བརྡ་སྤྲོད་གཟི་མིག་དགུ་བ་པར་དུ་བསྐྲུན་པ།

[ཟླ་ཚེས། 2015-04-19 21:58:54][རྩོམ་པ་པོ། རྒྱལ་གཤེན་དཔེ་སྐྲུན་ཁང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

  ཁྲི་གཡུང་དྲུང་ལགས་ཀྱིས་བརྩམས་པའི་གནའ་བོའི་བོན་ལུགས་དང་འབྲེལ་ཏེ་བོད་ཀྱི་བརྡ་སྤྲོད་པའི་བྱུང་བ་དང་དེའི་ཁྱད་ཆོས་༼ བརྡ་སྤྲོད་གཟི་མིག་དགུ་བ་ ༽ཞེས་པ་ཉེ་ཆར་རྒྱལ་གཤེན་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པ།
1.jpg
དེབ་ཀྱི་མདུན་རྒྱབ་ཀྱི་ཤོག་ངོས།
2.jpg3.jpg
དཀར་ཆག

   མཁྱེན་ལྡན་རྒྱ་ཆེའི་ཀློག་པ་པོ་ཡོངས་ལ་ཞུ་རྒྱུར། འདི་ག་རྒྱལ་གཤེན་ཞང་བོད་རིག་གཞུང་སློབ་གཉེར་ཁང་གི་ཡན་ལག་(རྒྱལ་གཤེན་དཔེ་སྐྲུན་ཁང་)གིས་ལོ་ཤས་གོང་ནས་བཟུང་ཞང་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་། སྒོམ་སྒྲུབ་ཉམས་ལེན། ལེགས་བཤད་ལམ་རིམ་བཅས་ཀྱི་སྡེ་ཚན་གནད་འདུས་ཅན་གང་མཚམས་ཞིག་བོད་ཡིག་ནས་ནུབ་གླིང་གི་སྐད་ཡིག་ཁག་ཏུ་བསྒྱུར་བ་སོགས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ཕྱོགས་མཐའ་ཀུན་ཏུ་དར་བའི་མཐུན་རྐྱེན་ཞབས་འདེགས་དང་། སྒོས་སུ་ཞང་བོད་གནའ་རབས་ཀྱི་ལོ་རྒྱུས་ཞིབ་འཇུག་པ་དང་བོན་སྤྱོད་ཉམས་ལེན་པ་རྣམས་ལ་ཕན་བདེའི་སྲི་ཞུར་དམིགས་ཏེ་བྱ་བ་མང་པོ་ཞིག་ལུས་སེམས་གཉིས་གཅིག་ཏུ་སྒྲིལ་བའི་སྒོ་ནས་ནུས་པ་ཡོད་ཚད་ཀྱིས་བསྒྲུབས་དང་སྒྲུབ་ཞུ་བཞིན་པའི་ཁུལ་དུ་མཆིས། དེ་ཙམ་མ་ཡིན་པར་ཚོགས་པ་འདིའི་དམིགས་ཡུལ་གཙོ་བོའི་གྲས་སུ་ཡོད་པ་གཞན་ཞིག་ནི་ད་ལྟའི་རྩོམ་པ་པོ་དང་མཁས་པ་རྣམས་ཀྱི་རྩོམ་འབྲིའི་ཁོར་ཡུག་གི་གཞི་རྒྱ་ཆེ་རུ་གཏོང་བར་ཕྱོགས་གང་ཅིའི་ཐད་ནས་མཐུན་རྐྱེན་གང་འཚམས་རེ་རིམ་གྱིས་བསྐྲུན་ཐུབ་ན་སྙམ་པའི་སེམས་བསྐྱེད་ཀྱིས་གཞི་བཟུང་སྟེ་སྔ་ལོར་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེས་བརྩམས་གནང་བའི་དཔྱད་རྩོམ་ཕྱོགས་བསྒྲིགས་དཔར་བསྐྲུན་ཞུས་ཏེ་བོད་ཕྱི་ནང་གང་སར་འགྲེམས་སྤེལ་གྲུབ་ཟིན། འདི་ལོར་གཡུང་དྲུང་བོན་གྱི་གདན་ས་སྨན་རིའི་གླིང་གི་རྩོམ་པ་པོ་ཐུན་མོང་དང་ཐུན་མིན་གྱི་ཤེས་བྱ་ཀུན་ལ་མཁས་པའི་རྣམ་དཔྱོད་རབ་ཏུ་ཡངས་པའི་དགེ་སློང་ཁྲི་གཡུང་དྲུང་ལགས་ཀྱིས་བརྩམས་གནང་བའི་གནའ་བོའི་བོན་ལུགས་དང་འབྲེལ་ཏེ་བོད་ཀྱི་བརྡ་སྤྲོད་པའི་བྱུང་བ་དང་དེའི་ཁྱད་ཆོས་ལ་དཔྱད་པའི་རྩོམ་དེབ་(བརྡ་སྤྲོད་གཟི་མིག་དགུ་པ།)ཞེས་པར་རྒྱལ་སྤྱིའི་བོད་རིག་པའི་མཁས་དབང་སྟོང་གི་སྤྱི་ཕུད་འགས་གདེངས་འཇོག་ཚད་མཐོ་གནང་ཡོད་ཅིང་། དགོན་སྡེ་དང་སློབ་གྲྭ་ཁག་ཏུ་བརྡ་སྤྲོད་པའི་རིག་གནས་ལ་སློབ་པ་ལམ་ཞུགས་རྣམས་ལ་ཟུར་བལྟའི་དཔེ་ཀློག་དང་། ཞང་བོད་ཀྱི་སྐད་ཡིག་ཞིབ་འཇུག་པ་མང་པོར་ཀློག་རིན་ངེས་ཅན་ལྡན་པའི་དཔེ་དེབ་འདི་ཉིད་དགའ་བ་དང་སྤྲོ་བའི་སྒོ་ནས་ངེད་དཔེ་སྐྲུན་ཁང་གིས་ད་ལམ་དཔར་བསྐྲུན་དངོས་སུ་གྲུབ་ཡོད། མ་འོངས་པར་ཡང་དེ་དེ་བཞིན་བོད་ཕྱི་ནང་གང་སར་བཞུགས་པའི་རང་རེའི་རྩོམ་པ་པོ་རྣམས་ཀྱིས་གཡུང་དྲུང་བོན་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཡོན་འབུར་དུ་བཏོན་པའི་རྩོམ་དེབ་གསར་པའི་རིགས་ལོ་ནས་ལོར་མཐུད་དེ་དཔར་བསྐྲུན་ཞུ་འཆར་ཡོད་པ་བཅས། རྒྱལ་གཤེན་ཞང་བོད་རིག་སློབ་ཁང་ནས་བྱ་འཕུར་ལྷུན་གྲུབ་རྒྱ་མཚོས་ཕུལ། །

 4.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།