རྨེའུ་ཚ་བསྟན་འཛིན་རྣམ་རྒྱལ་གྱི་རྩོམ་དེབ་གཉིས།

[ཟླ་ཚེས། 2014-12-18 10:15:59][རྩོམ་པ་པོ། རིན་སྤུངས་ཚུལ་བསྟན་གྱིས་སྒྲིག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ཆོས་ལུག་ཞིབ་འཇུག་ཚན་ཁག་གི་ཞིབ་འཇུག་པ་ཆེན་མོ་རྨེའུ་ཚ་བསྟན་འཛིན་རྣམ་རྒྱལ་གྱི་རྩོམ་དེབ་གཉིས་ཀྱི་ངོ་སྤྲོད།

 Himalaya-3.jpg

    དེབ་དང་པོ་《བོན་གྱི་གདན་ས་ཆེན་མོ་རུ་ལག་གཡུང་དྲུང་གླིང་》ལ་ཆ་མཚོན་ན། སྔར་གྱི་དགོན་པའི་དཀར་ཆགས་བྲི་བའི་སྲོལ་རྒྱུན་གྱི་ཚུལ་དུ་མ་བཟུང་བར། དགོན་པའི་བླ་མའི་རྣམ་ཐར་དང་སྐུ་གསུང་ཐུགས་རྟེན་གྱི་ངོ་སྤྲོད་ཕུད། དེ་མིན་དགོན་པའི་བསླབ་པ་སློབ་གཉེར། དགེ་བཤེས་གཏོང་རིམ། དགོན་པའི་ལས་སྣེ་ཁག ཡི་དམ་ལྷ་ཚོགས་དང་སྲུང་མའི་སྐོར། དགུན་འཆམ་གྱི་སྐོར། རོལ་མོའི་སྐོར། བཅའ་ཡིག་སྐོར། གཟུངས་བཞུགས་ཀྱི་རྫས་བསགས་ཐབས་སྐོར། མཆོད་རྟེན་རྣམ་གྲངས་དང་ཐིག་རྩའི་སྐོར། གྱེར་དང་སྐད་ཀྱི་སྐོར་སོགས་བོན་གྱི་གྲྭ་སའི་རིག་གནས་དང་སྒྲིག་གཞི་རྣམས་ལ་དབྱེ་ཞིབ་རྒྱས་པར་བྱས་ཡོད། །
 

Himalaya-2.jpg

   དེབ་གཉིས་པ་《བོན་གྱི་གདུང་རྒྱུད་ཆེན་མོ་དྲུག་གི་བྱུང་བ་བརྗོད་པ》ལ་ཆ་མཚོན་ན། བོན་གྱི་གདུང་རྒྱུད་གཤེན་དང་བྲུ་ཞུ་སྤ་རྨེའུ་ཁྱུང་བཅས་ལ་གདུང་རྒྱུད་ཆེན་པོ་དྲུག་གྲགས་ཤིང་། གཤེན་གྱི་གདུང་རྒྱུད་ནི་སྟོན་པ་གཤེན་རབ་གི་མི་རྒྱུད་ཡིན་པ་དང་། དེ་མིན་བྲུ་ཞུ་སྤ་རྨེའུ་བཞི་ནི་བོན་གྱི་བསྟན་པ་ཕྱི་དར་གྱི་དུས་འགོར་དམུ་རིགས་གཏེར་སྟོན་གཤེན་ཆེན་ཀླུ་དགས་འབྲིག་མཚམས་ནས་ཟབ་གཏེར་བཞེས་ཏེ་བོན་བསྟན་མེ་རོ་སླར་ཡང་སྤེལ་སྐབས། བྲུ་ཆེན་ནམ་མཁའ་གཡུང་དྲུང་ལ་ལུང་མཚན་ཉིད་སྲིད་པའི་མཛོད་ཕུག་དང་དབལ་ཕུར་སོགས་སྔགས་ཀྱི་རྒྱུད་སྡེ་དང་། དབང་ལྡན་ཞུ་གཡས་ལེགས་པོར་བྱང་སེམས་གབ་དགུའི་སྐོར་སོགས་སེམས་ཕྱོགས་ཀྱི་སྡེ། སྤ་སྟོན་དཔལ་མཆོག་འོད་གསལ་ཁྲོ་བོ་དབང་ཆེན་སྤྱི་སྤུངས་སོགས་ནང་གསང་སྔགས་ཀྱི་སྡེ། རྨེའུ་སྟོན་མཁས་གྲུབ་ལྷ་རི་གཉན་པོ་ལ་མདོ་འདུལ་བ་དང་། རིག་གནས་ཀྱི་སྡེ་སོགས་བུམ་པ་གང་བྱོའི་ཚུལ་དུ་མནོས་ནས་བཀའ་བབས་མཆོག་གྱུར་གྱི་དངོས་སློབ་བཞི་ཞེས་བསྟནཔའི་ཀ་ཆེན་སྲོག་ཤིང་གི་ཚུལ་འཛིན་པ། དེ་ནས་དམ་པ་ཁྱུང་གི་རྒྱུད་ནི་ 《བོད་ཀྱི་བོན་དགོན་ཁག་གི་ལོ་རྒྱུས་དང་ད་ལྟའི་གནས་བབ》(ཤ ༣༣)ལས། “གདུང་རབས་ཆེ་དྲུག་གི་ནང་ནས་དམ་པ་ཁྱུང་གི་གདུང་རབས་ནི་ལོ་རྒྱུས་ཐོག་མཛད་པ་ཧ་ཅང་ཆེ་བ་ཞིག་ཡིན” ཞེས་སྟོད་ཀྱི་བྲུ་ཞུ་སྤ་རྨེའུ་བཞི་དང་བླ་ན་མཐོ་བའི་དམུ་རིགས་གཤེན། དེ་བཞིན་བར་གྱི་ཁྱུང་པོ་དཀར་ནག་གསེར་གསུམ་བཅས་བོན་གྱི་གདུང་རྒྱུད་ཆེ་དྲུག་དེ་དག་གིས་བོན་ཕྱི་དར་གྱི་བསྟན་པའི་འཛིན་སྐྱོངས་སྤེལ་གསུམ་ལ་ཁྱད་དུ་འཕགས་པའི་ནུས་པ་ཆེན་པོ་སྟོན་ཡོད། དེ་ལྟར་ད་ཐེངས་བྲིས་པའི་དེབ་ཆུང་འདིར་བོན་གྱི་གདུང་རྒྱུད་ཆེན་པོ་དྲུག་གི་ཐོག་མའི་བྱུང་ཚུལ་དང་། དེ་ནས་གདུང་རྒྱུད་དྲུག་ལས་བྱུང་བའི་གྲགས་ཅན་གྱི་བླ་མ་འགའ་ཞིག་དང་དེ་དག་གིས་ཕྱག་བཏབ་པའི་གདན་ས་ཁག་གི་སྐོར་ལ་ཞིབ་གླེང་བྱས་ཡོད།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།