གོ་ལ་ཧྲིལ་བོའི་ཕྱོགས་ཀུན་ཏུ་འཚོ་ཞིང་གནས་པའི་འགྲོ་བ་མིའི་རིགས་ཀྱི་ཤེས་རིག་དང་དཔལ་ཡོན་གྱི་འཕེལ་རྒྱས་རྒྱ་ཆེར་སོང་བ་དང་བསྟུན། ནང་སེམས་ཀྱི་འཇིག་རྟེན་ལ་ཞི་བདེ་དང་། འཚོ་ཞིང་གནས་པའི་ཚེ་སྲོག་གི་སྙིང་པོ་ལ་དར་རྒུད་ཇེ་ཆེར་འགྲོ་བཞིན་ཡོད་པའི་དུས་སྐབས་འདི་ལྟ་བུ་ལ། དཔེ་ཆ་འདི་དག་པར་སྐྲུན་བྱེད་པའི་དམིགས་ཡུལ་ཡང་མུན་ནག་གི་འཇིག་རྟེན་ནས་ཁ་ཕྱོགས་བོར་བའི་སྐྱེས་བུ་ཚོ་ལ་འོད་སྣང་གི་སྒྲོན་མེ་རྐང་གཅིག་སྟེར་བའི་འདུན་པ་དང་བོད་རང་སའི་ཤེས་རིག་གི་སྟོང་ཆ་ལ་ཁ་སྐོང་ཕྲན་བུ་ཙམ་གྱི་ཆེད་དུ་ཡིན་ཞིང་། གཞན་ཡང་སངས་རྒྱས་བསྟན་པའི་རྩ་བ་ལས་རྒྱུ་འབྲས། ཚེ་སྔ་ཕྱི། ལྟ་བ་སྟོང་ཉིད། བྱང་ཆུབ་ཀྱི་སེམས། སྲོག་སྐྱོབ་པ། བདེན་པར་སྨྲ་བ། གནས་ལུགས་ཟབ་མོ་མཆོག་ཏུ་བརྩི་བ། ཆོག་ཤེས་བག་ཡོད།


སྦྱིན་པ་གཏོང་བ་སོགས་གཞན་ཕན་གྱི་དོན་གཙོར་བྱེད་པའི་གཡུང་དྲུང་སྤུན་གྲོགས་རྣམས་ཀྱི་དགོས་དོན་དུ་དམིགས་ཏེ། དགེ་བཤེས་ཀོ་ཚུལ་ཁྲིམས་དོན་ལྡན་གྱིས་གཙོ་སྐྱོང་གནང་བའི༼སྙན་རྒྱུད་གླིང་༽གིས2025ལོའི་ལས་གཞིའི་རྣམ་གྲངས་སུ་མེ་སྟོན་ཤེས་རབ་འོད་ཟེར་གྱིས་མཛད་པའི༼བྱང་ཆུབ་སྒྲུབ་ཐབས་ཀྱི་བོན་ཚིགས་སུ་བཅད་པ་སུམ་བརྒྱ་ཉི་ཤུ་པ༽དང་བྲུ་ཆེན་རྒྱལ་བ་གཡུང་དྲུང་གིས་མཛད་པའི༼ཉམས་རྒྱུད་རྒྱལ་བའི་ཕྱག་ཁྲིད༽གཉིས་གཏན་འབེབས་གནང་སྟེ། ཆེད་ལས་ཡིག་བསྒྱུར་བ་འགའ་ལ་བཀའ་འདྲི་དང་སྣང་ཞིག་དགོན་ཡིག་བསྒྱུར་ལྟེ་གནས་བཅས་ཀྱིས་ལམ་སྟོན་འོག་ནས་མ་ཕྱི་བོད་ཡིག་ལས་རྒྱ་ཡིག་དང་དབྱིན་ཡིག་གཉིས་སུ་དོན་བསྒྱུར་མཛད་ཡོད་ལ།

སྤྱིར་བོད་ཀྱི་ནང་བསྟན་རིག་གཞུང་ནི་རྒྱ་ཆེ་ཞིང་གཏིང་ཟབ་པར་མ་ཟད་ནང་སེམས་གྱི་ཞི་བདེ་ཁོ་ན་འཚོལ་བའི་ཐབས་ལམ་མང་དུ་ལྡན་ནའང་། གྲུབ་མཐའི་ཕྱོགས་ཞེན་གྱིས་ཚད་བཀག །སྐད་ཡིག་མི་འདྲ་བའི་རྐྱེན་དབང་སོགས་ཀྱིས་མི་རིགས་གཞན་པའི་ཁོར་ཡུག་ནས་བོན་གྱི་དཔེ་ཆ་དང་། ལྷག་པར་དུ་གཡུང་དྲུང་བོན་སྤྱིའི་ཐུན་མིན་གཞུང་ལུགས་ཀྱི་རྒྱུ་ཆ་འཚོལ་རྒྱུ་ཆེས་དཀའ་མོར་ཆགས་ཡོད། སྣ་འཛོམས་ཀྱི་ཡིག་རིགས་ནི་ཀློག་མཁན་གྱི་ཁྱབ་ཁོང་ཇེ་ཆེར་ཕྱིན་པའི་མ་མཐའི་ཆ་རྐྱེན་དང་། རིག་གནས་ཤིག་ཡུལ་གྲུ་ཀུན་དང་མི་ཚོགས་ཀྱི་སེམས་གཏིང་ན་གནས་ཐུབ་པའི་ནོར་བུ་ལྟ་བུ་ཡིན།
མི་རིགས་གང་ཞིག་ཡིན་རུང་དགེ་སྦྱོར་གྱི་སྒོ་རུ་འཇུག་པའི་སྐྱེས་བུ་དག་ལ་མཚོན་ན་གདམས་ངག་གི་རྒྱུད་ཁ་དང་ཡང་དག་པའི་གཞུང་ལུགས་ཀྱི་རྒྱུ་ཆ་ནི་མེད་དུ་མི་རུང་བའི་སློབ་དེབ་ལྟ་བུ་ཡིན་ཕྱིར། ངེད་༼སྙན་རྒྱུད་གླིང་༽གིས་སྔོན་འགྲོ་འབུམ་དགུ་ནས་བཟུང་རྩ་དང་རླུང་གི་རྣམ་བཞག གེག་སེལ་འཁྲུལ་འཁོར། ཉམས་ལེན་གྱི་གནད་བཅས་འཛོམས་ཡོད་པའི་དཔེ་ཆ་དེ་དག་དཔར་བསྐྲུན་བྱས་པ་ལགས།