《མཁན་པོ་དགའ་བཟོད་པ་རྒྱ་མཚོའི་རྩོམ་ཡིག་ཕྱོགས་བསྒྲིགས》ཞེས་པ་པར་སྐྲུན་འགྲེམ་སྤེལ་བྱས།
[ཟླ་ཚེས། 2025-11-13 09:29:43][རྩོམ་པ་པོ། རྩོམ་སྒྲིག་ཚུན་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༄༅། །ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས《མཁན་པོ་དགའ་བཟོད་པ་རྒྱ་མཚོའི་རྩོམ་ཡིག་ཕྱོགས་བསྒྲིགས》ཞེས་པ་པར་སྐྲུན་འགྲེམ་སྤེལ་བྱས།
ཉེ་ལམ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི《མཁན་པོ་དགའ་བཟོད་པ་རྒྱ་མཚོའི་རྩོམ་ཡིག་ཕྱོགས་བསྒྲིགས》ཞེས་པའི་དེབ་ལྔའི་བདག་ཉིད་ཅན་གྱི་དཔེ་ཚོགས་འདིའི་རྩོམ་པ་པོ་ཁོང་ནི་སྤྱི་ཚོགས་གསར་རྙིང་གཉིས་ཀ་བརྒྱུད་ཅིང་། འདོད་ཆུང་ཆོག་ཤེས་དང་གྲྭ་རྐྱང་དཀྱུས་མའི་ཚུལ་དུ་སྐུ་ཚེ་གང་བོར་རང་དོན་དུ་ཐོས་བསམ་སྒོམ་གསུམ་དང་། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གྱིས། དུས་ཚོད་ཡོད་ཚད་ཉམས་ལེན་དང་དཔེ་གཟིགས། འཆད་ཁྲིད་དང་རྩོམ་འབྲིའི་ཕྱོགས་རྐྱང་རྐྱང་ལ་བརྩོན་པར་གནང་། དཔེ་ཚོགས་འདི་དག་ཀྱང་དགོན་པའི་བྱུང་རབས་དང་། ཆོས་ལུགས་མི་སྣ། ས་གནས་ལོ་རྒྱུས་དང་། ཡུལ་སྲོལ་གོམས་གཤིས་སོགས་ལོ་རྒྱུས་ཀྱི་སྟོང་ཆ་མང་བོ་ཞིག་སྐོང་བར་གཞུང་སྒེར་གང་རུང་ནས་སྐུལ་མ་ཡང་ཡང་བྱས་པ་དང་། རྩོམ་པ་པོ་རང་ངོས་ནས་ཀྱང་དེ་དག་གི་གལ་ཆེན་རང་བཞིན་ལ་དམིགས་ནས་མཛད་པ་ཡིན་ལ། དཔེ་ཚོགས་འདིའི་ནང་དོན་མདོར་བསྡུས་ཤིག་ངོ་སྤྲོད་ཀྱི་ཚུལ་དུ་བཀོད་པ་གཤམ་གསལ།

དེབ་དང་པོ་རྣམ་ཐར་རྟོགས་བརྗོད་ཀྱི་སྐོར་ལ། ཚེ་དབང་རི་ཁྲོད་པའི་རྣམ་རོལ་རྟོགས་ལྡན་དམ་པ་རྣལ་འབྱོར་ཚུལ་ཁྲིམས་རྣམ་དག་(1896-1965)མཆོག་གི་རྣམ་ཐར་དང་། བསླབ་གསུམ་བསྟན་པའི་སྲོག་འཛིན་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་ཉི་མ་(1924-1996)མཆོག་གི་རྣམ་ཐར། ངེས་དོན་གྱི་རྣལ་འབྱོར་མ་ཆེན་མོ་བྱ་བྲལ་བསྐལ་བཟང་ལྷ་མོའི་(1934-2000)རྣམ་ཐར། མཁས་བཙུན་བཟང་གསུམ་ལྡན་པའི་སྐྱང་སྤྲུལ་དྲི་མེད་འོད་ཟེར་མཆོག་གི་མཛད་རྣམ་ཉུང་བསྡུས། བབ་བཟོ་གཡེར་ཤིང་ཚང་གི་རྟོགས་ལྡན་ཤེས་རབ་བསྟན་འཕེལ་(1924-2006)ལགས་ཀྱི་རྣམ་ཐར་བཅས་ལས་གྲུབ་ཡོད།

དེབ་གཉིས་པ་དགོན་སྡེའི་བྱུང་རབས་ཀྱི་སྐོར་ལ། འཕན་ཆུ་བབ་བཟོ་སྟོད་པའི་སྐྱང་མདའ་ཆེན་དགོན་གཡུང་དྲུང་བཤད་སྒྲུབ་དར་རྒྱས་གླིང་གི་བྱུང་བ་བརྗོད་པ་དང་། བབ་བཟོ་མདའ་ཆེན་དགོན་པའི་ལོ་རྒྱུས་གནད་བསྡུས། སྐྱང་ཁ་མའི་བླ་བྲང་གི་ལོ་རྒྱུས་མདོར་བསྡུས། འདོད་དགུ་གཡུང་དྲུང་བཙུན་མའི་འདུས་སྡེ་ཆགས་རབས་མདོར་བསྡུས། སྐྱང་མདའ་ཆེན་དགོན་པའི་ལོ་ཧྲིལ་པོ་གཅིག་གི་གྲྭ་ཚང་གི་ཚོགས་རིམ། སྐྱང་ལུགས་ཀྱི་དཔྱད་པ་སོགས་ལས་གྲུབ་ཡོད།
དེབ་གསུམ་པ་རྩོམ་ཐུང་ཕྱོགས་བཏུས་སྐོར་ལ། གཡུང་དྲུང་བོན་གྱི་རྒྱུན་ཤེས་སོགས་རྒྱུན་ཤེས་མདོར་བསྡུས་དང་། མི་གཞིའི་སློབ་གསོ་དང་འཆམ་མཐུན་མཐུན་སྒྲིལ། འཕྲིན་ཡིག་བསྟོད་ཚིག་སོགས་སྙན་རྩོམ་ཐུང་ངུའི་རིགས་འགའ་བཅས་ལས་གྲུབ་ཡོད།


དེབ་བཞི་བ་ས་གནས་ལོ་རྒྱུས་སྐོར་ལ། འཕན་ཆུ་བབ་བཟོ་སྟོད་པའི་ལོ་རྒྱུས་རིག་པའི་ལྡེ་མིག་དང་། བབ་བཟོ་སྟོད་པ་ཤོག་ཀའི་ས་མིང་ཆུ་མིང་། བབ་བཟོ་སྟོད་པའི་ཡུལ་ལྷ་དང་གཞི་བདག་མཆོད་ཐབས། རི་རྒྱ་ཀླུང་རྒྱ་འཇོག་ཚུལ་སོགས་ལས་གྲུབ་ཡོད།
དེབ་ལྔ་པ་ཐ་སྙད་རིག་གནས་སྐོར་ལ། ཐ་སྙད་ཕྱོགས་བསྒྲིགས་གསར་སློབ་ཐོག་མའི་འཇུག་སྒོ་ཞེས་པ་གསལ་བྱེད་སུམ་བཅུའི་འགྲོས་དང་བསྟུན་ནས་སྒྲིག་པའི་དག་ཡིག་ཚིགས་བཅད་མ་དང་། སྙན་ངག་ལེའུ་གཉིས་པ་དོན་རྒྱན་སོ་ལྔའི་དཔེ་བརྗོད། གབ་ཚིག་དང་ཀ་རྩོམ་བཅས་ལས་གྲུབ་ཡོད།

དཔེ་ཚོགས་འདིའི་ནང་དོན་རྣམས་རེ་རེ་བཞིན་རྩོམ་པ་པོས་སྐུ་ཚེ་གང་བོར་འབད་བརྩོན་བྱེད་པའི་འབྲས་བུ་ཡིན། དེ་བས་ཆོས་ལུགས་ཉམས་ལེན་དང་། ལོ་རྒྱུས་ཞིབ་འཇུག རིག་གནས་སློབ་གཉེར་སོགས་ཀྱི་ཕྱོགས་ལ་མེད་དུ་མི་རུང་བའི་རྒྱུ་ཆ་གལ་ཆེན་ཞིག་ཀྱང་ཡིན་ངེས་པས། རྒྱ་ཆེ་བའི་ཀློག་པ་པོ་རྣམས་ཀྱི་དགེ་བའི་གྲོགས་དང་ཕན་པའི་རྒྱུ་རུ་འགྱུར་བར་ཤོག
ཅེས་རྩོམ་སྒྲིག་ཚུན་ཆུང་གིས།
