བྱམས་པའི་འོད་སྣང་གི་འཁོར་ཡུག་རིག་གཞུང་དེ་སྦྱོང་སྤྱོད་ལ་བརྟེན་ནས་ཐད་ཀར་ཁྱོད་དང་ང་ཚོ་ལ་མྱོང་བ་སྟེེར་ཐུབ།ས་ཕྱོགས་སྐད་གོམས་ཀྱི་ཆ་མ་མཚུངས་ཀྱང་།འཛམ་གླིང་གང་སར་བདེ་སྐྱིད་ལ་རེ་བའི་ཚེ་སྲོག་པ་ཀུན་གྱི་ཡིད་འོང་འཕྲོག་ པའི་རྒྱུ་མཚན་ནི་གོང་སྨྲོས་ཟུར་ཙམ་གླེང་བའི་བྱུང་བ་དེ་དག་གི་ཡིན་པ་དངོས་ཡོད་ཀྱི་ཆ་འཕྲིན་ཤར་མར་འཇིག་རྟེན་ཐོག་སྤེལ་འོས།དེར་བརྟེན་ནང་པ་སངས་རྒྱས་པའི་རྒྱུད་འཛིན་རྣམ་པའི་བསྟན་པའི་དགོངས་དོན་གྱི་རིག་གཞུང་དྲོད་ཁོལ་ཟབ་མོ་དེ་ཉིད་ཇི་བཞིན་མ་རྟོགས་ཀྱང་ཕྱི་རབས་རྗེས་འབྲང་པ་དག་གི་ཕྱི་ཚུལ་ནང་ཁྲིམས་ཡ་མ་བྲལ་བའི་ཐོག་ནས་དོན་སྙིང་ལྡན་པ་ཞིག་བྱ་དགོས་པ་ནི་ང་ཚོ་དང་ཁ་ཐག་ཉེ་བའི་འགན་འཁྲི་ལྗིད་ཏིག་ཏིག་དེ་ཡིན།དེར་བརྟེན་འདི་ག་ཁྱུང་ཡུལ་སྨོན་རྒྱལ་གདན་ས་བླ་བྲང་ཐེག་ཆེན་ནོར་འཁྱིལ་གླིང་གི་དཔོན་གསས་བླ་མ་༧སྨོན་རྒྱལ་གདུང་རབས་༡༨༨པ་ཀུན་གྲོལ་ནམ་མཁའ་དབང་ལྡན་རིན་པོ་ཆེའི་དགོངས་བཞེད་བཞིན་གླིང་འདིར་སྒོམ་སྒྲུབ་སློབ་གླིང་གི་འདུས་སྡེའི་ཁོང་ནས་གཙོ་གཉེར་གནང་བའི་ཞང་བོད་སྲོལ་རྒྱུན་ཤེས་ རིག་དར་སྤེལ་འཛིན་སྐྱོང་ལ་ཁ་ཕྱོགས་ཏེ་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་ གླེང་ལོ་དེབ་༼རྒྱལ་གྱི་ཐེམ་སྐས་༽འདོན་ཐེངས་གཉིས་པ་རེ་སྒུག་བྱེད་པས་གཟིགས་པ་པོའི་སྤྱན་བསྟར་བཤམས་ཐུབ་སོོང་བས་རྩོམ་སྒྲིག་པས་བཀའ་སྤྱད་འབད་བརྩོན་མ་ བསྐུལ་དང་དུ་བླངས་ཏེ་མ་འོངས་རེ་འབྲས་གསར་པ་སྟོང་ལོ་བཅོ་ལྔར་ཕུལ་བའི་གསོན་ཤུགས་སྐུལ་ལྕག་གི་ར་མདར་ཆབས་གཅིག་སྦྲན་ཡོད།ལོ་དེབ་འདི་ཉིད་ཞང་བོད་ སྲོལ་རྒྱུན་རིག་གནས་ལ་ཁ་ཕྱོགས་པ་ཡིན་དུས་གཞི་རྒྱ་ཆེ་བ་གཏིང་ཟབ་རྨད་དུ་བྱུང་བའི་རིགས་གཞུང་ལགས་ཕྱིར།རྒྱལ་རབས་བསྟན་འབྱུང་ལོ་རྒྱུས་བཅས་སྔོགས་འདོན་ཁྱབ་སྤེལ་གྱི་སྟོང་ཆ་ཁ་སྐོང་གི་སྒྲོམ་སྟེགས་ཙམ་ལས་བསྟོད་བསྔགས་ཆེ་བརྗོད་ཀྱི་ཡུལ་དུ་རློམ་པའི་རེ་བ་མེད།འདིར་བཀོད་པའི་རྩོམ་ཡིག་དག་ངེད་རྩོམ་སྒྲིག་པའི་ལྟ་བ་དང་དམིགས་ཡུལ་མཚོན་མི་ནུས།འདིར་འབྱོར་བའི་རྩོམ་ཡིག་ཐ་དག་འདི་རུ་འཁོད་ཐུབ་མ་སོང་བའི་དགོངས་འགལ་མེད་པ་ཞུ་རྒྱུ་དང་།༼རྒྱལ་གྱི་ཐེམ་སྐས་༽ལོ་དེབ་ཐེངས་གཉིས་པའི་དཔར་སྐྲུན་གྱི་སྦྱིན་བདག་ཆ་ཚང་སྒར་ཁང་ཕུག་ལེབ་དགོན་གྱི་བསྟན་བདག་ཁྲི་འཛིན་དབྲ་ཁྱུང་ཚེ་དབང་མཆོག་གྲགས་རིན་པོ་ཆེ་ནས་གཏོང་གནང་བ་འདི་ལ་ཆེད་དུ་རྩོམ་སྒྲིག་པས་ཚོགས་མི་ཡོངས་ནས་བཀའ་དྲིན་ཆེ་ཞེས་ཐུགས་རྗེ་ལེགས་གསོལ་ཞུ་བ་ཡིན།མདོར་ན་ཕྱོགས་གང་སར་འདིའི་ཐད་ལ་ཐུགས་ཁུར་རྒྱབ་སྐྱོར་གནང་བའི་བླ་སྤྲུལ་མཁན་གསུམ་དང་རྩོམ་པ་པོ་དང་ཞིབ་འཇུག་པ་ཆེད་པ་བཅས་ཀུན་ལ།
རྩོམ་སྒྲིག་ཚོགས་མི་ཡོངས་ནས་ཚབ་ཞུས་ཏེ། ལྷན་རྒྱས་འོ་རྒྱལ་ཆེ་སོང་ཞེས་གུས་བཀུར་ཞུ་བ་བཅས་རྒྱལ་གྱི་ཐེམ་སྐས་རིག་གཞུང་ལོ་དེབ་རྩོམ་སྒྲིག་པའི་མིང་ཙམ་འཛིན་པ་སྨོན་རྒྱལ་རང་གྲོལ་ཉི་མ་རྒྱལ་མཚན་གྱིས་མཉེས་ཐང་བོད་ལྗོངས་ནང་བསྟན་སློབ་གྲྭ་ཆེན་མོར་ནས་བྲིས་པའོ།། ༢༠༡༤།༩།༢༨། བོན་རྒྱལ་ལོ།།

རྩོམ་ཡིག་བསྐུར་ཡུལ།།
ས་གནས་བོད་ལྗོངས་ཆབ་མདོ་སྟེེང་ཆེན་སྨོན་རྒྱལ་བླ་བྲང་རྒྱལ་གྱི་ཐེམ་སྐས་རིག་གཞུང་ལོ་དེབ་རྩོམ་སྒྲིག་ཁང་།
西藏昌都丁青县满金剌荣寺
སྦྲག་ཨང་། ༨༥༥༧༠༠༠
སྒེའུ་ཁུང་། ༡༦༤༡༤༤༧༢༨༩
འབྲེལ་བཏུག་ཁ་པར་ཨང་གྲངས།
༡༣༩༨༩༩༨༤༨༢༢
༡༣༦༥༩༥༥༩༩༠༨

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།