《སྔོན་བྱོན་མཁས་པའི་ངག་རིག་རིན་ཆེན་གཏེར་མཛོད》ཅེས་པ་པར་སྐྲུན་འགྲེམ་སྤེལ་བྱས།

[ཟླ་ཚེས། 2021-01-24 13:11:44][རྩོམ་པ་པོ། གཡུ་འབྲུག་གྲགས་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༄༅། །སྙན་སྒྲོན་གཡུ་འབྲུག་སྔོན་མོའི་གསུང་སྙན།

  ༄༅། །ཉེ་ཆར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི«སྔོན་བྱོན་མཁས་པའི་ངག་རིག་རིན་ཆེན་གཏེར་མཛོད»ཅེས་པའི་དཔེ་ཚོགས་དེ་ནི། གངས་རིའི་ལྗོངས་འདིར་འཁྲུངས་པའི་མཁས་དབང་རྣམས་ཀྱི་ཐུགས་གཏེར་འོ་མཚོའི་ཀློང་ནས་བསྲུབས་པའི་གསེར་མདོག་གི་མར་བཅུད་སྣུམ་པོ་ཇི་བཞིན། སྐལ་ལྡན་གདུལ་བྱ་ཡོངས་ཀྱི་གསོས་སྨན་དུ་ལེགས་པར་བསྩལ་བ་རྣམས་དཔེ་ཚོགས་འདིའི་ནང་དུ་ལྷན་གཅིག་ཏུ་བཀོད་པ་ནི། གྲུབ་མཐའི་ཕྱོགས་ཞེན་སྒྲོག་གིས་མ་བཅིངས་ཤིང་མཁས་པའི་གསུང་རྒྱུན་ལ་བཅོས་ལྷད་མེད་པ། བརྩམས་ཆོས་བྱུང་རྒྱལ་བཞིན་དུ་མ་བཀོད་པར་འཁྲུངས་ལོ་སྔ་ཕྱིའི་གོ་རིམ་ལྟར་ཚགས་དམ་པ། བརྗོད་བྱ་མེས་པོའི་སྲོལ་བཟང་ལས་མ་འདས་ཤིང་རྗོད་བྱེད་ཚིག་གི་ཕྲེང་བར་བབ་ཆགས་པ། ཞང་བོད་མཁས་རྒུའི་སྤྱི་བོའི་ཅོད་པན་དུ་འཆང་བ་རྣམས་ཀྱི་གསུང་རབ་ཟབ་མོ་གཏེར་གྱི་བང་མཛོད་ལས་གུད་དུ་ཕྱུངས་པ་ཉེར་མཚོན་དུ་གྲུབ་ཕྱིར། མཁས་དབང་བསེ་ཚང་བློ་བཟང་དཔལ་ལྡན་རིན་པོ་ཆེ་ནས་མཛད་པའི་དཔེ་ཚོགས་འདིའི་འགོ་བརྗོད་དུ། དབྱངས་ཅན་ངག་གི་སྙན་ཚིག་དགྱེས་པའི་གདངས། །ཡིད་འོང་ཟབ་རྒྱས་སྡེབ་ལེགས་རྨད་བྱུང་དག །དག་སྒྲིག་ཟུང་གིས་རབ་ཏུ་བསྒྲུབས་པ་འདི། །བློ་གསལ་བློ་ཡི་ཤེས་རབ་འཕེལ་བའི་རྒྱུ། །ཞེས་གསུངས་པ་ནི་བློ་གསལ་ཞིང་བོད་པའི་རིག་གཞུང་ལ་བརྩོན་སེམས་ཆེ་བ་རྣམས་ལ་རབ་ཏུ་གདམས་པ་ཡིན་པས། ལྷག་བསམ་གྱིས་བསྐུལ་བའི་སྙན་ཚིག་འདི་ལ་ཀུན་གྱིས་ཡིད་ཆེས་དང་དོ་སྣང་ཆེན་པོ་གནང་བར་འཚལ་ཞུ།

  དཔེ་ཚོགས་འདིར་གསུང་རྩོམ་བསྡུ་སྒྲིག་གི་བྱ་བར་གཞིགས་ན། སྔོན་མའི་རྙིང་ཞེན་གྱི་ལྟ་ཚུལ་དང་། བག་ཆགས་ངན་པའི་བདམས་གསེས། གྲུབ་མཐར་བཅིངས་པའི་ཕྱོགས་ཞེན། རང་ལྟ་ལ་ཆགས་པའི་ངར་འཛིན་སོགས་བོད་གནའ་རབས་ཀྱི་ཞེ་སྡུག་སྐྱོན་མཚང་ཚབས་ཆེ་བ་དག་གིས་མ་གོས་པར། ཕྱོགས་གཅིག་ན་མེ་ཏོག་སྣ་གཅིག་འཛུམ་ཡང་ཀུན་གྱི་མིག་དབང་འཕྲོག་མི་ནུས་མོད་ཀྱི། ཚལ་གཅིག་ན་དཀར་སེར་དམར་ལྗང་གི་མེ་ཏོག་སྣ་ཚོགས་བཞད་པས་ཀུན་གྱི་ཡིད་བརྟན་དབང་མེད་དུ་འགུགས་ནུས་པས། རིས་སུ་མ་ཆད་པར་གྲུབ་མཐའི་མཁས་དབང་རྣམས་ཀྱི་གལ་ཆེ་བའི་ལེགས་རྩོམ་ཕྱོགས་གཅིག་ཏུ་འཐུས་ཏེ་བཀོད་པ་ནི། འཆམ་མཐུན་དང་། འཕེལ་རྒྱས། ཇུས་བཟང་། དྲང་བཞག ཁྲིམས་མཐུན། ཉམས་མྱོང་། གོ་རྟོགས། ལག་ལེན་བཅས་ཀྱི་སྲིད་ཇུས་བཟང་པོའི་དགོངས་པ་དང་ཡང་དག་མཐུན་ལ། ཁྱད་པར་དུ་འདེམ་སྒྲིག་པ་དགེ་རྒན་ཆེན་མོ་རིན་ཆེན་བཀྲ་ཤིས་དང་། ཞུས་ཆེན་གཙོ་སྒྲིག་པ་རྒན་བསོད་ལོ། དགེ་རྒན་ཆེན་མོ་རིན་ཆེན་རྡོ་རྗེ་གསུམ་གྱི་ལྷག་བསམ་བཟང་པོས་རྩོལ་ཤུགས་ལ་བརྟེན་ནས། རང་མི་རིགས་རིག་གནས་ཀྱི་འཕེལ་རྒྱས་ཆེན་པོའི་ཁ་ཕྱོགས་ལ་ཡང་མཐུན་རྐྱེན་རྒྱ་ཆེན་པོ་ཞིག་བསྐྲུན་ཡོད་པས་རླབས་ཆེན་གྱི་བྱ་བཞག་འདི་ལ་ཅིས་ཀྱང་ཡི་རང་དང་བཀའ་དྲིན་ལན་བརྒྱར་ཞུ་འོས།

  སྤྱི་ཚོགས་སྟེང་གི་དཔེ་སྐྲུན་ལས་རིགས་ཀྱི་ཁྱབ་ཁོངས་སུ་བསྡུས་པའི་སྔ་རབས་དཔེ་ཚོགས་གང་མང་མང་ཞིག་པར་དུ་བསྐྲུན་ཟིན་ཀྱང་། དཔེ་ཚོགས་འདིའི་ཁྱད་ཆོས་གཙོ་བོ་ནི། བསྟན་པ་བོན་ཆོས་གཉིས་དང་གྲུབ་མཐའ་སོ་སོའི་དབྱེ་བས་མ་ཕྱེ་བ། གསུང་པ་པོ་སྐྱེས་པ་དང་བུད་མེད་ཀྱི་ཁྱད་པར་མེད་པ། ས་ཕྱོགས་མདོ་དབུས་ཁམས་གསུམ་སོགས་ཀྱི་འཐེན་འཁྱེར་མེད་པ། གངས་ལྗོངས་མཁས་པའི་དབང་པོ་རྣོ་བའི་སྤུ་གྲི་ཅན་རྣམས་ཀྱི་ཐུགས་བཅུད་འདིར་འཛོམས་པ་ནི། ཕྱོགས་གང་ཐད་ནས་བལྟས་ཀྱང་སྔོན་ཆད་དང་མི་འདྲ་སའི་སྟོང་ཆ་མང་པོ་ཞིག་རང་བཞིན་ཤུགས་ཀྱིས་བསྐང་ཡོད་པ་མ་ཟད། སྲོལ་རྒྱུན་རིག་གནས་ཀྱི་རྒྱུན་འཛིན་པ་དང་བོད་ཀྱི་རིག་གནས་ལ་བག་ཆགས་དང་དུང་ཞེན་ཆེ་བ་རྣམས་ཀྱིས་གཟིགས་ན་ཤིན་ཏུ་ལེགས་པར་ར་སྤྲོད་བྱུང་ཐུབ་པ་ནི། མཁས་དབང་བསེ་ཚང་བློ་བཟང་དཔལ་ལྡན་རིན་པོ་ཆེའི་ཞལ་ནས། དོན་ལྡན་རྣམ་དཀར་སྒྲུབ་ལ་བརྩོན་པ་ཡིས། །རྨད་བྱུང་ངག་རིག་ཕྱོགས་སུ་ཐོར་བ་རྣམས། །ངོ་མཚར་མི་ཟད་འཕྲུལ་གྱི་གླེགས་བམ་དུ། །ལེགས་སྤེལ་སྐལ་བཟང་འདོད་འཇོའི་གསོས་སུ་སྨོན། །ཞེས་པའི་ཐུགས་སྨོན་རྒྱ་ཆེར་གནང་བ་འདིས་ཀྱང་མཚོན་དཔེར་གྲུབ་པ་ཡིན།

  དཔེ་ཚོགས་སྒྲིག་པ་པོའི་ཞུ་མཆིད་དུ་འཁོད་པ་ལྟར་ན། ཏུན་ཧོང་གཏེར་ཡིག་དང་། རྡོ་རིང་ཡི་གེ གཏེར་ཆོས། བོན་གྱི་ཡིག་རྙིང་སྟེ་དཔེར་ན་སྲིད་པའི་སྨྲང་རབས་ཀྱི་སྐོར་དང་། གཏམ་ཤུལ་དགའ་ཐང་འབུམ་པ་ཆེའི་ཡིག་རྙིང་། མངའ་རིས་ས་ཁུལ་གནའ་བོའི་གཉའ་གླུ་སོགས་དགོས་གལ་ཆེ་བར་འདོད་ནས་བདམས། ཞེས་དང་། འདེམ་ཚུལ་གྱི་དབང་དུ་བཏང་ན། བརྩམས་ཆོས་ལ་ལར་ཤེས་རྟོགས་ཀྱི་ནུས་པ་དང་། ལ་ལར་མཛེས་དཔྱོད་ཀྱི་ནུས་པ། ལ་ལར་སློབ་གསོའི་ནུས་པ་སོགས་འབུར་དུ་ཐོན་པ་དང་། ལ་ལའི་བརྗོད་བྱ་གཏིང་ཟབ་པ་དང་། ལ་ལའི་ཚིག་སྦྱོར་ཕུན་སུམ་ཚོགས་པ་བཅས་ཡིན་པ་ལས། འདིར་བདམས་པ་རྣམས་ནི་བརྗོད་བྱ་གཏིང་ཟབ་ཅིང་ཚིག་ལ་ཉམས་འགྱུར་ལྡན་པ་དང་། ཡང་ན་དེ་གཉིས་ཀྱི་གང་རུང་ཞིག་ཚད་གཞིར་བཟུང་ཞིང་། འགའ་ཞིག་ནི་དམིགས་བསལ་གྱི་རྩོམ་ལུས་སྣ་ཚོགས་ལ་དམིགས་ནས་ཅི་ནུས་ཀྱིས་ཆ་ཚང་བར་བྱས་ཡོད། ཅེས་པས་གསལ་བོར་བསྟན་ལ། རྩོམ་པ་པོ་ནི་དུས་རབས་བདུན་པའི་མན་ཆད་ནས་བཟུང་། ད་ལྟའི་དུས་རབས་ཉེར་གཅིག་གི་བར་དུ་བོད་གངས་རིའི་ཁྲོད་ན་སྙན་གྲགས་ཆེས་ཆེར་ལྡིར་བའི་མཁས་དབང་བསམ་གྱིས་མི་ཁྱབ་པ་རྣམས་ཀྱི་གསུང་ཆོས་ལས་གལ་ཆེ་བའི་རིགས་རྣམས་བདམས་ཏེ་བཀོད་ཡོད་པ་རེད།

  དུས་རབས་སྔ་མ་རྣམས་སུ་གནམ་གྱིས་ས་བཀབ་པ་ལྟ་བུའི་མཁས་དབང་མང་པོ་བོད་ཡུལ་འདིར་བྱོན་པ་ལ་རྒྱུས་མངའ་ཆེར་མེད་ཀྱང་། དཔེ་ཚོགས་འདིར་གཟིགས་པ་ཙམ་གྱིས་དེ་དག་གི་རྣམ་ཐར་བསྡུས་པ་དང་། གསུང་ཆོས་ཕྲན་ཙམ་ལ་དངོས་མཇལ་གནང་ཐུབ་པ་མ་ཟད། དུས་རབས་ཉེར་གཅིག་པའི་ཡས་མས་སུ་ང་ཚོར་རྒྱུས་མངའ་ཅུང་ཡོད་པའི་མཁས་དབང་རྣམས་ཀྱང་དཔེ་ཚོགས་འདིའི་ཆེས་མཐའི་པོད་ཉི་ཤུ་བའི་ནང་གསལ་བ་བཞིན། གླིང་སྐལ་བཟང་ལེགས་བཤད་རྒྱ་མཚོ་དང་། མཁས་དབང་དཔལ་ལྡན་ཚུལ་ཁྲིམས། སྙན་དགོན་སྤྲུལ་སྐུ་གསུང་རབ། མཁས་དབང་དགེ་འདུན་ཆོས་འཕེལ། ཀོའུ་བ་བློ་བཟང་བཤད་སྒྲུབ་རྒྱ་མཚོ། རག་ཤི་རྟོགས་ལྡན་དྲི་མེད་གཡུང་དྲུང་། རྗེ་འཇིགས་མེད་རིགས་པའི་བློ་གྲོས། ངེས་དོན་མཐོང་བ་རང་གྲོལ། ལྷ་སྨོན་ཡེ་ཤེས་ཚུལ་ཁྲིམས། རྗེ་དམུ་དགེ་བསམ་གཏན་རྒྱ་མཚོ། དགེ་སློང་བསྟན་འཛིན་དབང་གྲགས། ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ། སྐྱང་སྤྲུལ་ལུང་རྟོགས་བསྐལ་བཟང་རྒྱ་མཚོ། དུང་དཀར་བློ་བཟང་འཕྲིན་ལས། བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་སོགས་ཀྱིས་མཚོན་ཡོད་དོ། །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།