དབྲ་དཀར་ལྔ་རིག་དར་སྤེལ་གླིང་གིས་གཙོ་བསྒྲིགས་གནང་བའི་དེབ་གསར་འགའ།

[ཟླ་ཚེས། 2016-06-23 22:17:18][རྩོམ་པ་པོ། དབྲ་དཀར་གཞན་ཕན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 དབྲ་དཀར་ལྔ་རིག་དར་སྤེལ་གླིང་གིས་གཙོ་བསྒྲིགས་གནང་བའི་དེབ་གསར་འགའ་པར་བསྐྲུན་འགྲེམ་སྤེལ་གནང་བ།
04.jpg

སྔོན་གླེང་།

   གཡུང་དྲུང་བོན་གྱི་ཆོས་སམ་རིག་གཞུང་དྲི་མ་མེད་པ་འདི་ནི་སྤྱི་ལོའི་སྔོན་གྱི་མི་ལོ༡༦༠༡༧ལོར་རྟག་གཟིགས་འོལ་མོ་ལུང་རིང་དུ་གཟུགས་སྐུ་མངོན་པར་བལྟམས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པ་རྒྱལ་བ་དེ་ཉིད་ཀྱིས་ཡ་ཐོག་གདོད་མའི་བོན་གྱི་ལོག་སྤྱོད་ཀྱི་རིགས་མཐའ་དག་དག་པ་གཡུང་དྲུང་གི་བོན་ལ་བསྒྱུར་མཛད་གནང་ནས་ད་ལྟའི་འཚེ་མེད་རིག་གནས་འདིའི་རྨང་ཚུགས། དེ་ནས་བཟུང་བཀའ་བསྡུ་བཅུ་གསུམ་དང་ཞང་བོད་ཀྱི་ལོ་པཎ་དུ་མའི་རིང་དུ་རྒྱ་ཆེ་ཞིང་རྒྱུན་རིང་བར་དར། ཕྱིས་སུ་དུས་རབས་བཅུ་བ་ནས་གཤེན་གྱེར་རྨ་དབྱིལ་དང་བྲུ་ཞུ་སྤ་རྨེའུ་ཁྱུང་དང་བཅས་པའི་བརྒྱུད་འཛིན་གདན་ས་ཁག་ནས་བོན་བསྟན་རྩ་བ་བརྟན་པོ་ཡོད་པ་ལ་རྩེ་མོ་རབ་ཏུ་སྨིན་པར་མཛད། དེ་དག་གི་གདམས་དོན་གཅིག་ཏུ་དྲིལ་བའི་བསྟན་པའི་མདོ་འཛིན་ཆེན་མོ་འཛམ་གླིང་མཁས་པ་ཀུན་ཀྱི་གཙུག་རྒྱན་དམ་པ་རྗེ་སྨན་རི་བའི་སློབ་དཔོན་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་གིས་བཀྲ་ཤིས་སྨན་རི་དགོན་བཏབ་ནས་མཁན་རབས་རིམ་པས་བསྟན་པ་འདི་ཉིད་ས་གསུམ་གྱི་ཁྱོན་ན་ཁྱབ་པར་མཛད། རྗེ་བླ་མའི་རྗེས་འཛིན་མཁན་རབས་ཉེར་གཉིས་པ་རིས་མེད་ཀྱི་གྲུབ་མཐའ་ཀུན་ལ་སྤྱན་དཀྱུས་རབ་ཏུ་ཡངས་པའི་ཀུན་མཁྱེན་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོའི་གསུང་དྲི་མ་མེད་པ་དེ་དག་གི་ཁྲོད་ལས་ད་ལན་ཤེས་ལྡན་གྱི་མྱི་བུ་བསྟན་པ་དང་འགྲོ་ལ་ཐུགས་སེམས་རབ་ཏུ་གཙང་བའི་བེ་རུ་བསྟན་པ་རྒྱལ་མཚན་དང་དབྲ་དབོན་ཀུན་གྲོལ་རྒྱ་མཚོ་གཉིས་ཀྱིས་དཀའ་ངལ་སོགས་ལ་འཛེམ་མེད་ཀྱི{བཀའ་འགྱུར་བརྟེན་འགྱུར་གྱི་སྡེ་ཚན་སྒྲིག་ཚུལ་བསྟན་པའི་མེ་རོ་སྤར་བའི་རླུང་གཡབ་བོན་གྱི་པདྨོ་རྒྱས་བྱེད}དང{སངས་རྒྱས་ཀྱི་བསྟན་རྩིས་ངོ་མཚར་ནོར་བུའི་ཕྲེང་བ}གཉིས་སློབ་གཉེར་བ་དང་དཔྱད་ཞིབ་པ་དག་ལ་བལྟ་བདེའི་དེབ་གཟུགས་སུ་བསྐྲུན་པ་ལགས།དེ་ཡང་འདི་མ་ཡིག་གཅིག་ལས་ལག་སོན་མེད་སྟབས་ནོངས་པ་དོན་དང་འཁྲུགས་པ་ཚིག་གང་ཐད་ནས་སྤུས་གཙང་ལ་སྒྲོས་དག་པ་ཡོང་དཀའ་བས་སྐྱོན་དེ་རིགས་ཡོད་ན་ཀློག་མཁན་དག་ལ་བཟོད་དགོང་གནང་རོགས་ཞུ་བ་ལས་ཐབས་གཞན་མ་བྱུང་།དེ་མིན་ཤེས་ཡོན་གྱི་འདང་ཚད་ཀྱིས་ངར་ཕྱུང་ནས་ལྷག་བསམ་ཟོལ་མེད་ངང་ནས་གྲྭ་བཙུན་ཁོང་གཉིས་ཀས་འདི་བསྒྲིགས་པར་དགེ་བའི་ཚོགས་གང་མཆིས་པ་དེ་དག་འཁོར་བའི་ཆུ་ཆེན་གྱི་ཀླུང་དུ་ཚུད་པའི་འགྲོ་རྣམས་ཐར་པ་སྐམ་ས་ཆེན་པོའི་སར་མྱུར་དུ་ཐར་བའི་རྒྱུར་འགྱུར་བར་ཤོག སྔོན་གླེང་གི་འཐུས་སུ་གསལ་བཤད་ཐུ་ངུ་འདི་ནི་ཧོར་པ་གྲྭ་རྒན་དྲང་སྲོང་ཚུལ་ཁྲིམས་ཡེ་ཤེས་སམ༧དབྲ་དཀར་གཞན་ཕན་ཤེས་རབ་ཀྱིས་ཁྲིན་ཏུའུ་གྲོང་ནས་གཤེན་གྱི་འབྱུང་ལྡན༣༠༡མེ་ཕོ་སྤྲེལ་ལོའི་ས་ག་ཟླ་བའི་ཚེས༡༣སྙིགས་དུས་འཇའ་ལུས་ཡབ་སྲས་འཇའ་ལུས་གྲོལ་བའི་དུས་བཟང་ཉིན་སྦྱར་བ་དགེའོ།།

02.jpg

སྔོན་གླེང་།

   གཤེན་གྱི་འབྱུང་ལྡན་ཞེས་པའི་བགྲངས་བ་ལས་དུས་རབས་དང་རབ་བྱུང་གང་གིས་གཞལ་མི་ནུས་པའི་གཡུང་དྲུང་བོན་གྱི་ལོ་རྒྱུས་རིང་མོ་ཞིག་ཡོད་པ་དེ་ཕྱོགས་ཀུན་ནས་བདག་སྐྱོངས་དང་རྒྱུན་འཛིན་གོང་སྤེལ་བཅས་བྱེད་དགོས་པའི་མི་རེ་ལ་འོས་འགན་རེ་ཡོད་པ་བཞིན་ད་ལན་རྫ་འབུམ་རྨད་དགོན་གྱི་གྲྭ་བཙུན་དངོས་གྲུབ་དབང་ལྡན་གྱིས་ཁོ་རང་ལ་བབ་འོས་ཡོད་པའི་འགན་དེ་མ་བསྐུལ་དང་བླངས་ཀྱིས་རྫ་འབུམ་རྨད་དགོན་གྱི་སྟོན་པའི་ཟུར་སྡོང་དུ་བྱོན་པའི་གླིང་ཞིག་ཚང་གི་བླ་རབས་རིམ་བྱོན་གྲལ་གྱི་གླིང་བླ་ཚེ་དབང་གཡུང་དྲུང་གིས་གསུངས་པའིォདུས་ཀྱི་འགྱུར་བའི་ཁུགས་སོའི་དུས་རྟགས་ལེགས་ཉེས་འབྱུང་འགྱུར་དང་གླིང་ཞིག་བླ་རབས་རིམ་བྱོན་གྱི་རྣམ་ཐར་གཉིས་དེབ་གཅིག་ཏུ་དུས་རབས་ཀྱི་བལྟ་བདེའི་དེབ་གཟུགས་སུ་བསྐྲུན་པའི་ཀུན་ལ་ཕན་ཐོག་ཡོད་པར་སེམས་ཏེ་དུས་ཀྱི་འགྱུར་བའི་ཁུགས་སོའི་དུས་རྟགས་ལེགས་ཉེས་འབྱུང་འགྱུར་ལྟ་བུར་མཚོན་ན་དེང་དུས་སུ་འབྱུང་དང་འབྱུང་བཞིན་པའི་ལྟས་རྣམས་ངོ་མཚར་བའི་གནས་དཔེར་ན། ཁྱད་པར་ཤར་རྫའི་ཆུ་ལ་ཉེ་ཕྱོགས་པ། །གཡས་གཡོན་སྒང་དང་བཅས་པའི་ཐ་གྲུ་ན། །སྔར་མེད་ལྕགས་ཀྱི་རྟ་ཕོས་རི་ཀླུང་ཉུལ། །ཧོར་རྒྱུད་ཆུ་ལ་བཅར་ནས་ཁ་སྲབ་ཀླུབ། །ཅེས་པ་ལྟ་བུར་ཀུན་ཀྱིས་མཁྱེན་གསལ་ལྟར་ལགས། ཚན་པ་གཉིས་པ་གླིང་ཞིག་བླ་རབས་རིམ་བྱོན་གྱི་རྣམ་ཐར་ལས་མཁའ་འགྱིང་གཉན་གྱི་གདུང་ལས་རིམ་བཞིན་བྱོན་པའི་ཞང་ཞུང་སེ་ནེ་གའུ་དང་ཞུ་སྒོམ་འཁྲུལ་ཞིག་གླིང་ཞིག་མུ་ལ་ཐོག་མེད་སོགས་ཞང་བོད་ཀྱི་པཎ་གྲུབ་དུ་མའི་རྣམ་ཐར་ཡིན་སྟབས་བོན་ཕྱོགས་ཀྱི་ལོ་རྒྱུས་དང་རྣམ་ཐར་རྩ་ཆེ་ཤོས་ཤིག་ཏུ་གྱུར་ཡོད་པ་འདིར་ལེགས་པར་གཟིགས་དང་ཤེས་ཐུབ། ཡང་ཞུ་བ་གཅིག་ཏུ་ནི་བརྡ་སྤྲོད་ཀྱི་འགྲོས་དང་མཐུན་མིན་ཅི་རིགས་བྱུང་ཡང་ཕལ་ཆེར་རང་སོར་བཞག་ཡོད་པ་ཤེས་དགོས། རྩ་ཆེ་བས་རྒྱུ་མཚན་དེ་དག་ལ་དམིགས་ཏེ་འབུམ་རྨད་དགོན་གྱི་གྲྭ་བཙུན་དངོས་གྲུབ་དབང་ལྡན་ནས་དཀའ་ངལ་འཛེམ་མེད་ངང་དུ་གློག་ཀླད་དུ་བཏགས་པ་དང་ཞུ་དག་སོགས་རྒྱུ་ཚེགས་ངོ་གསུམ་བརྒྱུད་དེ་གྲུབ་པ་ཡིན།

དཔེ་སྒྲིག་པས།

03.jpg

སྔོན་གླེང་།

   མདོ་ལས། བཟོ་དང་སྒྲ་དང་གསོ་བ་དང་། །ཕྱི་ནང་རིག་པ་གཉིས་ཏེ་ལྔ། །ཞེས་པའི་སྲིད་པའི་རྒྱལ་པོ་སངས་པོ་འབུམ་ཁྲིའི་སྐུའི་རྒྱུད་ཆེན་པོ་ལྔ་ལས་སྤྲུལ་པའི་སྲིད་པ་རིགས་ལྔ་སྟེ། ཡེ་སྲིད་སངས་པོ་འབུམ་ཁྲི་དང་། ཡེ་མཁྱེན་སྒྲ་བླའི་རྒྱལ་པོ། ཡེ་རྗེ་སྨན་ལྷའི་རྒྱལ་པོ། ཡེ་དབང་ས་ཡི་རྒྱལ་པོ། ཡེ་དབལ་མཐུ་སྟོབས་རྒྱལ་པོ་དང་ལྔ་ལ་རིམ་བཞིན་རིག་པའི་གནས་ཆེན་ལྔ་བསྟན་ནས་བཟོ་དང་། སྒྲ། གསོ་བ། ཕྱི། ནང་རིག་པ་དང་ལྔ་དར་རྒྱས་སུ་བྱུང་བ་ཡིན། དེ་ནས་བཟུང་རིག་པའི་གནས་ལྔ་དང་བོན་གྱི་བསྟན་པ་ཞང་ཞུང་དང་། སྟག་གཟིག བྲུ་ཤ རྒྱ་ནག རྒྱ་གར། ཕྲོམ་གེ་སར། བོད་ཡུལ་བཅས་ལོ་ཙཱ་དག་གི་བཀའ་དྲིན་གྱིས་སྤུ་རྒྱལ་བཙན་པོ་གོང་མ་རིམ་བྱོན་དུས་སུ་བོད་ཡུལ་དུའང་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པ་བྱུང་ནའང་། ཕྱིས་དུས་རབས་དྲུག་པ་ནས་བརྒྱད་པའི་བར་གད་ཆགས་ཀྱི་ཀློང་དུ་མི་ཉུང་བར་ཤོར་བ་མ་ཟད་བོད་བཙན་པོའི་གདུང་རྒྱུད་མཇུག་རྫོགས་རྗེས་སུའང་ཆགས་དཀྲུམས་གང་མང་ཐེབས། དུས་རབས་བཅུ་པ་ནས་བསྟན་པ་ཕྱི་དར་གྱི་དབུ་ཚུགས་ཤིང་བོན་བསྟན་འོད་པོ་ཆེ་སླར་ཡང་ལུས་ཅན་འགྲོ་བའི་མགོན་དུ་དར་བའི་དུས་ལ་བབ་སྟེ་གཤེན་གྱེར་རྨ་དབྱིལ་གཙོས་པའི་པཎ་གྲུབ་ཚོས་གཏེར་ལས་དྲངས་ཏེ་འཕྲུལ་ངག་གཡུང་དྲུང་བོན་གྱི་བསྟན་པ་ས་ཆེན་པོའི་ཁྱོན་དུ་བདལ་བར་མཛད། དེ་ནས་བྲུ་ཞུ་སྤ་རྨེའུ་གཤེན་དང་བཅས་པའི་གདན་ས་ཁག་གྱེས་ཏེ་བྲུ་ཚང་གཡས་རུའི་སྟོན་པ་བཅོ་བརྒྱད་དང་། སྨན་རིའི་མཁན་རབས་རིམ་བྱོན། ཞུ་ཡི་གྲུབ་ཐོབ་རྣམ་པ། སྤ་ཡི་བཟང་པོ་བཅུ་གསུམ། རྨེའུ་སྨྲ་སེང་བཅུ་གསུམ། གཤེན་གྱི་མཁས་གྲུབ་ཁག་རིམ་བཞིན་བྱོན་ཏེ་གདན་ས་སྐྱོང་ནས་བོན་བསྟན་རྒྱ་ཆེར་དར། འདི་དེ་དག་ཁྲོད་ལས་མཁས་གྲུབ་གཏེར་སྟོན་ཆེན་པོ་མགར་སྟོན་ཁྲོ་རྒྱལ་གྱིས་གཏེར་ནས་བཏོན་པའི་སེམས་ཕྱོགས་ཀྱི་བོན་སྡེ《གསས་མཁར་གཡུང་དྲུང་ཡེ་ཁྱེབས་ལྟ་བའི་རྒྱུད》ཅེས་པའི་བོན་དཔེ་རྙིང་ཤས་འདི་དང་། རྨེའུ་སྨྲ་སེང་བཅུ་གསུམ་གྱི་ནང་ཚན་བོན་གྱི་རྒྱལ་མཚན་ཆེ་ལྔའི་ཡ་གྱལ་སྒ་རིགས་ཀྱི་སྟོན་པ་ཚུལ་ཁྲིམས་རྒྱལ་མཚན་དེ་ཉིད་ཀྱིས་མཛད་པའི《བསྟན་པ་བོན་གྱི་ཀླད་དོན་གྱི་རང་འགྲེལ》དང《གཏེར་གྱི་ཁ་བྱང》གསུམ་དེབ་གཅིག་ཏུ་དེང་དུས་ཀྱི་སློབ་གཉེར་བ་དང་ལོ་རྒྱུས་དཔྱད་ཞིག་པ་དག་ལ་དགོས་མཁོ་དང་བསྟུན་ནས་བལྟ་བདེའི་དེབ་གཟུགས་སུ་བསྐྲུན་པ་ཡིན། དེ་ཡང་ཞུ་བ་ཅིག་ནི་འདི་གཉིས་ཀ་མ་དཔེ་རྙིང་སྟོབས་ཀྱི་གློག་ཀླད་དུ་བཏགས་དུས་དང་ཞུ་དག་གི་དཀའ་ངལ་ལ་མ་འཛེམ་ཏེ་ཐབས་གང་ཡོད་ཀྱིས་ཚིག་འགྲོས་དུས་རབས་དང་བསྟུན་ཅི་ཐུབ་བྱས་ཡོད། དཔེར《བསྟན་པ་བོན་གྱི་ཀླད་དོན་གྱི་རང་འགྲེལ》ལསགཅིག་གི་དོད་དུ(༡)དང་གསུམ་གྱི་དོད་དུ(༣)བཞིའི་དོད་དུ(༤)བཅས་བྲིས་ཡོད་པ་མ་ཟད་བཞིན་གྱི་དོད་དུ(༤ན)ཞེས་བྲིས་པ་སོགས་རིམ་བཞིན་གཅིག་དང་། གསུམ། བཞི། བཞིན་བཅས་བྱས་ཏེ་ཀོར་ཐིག་ཏུའང་འཇོག་མེད། ད་དུང་མ་ཡིག་ཏུ(རྟག){རྟགས}ཞེས་ཀོར་ཐིག་འདིའི་ནང་དུ་འཇོག་པ་དང་། (རྩང){གཙང}(ཉོགས་སུ){ཉོག་ཏུ}བཅས་བཅོས་པ་ཀོར་ཐིག་འདིའི{ }ནང་དུ་འཇོག་ཡོད། ཡང་གོ་དཀའ་བའི་རིགས(འགིག)ཅིག་དབུ་མེད་བྲིས་ཡོད་པར་སྐུང་ཕུད་ནས{འགའ་ཞིག}ཅེས་ཀོར་ཐིག་ཏུ་བཞག་ཡོད། མདོར་ན་ཀོར་ཐིག་འདིའི{ }ནང་དུ་འཇོག་པ་ཐམས་ཅད་བརྟག་དགོས་པའི་རིགས་སྐུང་ཕུད་པ་དང་མ་ཡིག་ཏུ་མཐོང་དཀའ་བས་ཐེ་ཚོམ་ཅན་སོགས་ཡིན་པས་རྗེས་སུ་མ་ཡིག་གསལ་ཁ་ཅན་རྙེད་ན་ཁ་གསབ་དང་བཟོ་བཅོས་ཡོད་པར་འཚལ། །ལེའུ་ཚན་གཉིས་པ《གཏེར་གྱི་ཁ་བྱང》འདི་མ་དཔེ་བོན་གྱི་དཔེ་དཀོན་ཕྱོགས་བསྒྲིགས་གཞིར་བྱས་ཏེ་ཐེ་ཚོམ་རིགས་ཚང་མ་ཀོར་ཐིག་འདིའི་ནང་དུ{ }མ་དཔེ་ཇི་བཞིན་རང་སོར་བཞག་ཡོད། དེས་ན་ཀློག་པ་ཡོངས་ཀྱིས་དེ་ལུགས་སུ་ཐུགས་གནད་འཛིན་པར་ཞུ།

སྒྲིག་པ་པོས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།