ཐེ་བོ་དམངས་ཁྲོད་ངག་བརྒྱུད་རྩོམ་རིག་ཕྱོགས་བསྡུས།

[ཟླ་ཚེས། 2017-09-13 18:24:08][རྩོམ་པ་པོ། འགྲུ་བཙུན་ལེགས་བཤད་རྒྱ་མཚོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1505299099123931.jpg
ཐོག་མའི་གླེང་གཞི།

   དེབ་ཆུང་འདི་ནི་ལེའུ་གསུམ་དུ་བགོས་ཡོད་དེ་ལེའུ་དང་པོའི་ནང་དུ་གཙོ་བོ་མཐེ་བོ་ཞེས་པའི་མིང་གི་ཐོགས་ཚུལ་དང་།  མཐེ་བོའི་མི་རྒྱུད་ཀྱི་མཆེད་ཁུངས།  མཐེ་བོ་སྟོད་ཕྱོགས་ཀྱི་བོད་མིའི་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་གཏམ་རྒྱུད་དང་།  གཏམ་དཔེ་ཁག་གཅིག  མཐེ་བོའི་གདོད་མའི་ཆོས་ལུགས་ཀྱི་སྐོར།  གནས་ཆེན་ཁག་ཅིག  གཤིན་པོར་དགེ་སྒྲུབ་ཀྱི་སྐོར།  འབྱུང་ལྔའི་བསྡུ་རིམ་དང་རིང་བསྲེལ།  ལ་བཙས་དང་བསང་གི་སྐོར།  ཁ་གསོལ་ལམ་བསང་འབོད།  མཆོད་ཁ།  འབེལ་གར་ཡིད་བཞིན་ནོར་བུ།  མགྲོན་རྫོངས།  མདོས་རྫོངས།  འབུལ་བཤད།  དམག་གླུ།  ཤི་གསོན་གཉིས་འབྲལ་དུས་ཀྱི་སྔས་མགོའི་གཏམ་བཤད།  དགྲ་བྲུབ་ཀྱི་དམོད་ཚིག  འགོང་བཀར་གྱི་དམོད་ཚིག  དུག་བསྲེག  བླ་འབོད།  གཡང་འབོད།  བཀྲ་ཤིས།  ཁ་བཏགས་འདོགས་དུས་ཀྱི་སྨོན་ཚིག་དང་།  སྨོན་ལམ་བཅས་སྣ་ཚོགས་ཀྱི་སྐོར་རྣམས་བསྡུ་སྒྲིག་བྱས་ཡོད།

   ལེའུ་གཉིས་པའི་ནང་དུ་གླུ་རྟེན་འབྲེལ་ལམ་བསྟོད་རའི་སྐོར་གླུ་ཆེན་ཕ་མ་འོང་ཚུལ་ནས་གླུ་ཡི་སྤྱན་འདྲེན་དང་།  ཕོ་རབས་ཀྱི་སྐོར།  འཛོམས་རབས་ཀྱི་སྐོར།  ཉལ་རབས་ཀྱི་སྐོར།  སྐྱིད་རབས་ཀྱི་སྐོར།  ནངས་ཀ་ཡར་ལངས།  ཇ་རབས་ཁོག  ཤ་རབས་ཁོག་སོགས་བཅས་བསྡུ་སྒྲིག་བྱས་ཡོད། 

   ལེའུ་གསུམ་པའི་ནང་དུ་སྲིད་པའི་ཐོ་ཡིག་གམ་གཏམ་པོ་ཆེ་བསྡུ་སྒྲིག་བྱས་ཡོད། དེ་ལས་སྲིད་པའི་ཐོ་ཡིག་གམ་གཏམ་པོ་ཆེ་འདིའི་ནང་ཐོག་མར་གཤིན་པོའི་འདས་གྲོངས་དང་།  ཁ་ཚར་སྒོ་མོ་འབྱེད་ཚུལ་སོགས་མགོར་བཤད་ལ།  དེ་ནས་གཞུང་དངོས་ལ་གཏམ་པོ་ཆེ་ཆེ་བ་ཞེས་སྤྱིར་ཕྱི་སྣོད་འཇིག་རྟེན་ཆགས་ཚུལ་དང་ནང་བཅུད་སེམས་ཅན་གྲོལ་ཚུལ།  ནང་སྒོས་གཏམ་པོ་ཆེ་འབྲིང་བ་ཞེས་གངས་ཅན་ཁ་བའི་ལྗོངས་འདི་ཆགས་ཚུལ།  ཁྱད་པར་དུ་གཏམ་པོ་ཆེ་ཆུང་བ་ཞེས་མཐེ་བཅུ་རྫ་རྭ་གང་བོའི་ཆགས་ཚུལ་རྣམས་རགས་མོ་དང་རིམ་ཙམ་ཞིག་སྔར་ངག་ཐོག་ནས་བཤད་པ་ལས་ཡིག་ཐོག་ཏུ་བཀོད་པ་ཤིན་ཏུ་ཉུང་།  གཞན་རྩིས་དང་ལོ་རྒྱུས་རིགས་རུས་སོགས་ཀྱང་ཅུང་འདུས་ཡོད་པས་གཏམ་འདི་ནི་སྣ་འཛོམས་རང་བཞིན་ལྡན་ཞིང་ངག་ནས་ངག་ཐོག་ཏུ་བརྒྱུད་པའི་ཕ་ཁུ་ཆེ་རྒན་རྣམས་ཀྱི་གཏམ་ངོ་མཚར་བ་ཞིག་ཡིན་པས།  འདིའི་ནང་དུ་ལོ་རྒྱུས་ཀྱི་དཔྱད་གཞིའི་རིན་ཐང་གཞལ་དུ་མེད་པ་ཞིག་མཆིས་པས་མཐེ་ཁོག་བོད་མིའི་རིན་ཆེན་ནོར་བུ་ལྟ་བུ་ཞིག་ཡིན་སྙམ།

    འོ་ན་འདི་དུས་ནམ་ཞིག་ནས་དར་བ་མི་ཤེས་ཀྱང་སྒོ་ཡི་བུ་མོ་སྒོ་བཟའ་ལུ་གུ་སྨན་ཚང་གི་ཨ་བོ་སྒོ་ཚུན་ཆད་མཐེ་ཁོག་འདིར་བཤད་སྲོལ་ཚུགས་ཡོད་ཅེས་བཤད་རྒྱུན་ཞིག་དང་།  གང་ལྟར་གཏམ་པོ་ཆེ་ལས།  ཆོས་སྒོ་མོ་བརྒྱད་ཁྲི་བཞི་སྟོང་མ་དར་གོང་།  གཏམ་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དར་འདུག་དུས།  ཤི་བོ་ལྷ་སར་བསུ་བྱེད་གཏམ་པོ་ཆེ་རེད།  གསོན་པོར་དམུ་ཐག་འཐེན་བྱེད་གཏམ་པོ་ཆེ་རེད།  ཕ་ཨ་ཁུའི་སྐུ་ཚེ་རིང་བྱེད་གཏམ་པོ་ཆེ་རེད་ཅེས་བཤད་རྒྱུན་ཡོད་པ་དང་།  རྒན་རབས་པ་དག་གིས་ཀྱང་གཏམ་པོ་ཆེ་ནི་སྲིད་པའི་ལེའུ་ཆོས་ནང་དུ་ཡོད་ཅེས་པ་སོགས་ལ་བརྟག་ན།  འདི་ནི་དམ་པའི་ཆོས་མ་དར་གོང་དར་ཡོད་ཚོད་འདུག  རྒྱུ་མཚན་ནི་ལེའུ་ཆོས་ནི་གཡུང་དྲུང་བོན་ལས་སྔ་བ་སྲིད་པ་རྒྱུད་ཀྱི་བོན་ཁོངས་སུ་གཏོགས་པས་སོ།། 

   འདི་ནི་མྱི་འདས་ཚད་ཐོག་བཤད་ཀྱི་མེད་ལ་ལོ་རྒན་དྲུག་ཅུ་ཡན་ཟིན་པ་རྣམས་ཚེ་ལས་འདས་ན་ད་གཟོད་ཤིད་སྟོན་ལྟར་མགྲོན་པོ་དང་སྡེ་བ་གཉིས་ཕན་ཚུན་བར་དྲི་བ་དྲིས་ལན་གྱི་ཚུལ་དུ་མཚན་གང་བོར་བཤད་པ་དང་།  ཡང་ན་ལོ་ལོན་ནས་བརྒྱད་ཅུ་ལྟ་བུར་གྱ་སྟོན་གྱི་ཚུལ་དུའང་བཤད་ཀྱིན་ཡོད་ཟེར།  དེ་བས་འདི་ནི་འཇིག་རྟེན་པའི་མཚན་ཉིད་ལྟ་བུ་ཞིག་ཡིན་ཞེས་བཤད་ཆོག་ལ།

   འདི་དག་ནི་མཐེ་ཁོག་བོད་མིས་སྤྱི་ཚོགས་འཕོ་འགྱུར་གྱི་གོ་རིམ་ཁྲོད་དུ།  རང་གི་ཐུན་མོང་མ་ཡིན་པའི་བློ་གྲོས་ཀྱི་རྩལ་ལས་བཏོན་ཏེ་གསར་གཏོད་བྱས་ཤིང་།  ལོ་ངོ་སྟོང་ཕྲག་དུ་མའི་སྔོན་ནས་ངག་ཐོག་ནས་བརྩམས་ཤིང་།  ངག་ཐོག་ནས་བརྒྱུད་འཛིན་བྱས་པ་ཡིན་ལ།  སྤྱིར་མཐེ་བོ་ནི་གླུ་གར་གྱི་རྒྱ་མཚོ་ལྟ་བུ་ཞིག་ཡིན་ཏེ་ཁང་བ་ཁང་ཕུབ་བྱེད་ན་གླུ་ཞིག་དང་།  བུ་མོ་བག་སྐྱེལ་བྱེད་ན་གླུ་ཞིག  ལྔ་དྲུག་མཆོད་བཙུགས་ན་གླུ་ཞིག  རྟགས་དང་སྟོན་མོ་བྱེད་ན་གླུ་ཞིག  ཁང་མཁར་གྲུ་བཞི་བརྡུང་དུས་གླུ་ཞིག  ལོ་ལེགས་ནས་འབྲེག་དུས་ན་གླུ་ཞིག  ཕ་ཁུ་ཆེ་རྒན་རྒས་དུས་གཏམ་ཞིག  ད་དུང་ལ་གཞས་སོགས་མང་པོ་ཞིག་ཡོད་པས་མི་ཚད།  འདི་དག་ལ་མི་མང་པོས་ཉན་སྤྲོ་ཞིང་བལྟར་འདོད་ལ།  དེ་དག་སྔོན་ཆད་མཐེ་བོ་སྟོད་སྨད་བར་གསུམ་ཀུན་ཏུ་དར་ཁྱབ་ཆེ་ཞིང་རྟགས་སྟོན་མོ་ལྟ་བུའི་ཐོག་ཏུའང་ལེན་ཤེས་པ་དང་བཤད་ཤེས་ཀྱི་ཡོད་ལ།  དེང་སང་སྤྱི་ཚོགས་ཀྱི་འཕོ་འགྱུར་དང་མི་རིགས་མང་པོ་འདྲེས་སྡོད་དབང་གིས་སྔར་གྱི་དེ་དག་ལེན་མཁན་དང་བཤད་ཤེས་མཁན་ཉིན་རེ་ལས་ཉིན་རེ་ཇེ་ཉུང་དུ་འགྲོ་བཞིན་པ་ལྟ་བུ་ཡིན།  ཕྱོགས་གཞན་ཞིག་ནས་རྒྱལ་ཁབ་དང་རང་མི་རིགས་ཀྱི་སྲོལ་རྒྱུན་དེ་དག་ལ་དུངས་ཞེན་ཡོད་མཁན་སྐོར་ཞིག་གིས་དེ་དག་ཉམས་པ་སོར་ཆུད་དང་།  མི་ཉམས་གོང་འཕེལ་ཕྱོགས་ལ་འབད་ཀྱིན་ཡོད་པ་རེད། 

   ད་ཐེངས་འདིར་རང་གི་སློབ་དཔོན་ཆེན་མོ་ཨ་སྐལ་ལགས་ཀྱིས་སྔར་གྱི་རྒན་རབས་པ་དང་གཏམ་མཁན།  ངག་རྒྱུན་བཅས་ཀྱི་བཤད་རྒྱུན་གཞིར་བཞག་སྟེང་ནས་བསྒྲིགས་པའི་གླུ་རྟེན་འབྲེལ་དང་གཏམ་པོ་ཆེ་སོགས་ཕྲན་ལ་མཁོ་སྤྲོད་གནང་བྱུང་བ་ལས་སྔོན་མོ་ནས་འཚོལ་ཁོག་དང་།  རི་རྒྱལ་སྐོར་སོགས་ཅུང་ཁ་མི་ཚང་བ་རྣམས།  ཕྲན་མང་ཚོགས་ཁྲོད་དུ་སོང་སྟེ་འཚོལ་སྡུད་དང་རྒན་རབས་པ་གཏམ་ལ་མཁས་པ་རྣམས་ཀྱི་ངག་ལས་བཏུས་ཏེ་ཁ་གསབ་དང་ཁ་སྐོང་གང་མང་བྱས།  གཞན་གཏམ་དཔེ་དང་གཏམ་རྒྱུད་ཁག་ཅིག་མར་སྒུར་རྒྱ་མཚོ་སོགས་ཀྱིས་ཕྱོགས་བསྡུས་བྱས་པ་ལས་དག་བཅོས་དང་ཁ་སྐོང་བྱས་ཏེ་བཀོད་ཡོད།

   དེ་ཡང་གཅིག་བྱས་ན་བོད་ཀྱི་སྲོལ་རྒྱུན་རིག་གནས་ཤུལ་བཞག་ཉམས་པ་སོར་ཆུད་དང་།  མི་ཉམས་གོང་འཕེལ་དུ་གཏོང་པ་དང་།  གཉིས་ནས་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་ཆར་མཁོ་བ་དང་།  གསུམ་ནས་མང་ཚོགས་ཀྱིས་བསྐུལ་བའི་རེ་བ་སྐོང་ཆེད་དང་།  བཞི་ནས་ད་འདི་བཤད་མཁན་དང་ཤེས་མཁན་ཇེ་ཉུང་དུ་འགྲོ་བཞིན་པས།  ནམ་ཞིག་ཡལ་སོང་ན་ཕངས་པར་བཅས་ལ་དམིགས་ཏེ་ཕྲན་གྱིས་སྤྱི་ལོ2007ལོར་རྩོམ་སྒྲིག་གི་འགན་ཁུར་ཏེ«མཐེ་བོ་དམངས་ཁྲོད་ངག་བརྒྱུད་རྩོམ་རིག་ཕྱོགས་བསྡུས»ཞེས་བྱ་བའི་དེབ་གཟུགས་ཞིག་བསྒྲུབས་ནས་ལེགས་གྲུབ་བྱུང་སྟེ་ཐེངས་དང་པོ་ལན་ཀྲུའུ་རུ་པར་དུ་བཏབ་ཀྱང་།  པར་བསྐྲུན་གྱི་གྲངས་ཀས་མང་ཚོགས་ཀྱི་རེ་བ་གང་མ་ཐུབ་པས།  ད་དུང་དེ་ཡོད་མེད་དང་།  པར་དུ་འདེབས་དགོས་ཚུལ།  དགོས་མཁོ་འདུག་ཅེས་རེ་བ་ཡང་ཡང་བྱེད་ཀྱིན་མཆིས་པས།  སྤྱི་ལོ2011ལོ་ནས་བྱ་བའི་ཞོར་དུ་སྔར་གྱི་ཐོག་ཏུ་ཡང་བསྐྱར་ཁ་སྐོང་བསྡུ་སྒྲིག་དང་ཞུ་དག་བཅས་བགྱིས་མཐར།  སྤྱི་ལོ2015ལོར་ཐེ་བོ་རྫོང་ཐོག་ཏུ་སྒྲུབ་པའི«འབྲུག་ཆུ་བཞུར་ཡུལ་ཐེ་བོའི་བོད་རིགས་སྲོལ་རྒྱུན་རིག་གནས»ཀྱི་དེབ་ཕྲེང་དུ་གཏམ་པོ་ཆེ་དང་།  གླུ་རྟེན་འབྲེལ་སོགས་ཁ་ཤས་བཀོད་དེ་པར་དུ་བསྐྲུན།  སྤྱི་ལོ2017ལོར་སླར་ཡང་དེབ་ཆུང་འདི་ཉིད་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་འབུལ་ཐུབ་བྱུང་།  ཡིན་ནའང་སྤྱིར་ཕྲན་ལྟ་བུ་ལ་ཉམས་མྱོང་དང་ཆུ་ཚད་ཞན་ཡང་རང་རིགས་ལ་དུངས་ཞེན་ཆེ་བས་དེ་ཕྱོགས་ལ་བརྩོན་པ་བགྱི་ཁུལ་བྱས་མོད།  འོན་ཀྱང་ད་དུང་འདིའི་ནང་དུ་ལ་ལ་ཞིག་བསྡུ་སྒྲིག་བྱེད་མ་ཐུབ་པ་དང་།  ལ་ལ་ཞིག་ཁ་མི་ཚང་བའམ།  བཤད་ཉེས་དང་བརྗོད་ཉེས་སོགས་ཡོད་ངེས་པ་དང་།  གཞན་མཐེ་བོ་སྨད་ཕྱོགས་ཀྱི་ཁ་བཤད་དང་གཏམ་སོགས་མང་པོ་ཞིག་བསྡུ་སྒྲིག་བྱེད་ཁོམ་མ་བྱུང་བ་བཅས་ལ་མཁས་དབང་རྣམ་པས་ཁ་གསབ་དང་ལེགས་སྤེལ་ཉེས་འགོག་གི་དགོངས་འཆར་ལྷུག་སྩོལ་གནང་བར་ཞུ་ཞུ།

   ཁྱད་པར་དུ་ཀློག་པ་པོ་རྣམས་ལ་ཆེད་དུ་ཞུ་རྒྱུ་ལ།  ཕྲན་གྱིས་མཐེ་བོ་རང་གི་ས་ཆའི་སྐད་ཆའི་སྒྱུ་རྩལ་དང་ཁྱད་ཆོས་མི་འདོར་བའི་ཕྱིར་དུ།  ངེས་པར་དུ་དག་བཅོས་བྱེད་དགོས་པ་རྣམས་ཕུད་གཞན་བྱིངས་ནི་ཡུལ་སྐད་ལྟར་རང་སོར་བཞག་ཡོད།

ཅེས་འགྲུ་བཙུན་ལེགས་བཤད་རྒྱ་མཚོས། 

སྤྱི་ལོ2017ལོའི་ཟླ1པོའི་ཚེས25ཉིན་ལན་ཀྲུའུ་གྲོང་ཁྱེར་དུ་བྲིས་པའོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།