གདོང་བཙུན་རྒྱ་ཐར་གྱི་རྩོམ་དེབ《འཕྲུལ་ཡིག་བཞི་བཅུའི་རང་སྒྲ》འགྲེམ་སྤེལ་བྱས་པ།

[ཟླ་ཚེས། 2023-06-07 21:11:59][རྩོམ་པ་པོ། གདོང་བཙུན་རྒྱ་ཐར།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


གདོང་བཙུན་རྒྱ་ཐར་གྱི་རྩོམ་དེབ《འཕྲུལ་ཡིག་བཞི་བཅུའི་རང་སྒྲ》འགྲེམ་སྤེལ་བྱས་པ།

དོན་བཟང་རྨི་ལམ་མངོན་གྱུར་དང་། །

གཏམ་བཟང་རྣ་བའི་བུ་རམ་ཞིག །

རང་ལ་མཚོན་ན་ཡིན་ཆོག་པས། །

དགའ་སྤྲོའི་འཕྲིན་འདི་ཀུན་ལ་སྤེལ། །

  ད་ལན་རང་རྩོམ《འཕྲུལ་ཡིག་བཞི་བཅུའི་རང་སྒྲ》ཞེས་དེབ་ཀྱི་ཕྲེང་བ་བརྒྱད་ཀྱི་བདག་ཉིད་ཅན་ཞིག་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་ལེགས་གྲུབ་བྱུང་ཡོད།

  རྩོམ་ཡིག་འབྲི་རྒྱུར་དགའ་མཁན་ཞིག་གི་ངོས་ནས་བཤད་ན་རང་གི་མི་ཚེའི་ཁྲོད་དུ་རྩོམ་ཡིག་བྲིས་བཞག་པ་སྐོར་ཞིག་ནི་ཅིས་ཀྱང་ཡོད་ངེས་ཡིན་ལ། དེ་བས་ཀྱང་འཆད་རྩོད་རྩོམ་གསུམ་ལ་ཐུགས་རྒྱུས་ནང་ནས་ལྡན་པའི་དཔྱོད་ལྡན་པ་དག་ལ་མཚོན་ན་རྩོམ་ཡིག་འབྲི་རྒྱུར་དགའ་བ་ཙམ་དུ་མ་ཟད་ཁོང་ཚོས་གང་ཞིག་བྲིས་བཞག་པ་དེ་ཡང་རིན་ཐང་གིས་མི་དབུལ་བ་ཞིག་ཡིན་པ་ཀུན་ཏུ་སྨྲ། འོན་ཀྱང་། རང་ཉིད་ནི་རིགས་སྔ་མ་དག་གི་གྲས་སུ་གཏོགས་པའི་སྙུག་འཛིན་པ་ཞིག་གི་གཟུགས་བརྙན་ཙམ་དང་། ལྷག་པར་དུ་འདི་ན་བྲིས་བཞག་པའམ་ད་ལན་དཔར་ཟིན་པའི་རྩོམ་བྲིས་ཁག་མང་དག་ཅིག་ནི་དང་པོ་ཉིད་ནས་འདི་ལྟར་པར་སྐྲུན་བྱ་བའི་དམིགས་ཡུལ་བཟུང་ནས་བྲིས་པ་ལྟ་བུའང་མ་ཡིན་མོད། རང་གི་མི་ཚེའི་རིན་ཐང་བྲལ་བའི་དུས་ཚོད་མང་པོ་ཞིག་ནི་རྩོམ་བྲིས་འདི་རིགས་ཀྱི་ནང་ལ་ཅིས་ཀྱང་ཐིམ་ཡོད་པ་དང་། དཀའ་ངལ་གདོང་ལེན་གྱི་དངུལ་ཆུ་གྲངས་མེད་ཅིག་ཀྱང་རྩོམ་བྲིས་འདི་རིགས་ཀྱི་དོན་དུ་ཟེགས་ཡོད་སྟབས། རང་འགར་གཡུག་མ་བྲ་བའི་རྩོམ་ཡིག་སྐོར་ཞིག་དང་། ཤོག་ཧྲུལ་ཙམ་དུ་དོར་མ་ཐུབ་པའི་རྩོམ་བྲིས་འདི་དག་རེབ་གཅིག་ཏུ་བསྡུས་བཞག་པའི་ཁུལ་དང་། དེ་ཡང་དུས་དང་ནམ་ཡང་བདག་ལ་གློ་བ་ཉེ་ཞིང་དུང་བ་ཟབ་པའི་མི་སྣ་དྲིན་ཅན་རེ་འགའ་དང་། བསམ་བློའི་ཁ་ཕྱོགས་གཅིག་པའི་མཆེད་གྲོགས་དུ་མའི་དགོངས་འཆར་དང་འབོད་སྐུལ་གཙང་མ་བརྒྱུད་དེ་འདི་ལྟར་དེབ་ཀྱི་ཕྲེང་བ་བརྒྱད་ཀྱི་གྲངས་སུ་པར་སྐྲུན་བྱས་བཞག་པ་ཡིན་རུང་། ད་རུང་ཆ་ཚང་འཐུས་ཚང་མ་ཡིན་པ་དང་། ཞུས་དག་སྤུས་ཚད་མ་ལྡན་པ་སོགས་ཀྱི་དབང་དུ་ལྷག་པའི་རྩོམ་ཡིག་གཞན་པའི་རིགས་མང་དག་ཅིག་ནི་འདིར་བསྡུ་མ་ཐུབ་པ་དང་། དེ་བཞིན་དུ་རྒྱ་ཞིག་དགོན་པའི་ལོ་རྒྱུས་སོགས་ལོ་རྒྱུས་ཀྱི་རིགས་དང་། རྟོགས་བརྗོད་བོན་ཡིག་སུམ་བརྒྱ་པ་སོགས་རྟོགས་བརྗོད་དང་སྙན་རྩོམ་གྱི་རིགས། བོད་རྒྱ་ཚིག་མཛོད་ཆེན་མོའི་བོན་དང་འབྲེལ་བའི་ཐ་སྙད་སྐོར་ཞིག་ལ་བཏོན་པའི་བསམ་འཆར་ལ་སོགས་པས་མཚོན་རྩོམ་ཡིག་ཆེད་བྲིས་སྐོར་ཞིག་ཀྱང་འདིར་འདུས་མེད་ལ། ཐེངས་འདིར་འདུས་པའི་རྩོམ་ཡིག་རྣམས་ཀྱང་དུས་ཚོད་གཅིག་གི་ནང་དུ་བྲིས་པ་ལྟ་བུ་མ་ཡིན་པར། ཁ་ཤས་ཤིག་ནི་བྲིས་ནས་ཡུན་རིང་འདས་པས་ད་ལྟའི་རང་གི་བསམ་བློ་དང་ཡང་བསྟུན་མི་བསྟུན་གཉིས་ཀ་ཡོད་པ་རྣམས་ནི་མ་བཅོས་རང་སོར་བཞག་ཡོད་པ་དང་། མདོར་ན་རྩོམ་ཡིག་འདི་རིགས་ལ་ནོར་བ་གང་མཆིས་དཔྱོད་ལྡན་དག་གིས་ཡོ་བསྲང་མི་ཆུང་བའི་རེ་འབོད་དང་འབྲེལ། གལ་ཏེ་ལེགས་ཆ་ཙམ་རེ་མཆིས་ཤིང་གཞན་ལ་ཕན་ཅུང་ཟད་རེ་ཐོགས་སྲིད་ན་ད་རེས་རྩོམ་དེབ་དཔར་དུ་བསྐྲུན་པའི་དགོས་པ་དང་། རྒྱུ་ཚེགས་དུས་གསུམ་གྱི་འགྲོ་སོང་ངེས་ཅན་ཞིག་བཏང་པའི་འབྲས་བུ་ཡང་དེ་ཁོ་ནར་ངེས་ན། རྩོམ་པ་པོའི་རེ་བའང་དེས་གྲུབ་པ་ཡིན་ནོ།།

རྩོམ་དེབ་རེ་རེ་ངོ་སྤྲོད་ཉུང་བསྡུས།

  དེབ་དང་པོ། མི་ཚེའི་དབྱངས་རྟ། འདིའི་ནང་དུ་སྙན་རྩོམ་རིགས་མི་འདྲ་བ་བརྒྱ་ཕྲག་གི་གྲངས་སུ་འདུས་ཡོད།

  དེབ་གཉིས་པ། བོད་ཀྱི་བརྡ་སྤྲོད་གསར་སློབ་འཇུག་སྒོ། འདིའི་ནང་དུ་བརྡ་དག་དང་། ཕྲད་ཀྱི་སྦྱོར་ཚུལ། བྱ་བའི་ཚིག་གི་ཚོགས་སོགས་གོ་སླ་འཇུག་བདེའི་ཕྱོགས་ལ་འབད་ཡོད།

  དེབ་གསུམ་པ། དྲུང་ཆེའི་བཏུས་རྩོམ་གཅེས་བསྒྲིགས། འདིའི་ནང་དུ་མི་སྣ་རླབས་ཆེན་དང་དགོན་པ། སློབ་གླིང་དང་། མཉམ་འབྲེལ་ལྷན་ཚོགས་སོགས་དང་འབྲེལ་བའི་རྩོམ་ཡིག་སྣ་མང་འདུས་ཡོད།

  དེབ་བཞི་པ། ཚོར་བའི་དབྱངས། འདིའི་ནང་དུ་བཅད་ལྷུག་སྤེལ་གསུམ་གྱི་རིགས་སུ་འདུ་བའི་སྙན་རྩོམ་སྣ་མང་འདུས་ཡོད།

  དེབ་ལྔ་པ། བདག་དང་ཉེ་བའི་སྐད་ཆ། འདིའི་ནང་དུ་དཔེ་དེབ་ངོ་སྤྲོད་དང་། མི་སྣ་ངོ་སྤྲོད། སྐྱབས་འཇུག་ཞུ་ཡིག་དང་། འཕྲིན་ཡིག་གི་སྐོར་སོགས་མང་པོ་ཞིག་འདུས་ཡོད།

  དེབ་དྲུག་པ། བོད་ཀྱི་སྙན་ངག་གསར་སློབ་འཇུག་སྒོ། འདིའི་ནང་དུ་སྙན་ངག་གསར་སློབ་པ་རྣམས་ལ་ཆེད་དུ་གཟས་ཏེ་མངོན་བརྗོད་དང་ཞེ་ཚིག་ལ་སོགས་ཤེས་མིན་གྱི་དགེ་སྐྱོན་ལས་འཕྲོས་ཏེ་ལས་དང་པོ་བ་རྣམས་པའི་བློ་དང་འཚམ་ཅི་ཐུབ་ཀྱི་ལེ་ཚན་མི་འདྲ་བ་བཅོ་ལྔའི་སྒོ་ནས་གསལ་བོར་བཤད་ཡོད།

  དེབ་བདུན་པ། ཤེས་རིག་དང་བགྲོད་ལམ། འདིའི་ནང་དུ་སྟོན་པ་སངས་རྒྱས་ངོ་སྤྲོད་དང་། བཀའ་དང་བཀའ་རྟེན་ངོ་སྤྲོད། རྗེ་རིན་པོ་ཆེ་དང་། སུམ་ལྡན་གཡོར་པོ་མེ་དཔལ། སྣང་སྟོན་མུ་ལ་མ་ཏི་སོགས་ཀྱི་ཞལ་གསུང་འགའ་རེར་མཆན་འགྲེལ་བཏབ་པ་སོགས་དང་། མཚན་ཉིད་ཚིག་བཀྲ། ལོ་ཚིགས་རིག་གནས་ངོ་སྤྲོད་སོགས་མང་པོ་ཞིག་བསྟན་ཡོད།

  དེབ་བརྒྱད་པ། སེམས་ཀྱི་རིག་གནས། འདིའི་ནང་དུ་ང་ཚོས་དགེ་མི་དགེ། ལུང་མ་བསྟན་པ་སོགས་ཀྱི་ལས་གང་ཞིག་བྱས་ཀྱང་གཙོ་བོ་ནང་གི་སེམས་ལ་རག་མ་ལུས་པ་ཞིག་མེད་པ་ལྟར་དུ་སེམས་ཞེས་པ་ནི་རིག་པའི་གཏེར་མཛོད་དང་། ལེགས་ཉེས་གང་འབྱུང་གི་རྩ་བ་ཁོ་ནར་གྱུར་འདུག་པ་དང་། བོན་དང་འཇིག་རྟེན་གང་གི་ལུགས་སུ་བྱས་ཀྱང་ནང་སེམས་ཀྱི་ག་དར་གཙང་མ་ནི་ཤིན་ཏུ་ནས་ཀྱང་བདེ་ལེགས་ཀུན་འབྱུང་གི་གཞི་མ་རུ་གྱུར་ནས་ཡོད་པ་ནི་བོད་ལ་མཚོན་ན་བན་བོན་གཉིས་ཀའི་ལུགས་སུ་རྒྱུག་ཆེ་ཚུལ་དང་། འཛམ་གླིང་སེམས་ཁམས་རིག་པའི་ཞིབ་འཇུག་གི་ཁྲོད་ནས་བལྟས་ན་ཡང་སེམས་པ་སྤུས་གཙང་དུ་མ་གྱུར་པ་གང་ཞིག་འགྱུར་བའི་ཐབས་ལམ་སྣ་ཚོགས་མཐོང་དུ་ཡོད་ཚུལ་སོགས་ལེ་ཚན་མི་འདྲ་བ་བཞི་བཅུར་ཉེ་བ་ཙམ་གྱི་སྒོ་ནས་བཤད་ཁུལ་ཞུས་ཡོད་པ་སོགས་ཡིན།

  གལ་ཏེ་ཀློག་མཁན་སུ་ཞིག་གིས་ཁོ་བོའི་རྣམ་དཔྱོད་ཕྲན་བུས་བྲིས་ཤིང་ཉར་བ་འདི་དག་དེབ་གཟུགས་སུ་བསྐྲུན་པ་ལ་ལྟ་ཀློག་རེ་བྱ་བའི་ཐུགས་འདུན་གྱིས་བསྐུལ་ཏེ་དེབ་གསར་འདི་བླུ་འདོད་ཡོད་པ་རྣམ་པས་གཤམ་གྱི་ཁ་པར་ལས་འབྲེལ་བ་གནང་རོགས་ཞེས་ཞུས་པའོ།།
  འབྲེལ་གཏུག་ཨང་གྲངས། 13990411667 

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།