ནགས་ཚལ་དབེན་པའི་རྒྱང་གླུ་རྒྱལ་གཤེན་དཔའ་བོའི་བཞད་སྒྲ།

[ཟླ་ཚེས། 2020-09-22 13:38:14][རྩོམ་པ་པོ། ལི་ཐང་བ་དགེ་བཤེས་བློ་གྲོས་འོད་གསལ་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཟབ་གསང་རྫོགས་པ་ཆེན་པོའི་མན་ངག་གི་གཏེར་མཛོད།།
མཁའ་ཁྱབ་འགྲོ་ལ་འགྱེད་མཛད་བརྩེ་ཆེན་ཀྱི་བདག་ཉིད།།
མཁྱེན་རབ་རལ་གྲི་ཕྱར་བའི་ཡོངས་འཛིན་གྱི་བླ་མས།།
སྐལ་བཟང་ལས་ལྡན་བུ་ལ་དགོངས་རྟོགས་དེ་འཕོས་ཤིག །

འདུ་འཛིའི་གྲོང་ལས་བརྒལ་བའི་ལྷིང་འཇགས་ཀྱི་སྐྱེད་ཚལ།།
བག་ཡོད་དྲང་སྲོང་དགྱེས་པའི་ནགས་ཀླུང་གི་ཁྲོད་ན།།
རང་རྒྱུད་བོན་དང་འདྲེས་ཏེ་དགེ་སྦྱོར་གྱི་ངང་ནས།།
ངོ་མཚར་གཤིས་ལ་བལྟ་བའི་བྱིན་ཆེན་དེ་སྩོལ་ཅིག།།

བོན་བརྒྱད་སྒྱུ་མའི་སྒེག་མོ་རྒྱང་རིང་དུ་བསྲིངས་ཏེ།།
ཡང་དབེན་རྒྱལ་གཤེན་དཔའ་བོའི་སྒྲུབ་གནས་ཀྱི་ཞིང་དུ།།
བོན་ཉིད་ཀུན་ཏུ་བཟང་མོ་གཏན་གྲོགས་སུ་བསུས་ནས།།
བདེ་སྟོང་ལྷན་ཅིག་སྐྱེས་པའི་དགའ་སྟོན་དེ་སྩོལ་ཅིག།།

ཤར་ཕྱོགས་དྲི་ཟའི་རི་བོ་མཐོང་ཡངས་སུ་ཕྱེ་ཞིང་། །
ལྷོ་ཕྱོགས་ནགས་ཀླུང་སྟུག་པོ་ནོར་བུ་དག་སྤུངས་འདྲ།།
ནུབ་ཕྱོགས་གཡུ་མདངས་འབར་བའི་ཚང་ཚིང་གིས་མཛེས་ཤིང།།
བྱང་ཕྱོགས་ཡོལ་བ་འཐེན་འདྲའི་མཚན་ལྡན་གྱི་གནས་མཆོག།།

མཁན་སློབ་ཉི་ཟླ་ཟུང་གི་གཟི་འོད་དེ་འཕྲོ་བཞིན།།
ཞབས་སེན་དབང་གི་རྒྱལ་པོ་གནས་འདི་རུ་བཀོད་ནས། །
ངོ་མཚར་རྟེན་འབྲེལ་སྟོང་གི་བྱིན་རླབས་ཀྱི་ན་བུན།།
བསྐལ་པ་མ་སྟོང་བར་དུ་ཡལ་མེད་དུ་གནས་ཡོད།།

དྲི་ཞིམ་ནགས་ཀླུང་སྟུག་པོའི་རི་སུལ་གྱི་དབུས་ན།།
དྲོད་འཇམ་ལུས་ལ་འཚམ་པའི་དྲི་བཞོན་དང་འགྲོགས་ཏེ།།
ཡིད་འོང་ལྗོན་ཤིང་ལྷ་མོའི་རོལ་རྩེད་ལ་བརྟེན་ནས།།
ནགས་ཚལ་དབེན་པར་སྤྲོ་བའི་རྒྱང་གླུ་ཞིག་ལེན་ནོ།།

འབྲལ་མེད་འཕགས་པའི་ནོར་བདུན་སྙིང་དབུས་སུ་ཉར་ན།།
བླ་མེད་བྱང་ཆུབ་ལམ་བཟང་གཏན་གྲོགས་སུ་བསུ་ཆོག།།
འཇིག་རྟེན་བོན་བརྒྱད་འཛིན་པ་རང་གྲོལ་དུ་སོང་ན།།
གཤེན་གྱི་དགེ་སྦྱོར་ཞེས་པའི་མིང་དོན་དེ་ཚང་སྐད།།

དྲ་རྒྱའི་བརྡ་རྟགས་མེད་པའི་དབེན་གནས་ཀྱི་ཁྲོད་ན།།
ཕྱོགས་རིས་གདོན་གྱིས་བརླམས་པའི་དྲ་འབུ་དེ་མི་འདུག།།
བསླུ་བྲིད་མགོ་སྐོར་གཏོང་བའི་དྲ་འདྲེ་ཡང་མི་འདུག །
བྱིང་རྒོད་གཅུན་ཡང་མི་དགོས་གཞི་ཐོག་ཏུ་གནས་སྐད།།

སྔོ་ལྗང་གཡུ་ལོ་རྒྱས་པའི་འཁྲིལ་ཤིང་གི་རྩེ་ལ།།
དཀར་དམར་མེ་ཏོག་བཞད་པའི་འདབ་ལོ་ཡི་ཐོག་ཏུ།།
འགྱུར་ཁུག་དབྱངས་བདུན་རྫོགས་པའི་ཁུ་བྱུག་གི་མགྲིན་པས།།
མ་བསྐུལ་སྒྲ་འཛིན་ལྷ་མོ་དབང་མེད་དུ་བཀུག་སོང་།།

ཆུ་སྐྱེས་ཟོལ་གྱིས་འཛུམ་པའི་ཟེའུ་འབྲུ་ཡི་དཀྱིལ་དུ།།
རབ་མངར་སྦྲང་རྩིས་བཟི་བའི་རྐང་དྲུག་གི་ཚོགས་ཀྱིས།།
དགའ་བདེའི་གཤོག་ཟུང་གཡོ་བའི་རྣམ་འགྱུར་གྱི་མཛེས་སྡུག།།
སྒྲུབ་གཤེན་སྐྱོ་བ་སངས་པའི་དཔྱིད་དཔལ་དུ་མཛེས་སོང་།།

མ་བཀོད་ནགས་ཀླུང་མཛེས་ལྗོངས་སྤང་མཐོ་ཡི་རྩེ་ན།།
མ་རྙོག་ཡན་ལག་བརྒྱད་ལྡན་རང་བྱུང་གི་འབབ་ཆུ།།
མ་བཤམས་ལྷུན་གྱིས་གྲུབ་པའི་དྭངས་བསིལ་གྱི་མཆོད་པ།།
མ་བསྒྲུབས་ལས་ཀྱིས་སྤྲུལ་པའི་བདུད་རྩི་དང་འདྲ་སོང་།།

འདུ་འཛིའི་གྲོང་ལས་བརྒལ་བའི་དབེན་གནས་ཀྱི་རི་ཁྲོད།།
གཏན་བདེའི་ཐར་པ་འདོད་པའི་གཞིས་ཁྱིམ་རང་ཡིན་སྐད།།
སེམས་ལ་བྱམས་བརྩེས་ཕྱུག་པའི་དབེན་གནས་ཀྱི་བུ་ལ།།
གདོང་ལ་འཛུམ་མདངས་རྒྱས་པའི་སྤྲོ་ཉམས་ཀྱིས་ཁེངས་ཡོད།།

ནེའུ་གསིང་དབང་གཞུ་བཀྲ་བའི་ལྡིང་ཁང་གི་ནང་དུ།།
འབོལ་གདན་གྲུ་བཞིའི་སྟེང་དུ་སོས་དལ་གྱི་ངང་ནས།།
དཀར་དམར་མེ་ཏོག་བཞད་པའི་དྲི་ངད་ལ་བརྟེན་ནས།།
ཉིན་མོར་མི་རྟོག་དགོངས་པའི་རྣལ་འབྱོར་དེ་སྤྲོ་འོ།།

སྟོན་མཚན་ཟླ་བའི་འཛུམ་དཀར་ལྷག་ལྷག་ཏུ་བཞད་ཅིང་།།
རྒྱུ་སྐར་དོ་ཤལ་རྒོད་པའི་མཚན་མོ་ཡི་དུས་སུ།།
གྲག་འགུལ་ཅི་ཡང་མེད་པའི་ལྷིང་འཇགས་ཀྱི་ཁྲོད་དུ།།
ཡེངས་མེད་རྣལ་འབྱོར་བརྩོན་པའི་གྲྭ་རྐྱང་དེ་སྐྱིད་པ།།

ཉམས་མྱོང་སྒོམ་པ་ཤར་བའི་ལས་ལྡན་གྱི་བུ་ཡིས།།
གཤིས་ཀྱི་བདེ་བར་རོལ་བའི་འཛུམ་མདངས་དེ་རྒྱས་ཤིང་།།
འཁོར་འདས་རོ་གཅིག་རྟོགས་པའི་གཅེར་གྲོལ་གྱི་ལྟ་བ།།
མ་བཅོས་གཉུག་མའི་ཀློང་ནས་ལྷག་ལྷག་ཏུ་ཤར་སོང་།།

འཁྲུལ་རྟོག་ཆར་སྤྲིན་ནག་པོ་མཁའ་མཐའ་རུ་དེངས་ནས།།
རྟོག་མེད་སྐར་མ་འོད་ཆེན་ལམ་ལམ་དུ་འབར་སོང།
རྣམ་རྟོག་བློ་ཡི་གཡང་ལུགས་ཕྱོགས་མཐར་རུ་རལ་ནས།།
གཉུག་དྲན་རིག་པའི་ཟླ་ཞལ་རྗེན་གཅེར་དུ་མཇལ་སོང་།།

དགག་སྒྲུབ་སྤྲོས་པ་བྲལ་བའི་བློ་འདས་ཀྱི་ལྟ་བ།།
བཟུང་འཛིན་གདོད་ནས་དག་པའི་ཡེ་གྲོལ་གྱི་སྒོམ་པ།།
མ་བཅོས་གཤིས་ཀྱི་ངང་དུ་ལྷུག་པ་རུ་ཞོག་དང་།།
རང་བྱུང་ཡེ་ཤེས་ཆེན་པོ་ལྷག་ལྷག་ཏུ་ཤར་ཡོང་།།

མི་ཚེ་ལྷག་མའི་གོམ་སྟབས་དབེན་གནས་ལ་སྤོས་ཏེ།།
གཏན་བདེའི་ཐམས་ཅད་མཁྱེན་ལ་བློ་ཁ་དེ་ཕྱོགས་ནས།།
བཅོས་མིན་ངེས་འབྱུང་དྲག་པོ་རྒྱུད་ཐོག་ཏུ་འཁྲུངས་བའི།།
ན་དགའ་འཆི་བྲོད་ཅན་གྱི་རྣལ་འབྱོར་དེ་སྐྱིད་པ།།

ཉམས་དགའ་བག་ཕེབས་དབེན་པའི་རི་ཁྲོད་ཀྱི་བཀོད་པ།།
རྨད་བྱུང་ཡ་མཚན་སྟོང་གི་མཛེས་སྡུག་གིས་བརྒྱན་ཤིང་།།
སུ་ཞིག་གང་གི་དཔལ་ལ་རྗེས་ཆགས་སུ་མཆིས་ཚེ།།
ལན་གཅིག་རྒྱལ་གཤེན་རྒྱལ་བོའི་དབེན་གནས་སུ་ཕེབས་ཞུ།།

མཛེས་སྡུག་གཞོན་ནུའི་ལང་ཚོ་འཇའ་ཚོན་གྱི་རི་མོ།།
མཚན་དང་སྙན་པའི་གྲགས་པ་སྟོང་གཟུགས་ཀྱི་བྲག་ཆ།།
དགའ་ཞིང་བརྩེ་བའི་གཉེན་གྲོགས་ཚོང་འདུས་ཀྱི་མགྲོན་པོ།།
ཐམས་ཅད་མི་རྟག་བསམ་བཞིན་དབེན་གནས་འདིར་ཕེབས་ཤིག།

འཁོར་དང་མངའ་ཐང་གཟི་བརྗིད་རྨི་ལམ་གྱི་སྣང་བ།།
རྒྱུ་དང་དཔལ་འབྱོར་ལོངས་སྤྱོད་རྩྭ་མགོ་ཡི་ཟིལ་པ།།
བསགས་མཐའ་ཟད་ཅིང་འདུས་མཐའ་བྲལ་བ་ལ་གཞིགས་ནས།།
ནགས་ཚལ་དབེན་པའི་རི་ལ་བློ་བདེའི་ངང་ཕེབས་ཤིག །

གསོན་མཐའ་རོ་ལས་མེད་པའི་མཛེས་སྡུག་གི་ལྷ་མོ།།
བརྩིགས་མཐའ་རྡུལ་ལས་མེད་པའི་དྲི་ཟ་ཡི་གྲོང་ཁྱེར།།
སྐྱིད་མཐའ་སྡུག་གིས་བཟུང་བའི་ཀུན་རྫོབ་ཀྱི་སྣང་བ།།
གཏན་དུ་ཐར་བདེ་འདོད་ན་དབེན་གནས་འདིར་ཕེབས་ཤིག།།

དལ་འབྱོར་བཅོ་བརྒྱད་ཚང་བའི་མཛེས་སྡུག་གི་ཕུང་པོ།།
སྟོན་མཇུག་མེ་ཏོག་འདྲ་སྟེ་མི་རྟག་པའི་རང་བཞིན།།
འདི་ལ་བློ་ལྡན་སུ་ཞིག་ཡིད་བརྟན་ཞིག་མེད་ཕྱིར།།
དལ་འབྱོར་སྙིང་པོ་ལེན་ལ་དབེན་གནས་འདིར་ཕེབས་ཤིག།།

ཀུན་རྫོབ་བཅོས་མའི་བོན་ལ་རེ་ཐག་དེ་ཆད་ནས།།
སྙིང་ནས་ཐར་པ་འདོད་པའི་སྐྱེས་བུ་ཞིག་མཆིས་ན།།
རྒྱལ་བསྟན་ཀུན་གྱི་སྙིང་པོ་བླ་མེད་ཀྱི་ལྟ་བ།།
སྙིང་དབུས་དམ་དུ་བཅངས་ནས་དབེན་ཁྲོད་འདིར་ཕེབས་ཤིག །

   ཅེས་པ་འདི་ནི་མདོ་ཁམས་ལི་ཐང་བ་དགེ་བཤེས་བློ་གྲོས་འོད་གསལ་རྒྱལ་མཚན་ནམ་བརྡ་སྤྲོད་ཀུན་བཤད་ཀྱི་མིང་དུ་བོན་དབྱིངས་རང་གྲོལ་དུ་འབོད་པས་རབ་བྱུང་བཅུ་བདུན་པའི་ས་མོ་ཕག་གི་ལོ་ཁྲུམས་ཟླ་བརྒྱད་པའི་དཀར་ཕྱོགས་རྒྱལ་བ་དང་པོའི་ཚེས་ལ་སྐབས་གསུམ་ལྷ་ཡི་དགའ་ཚལ་མི་ཡུལ་དུ་འཕོས་པ་འདྲ་བའི་རང་བྱུང་གི་གནས་མཆོག་རྒྱལ་གཤེན་དཔའ་བོའི་སྒྲུབ་གནས་སུ་རྩ་རླུང་ཞགས་བརྒྱའི་ཐུན་མཚམས་ཏེ་ཕྱི་ལོ༢༠༡༩།༡༠།༥། ཉིན་སྦྱར་བས་རྣལ་འབྱོར་བཙན་ས་ཟིན་པའི་རྒྱུར་གྱུར་ཅིག་གུ། །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།