གནའ་བོའི་ཞང་ཞུང་ཤེས་རིག་དཔེ་ཚོགས་དཔེ་སྐྲུན་གནང་བ།

[ཟླ་ཚེས། 2018-05-11 18:04:54][རྩོམ་པ་པོ། ངོ་སྤྲོད་འབྲི་མཁན། ཚེ་རིང་གནམ་མགོན།][རྩོམ་ཁུངས། སི་ཁྲོན་དཔེ་སྐྲུན་ཁང་གི་འཕྲིན་སྟེགས།][ཀློག་གྲངས། ]

སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་ནག་ཚང་ཉི་མ་རྫོང་གནའ་བོའི་ཞང་ཞུང་ཤེས་རིག་དཔེ་ཚོགས་དཔེ་སྐྲུན་བྱས་པ།
1526033732998939.jpg

   ཉི་མ་རྫོང་དུ་གནའ་བོའི་རྡོ་ཆས་ཀྱི་རིགས་དང།བྲག་རིས།དུར་ཤུལ་སོགས་གདོད་མའི་དུས་ནས་འགྲོ་བ་མིའི་རིགས་བྱུང་བའི་རྗེས་ཤུལ་གྱི་དཔང་རྟགས་མང་པོ་ཐོན་དང་འཐོན་མུས་སུ་མཆིས་ལ།བོད་བཙན་པོའི་དུས་རབས་ཀྱི་ཡར་སྔོན་དུ་བྱུང་བའི་ཞང་ཞུང་བོན་གྱི་ཤེས་རིག་དར་སྤེལ་ཆེན་པོ་བྱུང་ཡུལ་ཞང་ཞུང་སྟོད་སྨད་བར་གསུམ་ཁྲོད་ཀྱི་ཞང་ཞུང་བར་པའི་ལྟེ་བ་ཡིན་སྟབས།ཞང་ཞུང་བོན་གྱི་གནའ་ཤུལ་མང་པོ་གང་སར་མཐོང་རྒྱུ་ཡོད་པ་བཅས་ལོ་རྒྱུས་ཡུན་རིང་ལྡན་ཞིང།མདོ་དབུས་མཐོ་སྒང་གི་ཤེས་རིག་གི་འབྱུང་ཁུངས་སུ་གྱུར་ཡོད།གཡུང་དྲུང་བོན་གྱི་གནས་རི་དང་གནས་མཚོ་གྲགས་ཆེན་བརྗིད་ཉམས་ཀྱིས་ཕྱུག་པའི་རྟ་སྒོ་གངས་རི་དང།དྭངས་ཤིང་གསལ་བའི་དྭང་ར་གཡུ་མཚོ་ཡང་གནས་དེར་ཡོད།

1526033732669230.jpg

    ཉེ་བའི་ལོའི་ནང་ཉི་མ་རྫོང་སྲིད་གྲོས་ཀྱིས་ལོ་རྒྱུས་རིག་གནས་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོའི་ཆེད་དུ་ཉི་མ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཤུགས་ཆེའི་རྒྱབ་སྐྱོར་འོག་རྫོང་སྲིད་གྲོས་ནས་ལོ་རྒྱུས་རིག་གནས་མྱུར་སྐྱོབ་བྱ་རྒྱུའི་འཆར་གཞི་བཟོས་ནས་ལས་དོན་འབོར་ཆེན་སྤེལ་བ་དང།ལྷག་པར་དུ་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་སྐུ་གཞོན་གཡུ་བུན་སྤྲུལ་སྐུ་བསྟན་འཛིན་ཚུལ་ཁྲིམས་ཀྱིས་སྣེ་ཁྲིད་གནང་སྟེ།རྫོང་སྲིད་གྲོས་ཀྱིས་ཉི་མ་རྫོང་ཁོངས་ཀྱི་གནའ་བོའི་ལོ་རྒྱུས་རིག་གནས་ཞིབ་འཇུག་དང།འདྲི་འཚོལ།བལྟ་བསྡུར་ཡང་ཡང་བྱས་ནས་ནག་ཚང་ཉི་མའི་ཁྱད་འཕགས་ལོ་རྒྱུས་དང།  གནས་མཆོག་རྟ་སྒོ་དྭང་རའི་རི་ཆུའི་གནས་བཤད་སོགས་ཀྱིས་གཙོ་བོར་བྱས་པའི་ནག་ཚང་ཉི་མ་རྫོང་གནའ་བོའི་ཞང་ཞུང་རིག་གནས་དཔེ་ཚོགས་ཞེས་པ་དཔེ་སྐྲུན་བྱེད་པ་དེ་ནི་གཅིག་ནས་བྱང་ཐང་གི་ལོ་རྒྱུས་རིག་གནས་སྤྱི་དང།ཉི་མ་རྫོང་ཁོངས་ཀྱི་ལོ་རྒྱུས་རིག་གནས་ཞིབ་འཇུག་བྱ་རྒྱུར་སྨན་པའི་དཔྱད་གཞིའི་རྒྱུ་ཆ་ལེགས་པོར་འགྱུར་ངེས་རེད་ལ།གཉིས་ནས་རྫོང་དེའི་ཁོངས་ཀྱི་གནས་རི་གནས་མཚོའི་ཤོད་སྲོལ་སོགས་གནའ་བོའི་ཤེས་རིག་རྣམས་ནོར་འཕྱུག་མེད་པར་ཕྱི་རབས་པ་ལ་ངོ་སྤྲོད་ཡག་པོ་གནང་བ་ཞིག་ཡིན་པས།དཔེ་ཚོགས་དེ་ཉིད་དུས་ཀྱི་འཕེལ་རིམ་དང་མཉམ་དུ་རིན་ཐང་རིམ་བཞིན་ཆེ་རུ་འགྲོ་ངེས་རེད།ཁོ་བོས་ཉི་མ་རྫོང་སྲིད་གྲོས་ཀྱིས་སྤེལ་བའི་ལས་ཀ་འདིར་དགའ་མགུ་ཡི་རངས་བྱེད་ཀྱིན་ཡོད།

ནག་ཆུ་ས་གནས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཚེ་རིང་གནམ་མགོན་ནས།

སྤྱི་ལོ༢༠༡༧ལོའི་ཟླ་༡༢ཚེས་༣༠ཉིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།