«གངས་ལྗོངས་མེས་པོའི་རིག་མཛོད་»དཔེ་ཚོགས་གསར་པའི་འགྲེམ་བརྡ།

[ཟླ་ཚེས། 2023-06-02 22:48:13][རྩོམ་པ་པོ། ཤེལ་ཞིག་ཤེས་རབ་སྐལ་བཟང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

     སྤྱིར་ལྷོ་རྒྱལ་འཛམ་བུ་གླིང་གི་ཞིང་མཆོག་འདིར་༧རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་གཙོས་པའི་བསྐལ་སྟོང་སངས་རྒྱས་སྟོང་རྩ་གཉིས་དང་། དེ་བཞིན་རྒྱལ་སྲས་གཡུང་དྲུང་སེམས་དཔའ་བསམ་གྱིས་མི་ཁྱབ་པ་གསེར་རིའི་ཕྲེང་བ་ལྟར་བྱོན་པ་དག་གིས་གྱེར་བསྟན་གྱི་སྙིང་པོ། བོན་སྒོ་བཞི་མཛོད་ལྔ་སོགས་བཀའ་རྒྱ་ཆེ་བ་ལུང་གྲངས་མང་བ་གསུངས་པ་དག  བརྒྱུད་འཛིན་མཁས་གྲུབ་རྣམས་པས་དུས་རབས་དང་ལོ་ཟླའི་འགག་འཕྲང་དུ་མའི་བང་རིམ་བརྒྱུད་དེ་མིག་སྙིང་སྲོག་གསུམ་ལས་ཀྱང་གཅེས་འཛིན་གནང་པའི་ཐོག་ནས་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་མཛད་པའི་ཐུགས་དྲིན་ཉག་གཅིག་ལ་བརྟེན། ད་བར་བོན་མདོ་སྔགས་སེམས་གསུམ་ལས་སོགས་བཅུ་ཕྲག་རིག་པའི་གཞུང་ལུགས་གྱ་ནོམ་པ་ཞིག་བཞུགས་ཡོད་པ་ནི་ཕྱོགས་ཀྱི་སྐྱེ་བོ་ཚོར་མེ་ཏོག་གང་ལ་བབས་པའི་ལྷ་སྐལ་ཡིན་པ་སྨོན་ཅི།   གཞང་ཡང་དེང་གི་ཆར་རྒྱལ་ཕྱི་ནང་ཀུན་ཏུ་བོད་ཀྱི་རིག་གཞུང་ལ་འཆད་རྩོད་རྩོམ་གསུམ་གྱི་རྦ་རླབས་རབ་ཏུ་རྒྱས་ཤིང་། མཁས་བརྒྱ་འགྲན་གླེང་དང་། མེ་ཏོག་མཉམ་བཞད་ཅེས་པའི་དཔེ་ལྟར་བོད་ཀྱི་རིག་གཞུང་གི་བསྟན་པ་དར་རྒྱས་བྱུང་བ་དང་། མཁྱེན་ལྡན་པ་བགྲང་གིས་མི་ལང་བ་དག་གིས་བོད་ཀྱི་རིག་གནས་ལ་བརྩོན་ལེན་བྱེད་སའི་གཞི་རྐང་ཚུགས་པ། བོད་རང་ས་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པའི་རིག་གཞུང་འདི་ཉིད། རྒྱལ་ཁབ་དང་མི་རིགས་དུ་མས་གདེང་འཇོག་གནང་བ་ནི་ཅི་འདྲའི་དགའ་འོས་པ་ཞིག་ཏུ་འཁུམས། འོན་ཏེ། དེ་ལ་དེ་བསྟུན་གྱི་དཔེ་ཆ་སྐྲུན་མ་ཐུབ་ན། མ་འོངས་བོད་རང་གི་རིག་གཞུང་འཕེལ་རྒྱས་ཕྱོགས་ལ་གནོད་སྐྱོན་འབྱུང་བ་དང་། མཁྱེན་དཔྱོད་ལྡན་པའི་དཔེ་ཆ་བ་རྣམས་ལ་ཤེས་བྱའི་རྒྱགས་ཕྱེ་ལེགས་པོ་ཞིག་མཁོ་སྤྲོད་མ་བྱུང་ན་ཤེས་རིག་འཕེལ་རྒྱས་ལ་གྱོན་གུད་འགྲོ་བ། བོད་ཡིག་མཁོ་སྤྱོད་ཉུང་བ་སོགས་དམིགས་པ་དུ་མ་བསྐྱེད་ནས། དེ་སྔོན་«གངས་ལྗོངས་མེས་པོའི་རིག་མཛོད་»རྩོམ་སྒྲིག་ཁང་གིས་ནམ་རྒྱུན་མཐོང་ཐོས་ཤིན་ཏུ་དཀོན་པ་དང་། ཡང་ན་དེ་སྔོན་དེབ་གཟུགས་སུ་བསྐྲུན་མྱོང་མེད་པ། དེ་སྔོན་དེབ་གཟུགས་སུ་བསྐྲུན་མྱོང་ཡོད་ནའང་ཁ་ཤས་ནི་པོད་བརྒྱ་ཕྲག་དུ་མའི་ལྷན་དུ་བཞུགས་ཡོད་སྟབས་མཇལ་འདོད་ཧ་ཅང་ཆེ་བའི་སློབ་གཉེར་བ་མང་པོས་ཆ་རྐྱེན་སོགས་ཀྱི་དབང་གིས་མཇལ་རྒྱུ་མ་བརྙེད་པ་དང་། ཁ་ཤས་ནི་ཡུལ་དུས་སོགས་རྐྱེན་པས་མཇལ་མ་ཐུབ་པའི་དཔེ་ཆ་གྲངས་མེད་ཅིག་བཅུ་རིག་སྨྲ་བ་ཡོངས་ཀྱི་སྤྱན་ལམ་དུ་གཟིགས་མོར་ཕུལ་ཟིན་ལ།
   ད་ལན་ཡང་ངེད་གཙོ་གཉེར་ཁང་ནས་ཕྱོགས་ཀྱི་སྐྱེ་བོ་ཚོའི་དར་ལུང་རྣ་བའི་དགའ་སྟོན་དང་། བསམ་པ་སེམས་ཀྱི་རྒྱགས་ཕྱེ་རུ་འཕྲོད་པའི་ཡིད་ཆེས་དང་བཅས་ཏེ། གཡུང་དྲུང་བོན་གྱི་དཔེ་རྙིང་དཔེ་དཀོན་ལག་བྲིས་མའི་མ་དཔེ་རྩ་ཆེན་དུ་མ་ཞིག་མ་ཡིག་འཚོལ་བསྡུ་བྱས་ནས་གློག་གཟུགས་སུ་ཕབས་ཤིང་པར་སྒྲིག་གི་ལས་ཀ་མཐའ་དག་ལེགས་གྲུབ་བྱུང་ཟིན་པའི་དཔེ་ཆ་ནི།
 
དེབ་དང་པོ། མོན་ཡུལ་ནས་གསར་རྙེད་བྱུང་བའི་བོན་གྱི་དཔེ་རྙིང་བདམས་བསྒྲིགས།
 
དེབ་གཉིས་པ།  གསས་མཁར་ཏིང་མུར་གཡུ་རྩེའི་བསྙེན་བསྒྲུབ་རྩ་བའི་བརྒྱུད་འགྲེལ། བསོད་ནམས་བློ་གྲོས་ཅན།
 
དེབ་གསུམ་པ། དོལ་པོ་ཁུལ་ནས་གསར་དུ་རྙེད་པའི་རྗེ་རི་ཁྲོད་པའི་རྣམ་ཐར། གུར་ཞོགས་བུ་ཁ་ར་རད་ན་ཤྲིཾ་ཅན་དང་། རི་ཁྲོད་པའི་རྣམ་ཐར། མཐའ་བཞི་འདུལ་བ་སེང་གེའི་ཅན།
 
དེབ་བཞི་པ།  རྒྱལ་ཁྱུང་དཀར་པོའི་གདུང་རབས་རྣམ་ཐར་གྱི་དཀར་ཆབ་ཆེན་མོ། ཁྱུང་པོ་བླ་ཆུང་བློ་གྲོས་རྒྱལ་མཚན་སོགས་ཀྱི་ཅན།
 
དེབ་ལྔ་པ། སྟོན་པ་གཤེན་རབ་མི་བོ་ཆེའི་ཞལ་བདམས་གཅེས་བཏུས་བཅས་ཏེ།
   རང་རེའི་རིག་གཞུང་ལ་དུང་བ་ཟབ་ཅིང་འཆད་རྩོད་རྩོམ་གསུམ་དང་། ཐོས་བསམ་སྒོམ་གསུམ་གནང་དང་གནང་བཞིན་པའི་མཁྱེན་ལྡན་ཚོའི་སྐོམ་པ་ཆུ་འདོད་ལྟར་གྱི་དགོངས་བཞེད་ལེགས་པར་བསྒྲུབ་སླད་སྤྱན་ལམ་དུ་བཤམས་ཡོད་ཅིང་། དེར་རྣམ་གསུམ་ཤེས་རབ་ཟབ་མོ་རབ་ཏུ་རྒྱས་ཤིང་མཁྱེན་གཉིས་ཀྱི་འོད་སྣང་འབར་བའི་ཀློག་པ་པོ་རྣམ་པས་དཔེ་ཚོགས་འདི་དག་བླུ་ཉོ་སྟབས་བདེ་ཡོང་བའི་ཆེད་དུ་རྩོམ་སྒྲིག་ཁང་ལ་འབྲེལ་ཟམ་གཤམ་དུ་བཀོད་པ་དེ་ཡིན་པས་ཐུགས་ཁུར་མཛད་རོགས་ཞུ།
འབྲེལ་ལམ།
136 5890 3832
180 7695 3567
གོང་གསལ་འབྲེལ་ཟམ་བརྒྱུད་ནས་ཕྱོགས་སོ་སོའི་དགོས་མཁོ་ཡོད་མཁན་ཚོར་ངེད་ཚོས་སིལ་ཚོང་དང་། སྡེབ་ཚོང་ཅི་རིགས་ཀྱི་སྒོ་ནས་ཞལ་ཕྱི་ཞུ་རྒྱུ་ཡིན་པས་འབྲེལ་བ་གནང་རོགས་ཞུ་ཞུ།
        ཞེས་གངས་ལྗོངས་མེས་པོའི་རིག་མཛོད་གཙོ་གཉེར་ཁང་ནས་ཤེལ་ཞིག་ཤེས་རབ་སྐལ་བཟང་དེས་༢༠༢༣ལོའི་ཟླ་༦པའི་ཚེས་༢ཉིན་ཕུལ།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།