《ཁྱུང་པོ་སྟེང་ཆེན》ཞེས་པའི་དེབ་ཕྲེང་གསུམ་པ་པར་བསྐྲུན་བྱས།

[ཟླ་ཚེས། 2023-06-27 18:51:41][རྩོམ་པ་པོ། སྨོན་རྒྱལ་རང་གྲོལ་ཉི་མ་རྒྱལ་མཚན།][རྩོམ་ཁུངས།  ཀྲུང་གོའི་བོད་ལྗོངས་དྲ་བ།][ཀློག་གྲངས། ]

  ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་སྲིད་གྲོས་ལོ་རྒྱུས་ཡིག་ཚགས་ཁང་དང་བོད་ལྗོངས་བོད་ཡིག་དཔེ་སྙིང་དཔེ་སྐྲུན་ཁང་གིས་དཔེ་བསྐྲུན་བྱས་པའི《ཁྱུང་པོ་སྟེང་ཆེན》ཞེས་སུ་གྲགས་པའི་དེབ་ཕྲེང་གསུམ་པ་འདི་ནི་སྨོན་རྒྱལ་མཁྱེན་རབ་ནམ་མཁས་ཆབ་མདོ་བཅིངས་འགྲོལ་བཏང་ནས་ལོ་ངོ70འཁོར་བར་ལེགས་སྐྱེས་སུ་ཕུལ་བའི་བརྩམས་ཆོས་ཤིག་ཡིན།

《ཁྱུང་པོ་སྟེང་ཆེན》ཞེས་པའི་དེབ་ཕྲེང་གསུམ་པ།
       སྨོན་རྒྱལ་མཁྱེན་རབ་ནམ་མཁའ་ཡིས་ད་ཆ་བོད་ལྗོངས་ནང་བསྟན་སློབ་གླིང་དུ་སློབ་གསོ་སློབ་ཁྲིད་ཀྱི་ཕྱག་ལས་གནང་བཞིན་ཡོད་ཅིང་། ཆུང་དུས་ནས་ཡབ་དང་ཡོངས་འཛིན། མཁན་པོ་སོགས་དགེ་བའི་བཤེས་གཉེན་དུ་མའི་ཞབས་དྲུང་ནས་རིག་གནས་ཆེ་ཆུང་ལྔ་ལ་ཐོས་བསམ་སྒོམ་གསུམ་གྱིས་སྦྱངས་པ་ཧུར་བརྩོན་གནང་ཞིང་། སྤྱི་ལོ2013ལོར་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ནས་སློབ་མཐར་ཕྱིན་ནས་རབ་འབྱམས་པའི་ཡོན་གནས་བཞེས། སྤྱི་ལོ2015ལོར་བོད་ལྗོངས་ནང་བསྟན་སློབ་གླིང་གི་སྐབས་གཉིས་པའི་སྔགས་རམས་པའི་མཚན་གནས་བཞེས། སྤྱི་ལོ2016ལོར་རྒྱལ་ཁབ་རིམ་པའི་ལས་གཞི་ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོའི་སྒྲིག་ཞུས་ལས་ཀར་ཞུགས། 2014ལོ་ནས་ད་བར་ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འགན་བཞེས་མཛད།
       དེ་ཡང་བོན་གྱི་ལོ་རྒྱུས་ཡིག་རྙིང་རྣམས་སུ་འཁོད་པའི་ཞང་ཞུང་སྒོ་ཕུག་བར་གསུམ་དུ་ཕྱེ་བའི་སྒོ་པའི་སྒོ་པ། སུམ་པའི་ཡུལ་ཁམས་འདི་གནའ་བོའི་ཞང་ཞུང་རིག་གནས་ཀྱི་སྲོལ་རྒྱུན་ཇི་རྙེད་ཅིག་ད་ལྟ་ཡང་ས་ཁྱབ་རྡོ་ཁྱབ་ངང་གནས་ཡོད་པ་སྟེ། ལོ་གསར་གཏོང་སྟངས་དང་། བསང་གསོལ་དང་། གཏོ་བཅོས་ལ་སོགས་དམངས་སྲོལ་དང་ཡུལ་སྐད་ནང་དུ་མིག་ལ་མྱིག་ལྟ་བུ་ཞང་སྐད་མང་དག་ཅིག་མ་ཉམས་པར་གནས་ཡོད་པ་སོགས་རྩོམ་པ་པོས་ཕྱོགས་ཡོངས་ནས་ཁྱུང་ཡུལ་ཁུལ་གྱི་ལོ་རྒྱུས་དང་རིག་གནས། ཡུལ་སྲོལ་གོམས་གཤིས་སོགས་ཞིབ་ཅིང་ཕྲ་བར་བཀོད་གནང་མཛད་ནས་རྒྱ་ཆེའི་ཀློག་པ་པོ་རྣམ་པའི་སེམས་ཀྱི་བཅུད་དང་མིག་གི་ལོངས་སྤྱོད་ཀྱི་དཔལ་དུ་སྨིན་པར་བྱས་ཡོད།

《ཁྱུང་པོ་སྟེང་ཆེན》ཞེས་པའི་དེབ་ཕྲེང་གསུམ་པ།
       དཔེ་དེབ་འདི་ཁྱོན་ས་བཅད་བཅུ་བཞིར་དབྱེ་ཡོད་དེ། ས་བཅད་དང་པོར་ཁྱུང་པོ་སྟེང་ཆེན་ཡུལ་གྱི་བཀོད་པ་བརྗོད་ཡོད་པ་དང་། ས་བཅད་གཉིས་པར་དམངས་ཁྲོད་དུ་གྲགས་ཆེ་བའི་གནས་རིའི་སྐོར་བརྗོད་ཡོད་པ། ས་བཅད་གསུམ་པར་ཁྱུང་པོའི་ཡུལ་གྱི་གྲགས་ཆེ་བའི་གནས་མཚོའི་སྐོར་བརྗོད་ཡོད་པ། ས་བཅད་བཞི་པར་ཁྱུང་ཡུལ་ཁུལ་གྱི་གྲགས་ཆེ་བའི་རང་བྱུང་ཆུ་ཚན་སྐོར་བརྗོད་ཡོད་པ། ས་བཅད་ལྔ་པར་ཁྱུང་ཡུལ་ཁུལ་གྱི་རང་བྱུང་སྐྱེ་དངོས་སྐོར་བརྗོད་ཡོད་པ། ས་བཅད་དྲུག་པར་ལོ་རྒྱུས་ཐོག་གི་མངའ་ཁོངས་དང་འཛིན་དབང་འཕོ་འགྱུར་སྐོར་བརྗོད་ཡོད་པ། ས་བཅད་བདུན་པར་ཁྱུང་ཡུལ་ཁུལ་དུ་ཕེབས་པའི་སྔོན་བྱོན་སྐྱེས་ཆེན་མི་སྣའི་སྐོར་བརྗོད་ཡོད་པ། ས་བཅད་བརྒྱད་པར་རྒྱལ་གཅེས་ཆོས་གཅེས་ཀྱི་གྲགས་ཅན་མི་སྣའི་སྐོར་བརྗོད་ཡོད་པ། ས་བཅད་དགུ་པར་ཆོས་ལུགས་དང་རིག་གནས་སྐོར་བརྗོད་ཡོད་པ། ས་བཅད་བཅུ་པར་ཁྱུང་ཡུལ་དམངས་ཁྲོད་རིག་གནས་སྐོར་བརྗོད་ཡོད་པ།  ས་བཅད་བཅུ་གཅིག་པར་མཁར་ཤུལ་དང་རྫོང་ཤུལ་བྲག་བརྐོས་རི་མོའི་སྐོར་བརྗོད་ཡོད་པ། ས་བཅད་བཅུ་གཉིས་པར་ཁྱུང་པོའི་འཚོ་བའི་གོམས་གཤིས་སྐོར་བརྗོད་ཡོད་པ། ས་བཅད་བཅུ་གསུམ་པར་བཟོ་རིག་སྒྱུ་རྩལ་སྐོར་བརྗོད་ཡོད་པ། ས་བཅད་བཅུ་བཞི་པར་ཁྱུང་ཡུལ་གྱི་ལོ་ངོ་བདུན་བཅུའི་རླབས་ཆེན་གྱི་འཕེལ་རྒྱས་སྐོར་བརྗོད་ཡོད་པ་བཅས་སོ།།
       མདོར་ན། དཔེ་དེབ་འདིས་སྟེང་ཆེན་ཁུལ་གྱི་མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་། སྤྱི་ཚོགས་ཀྱི་དཔལ་འབྱོར་དར་རྒྱས། མི་དམངས་ཀྱི་འཚོ་བ་གོང་འཕེལ། མི་རིགས་ཀྱི་མཐུན་སྒྲིལ་ལ་ཤུགས་སྣོན། མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོབ་བཅས་ལ་སྐུལ་འདེད་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་འོག་མཐུན་སྒྲིལ་དང་འབྱོར་ཕྱུག ཤེལ་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཞིག་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་མངོན་པར་བྱས་ཡོད།(བདེ་སྐྱིད་སྒྲོལ་མ།)
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།