བྱང་ཚེ་འབར་གྱི་སྙན་རྩོམ་གཉིས།

[ཟླ་ཚེས། 2017-12-23 11:09:55][རྩོམ་པ་པོ། བྱང་ཚེ་འབར།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1513999704567546.jpg        

  འགྲུལ་བཞུད་ཐེངས་གཅིག


མ་བཅོས་མ་ལྷད་ལྷག་བསམ་གཙང་མ་ནག་ནོག་དྲི་བྲལ་སྟོན་ཟླར་འགྲན།།

བྱམས་དང་བརྩེ་བ་ཉེ་རིང་མེད་པ་གང་སར་འཇོ་བའི་གྲུ་ཆར་བཞིན།།

སློབ་དཔོན་དམ་པས་གཟིགས་སྐྱོང་འོག་ནས་མདོ་སྨད་བྱང་ཁའི་འཁྱམས་པོ་ངའི།།

སེམས་ཀྱི་དགའ་ཕྱོགས་མངོན་གྱུར་བྱུང་ཞིང་སྤྱི་ཚོགས་འགྲོ་ལུགས་ཨེན་ཙམ་རྟོགས།།


འགྲུལ་བཞུད་ཐེངས་གཅིག་བྱས་པའི་རང་རྣམ་སྒྲོ་སྐུར་གང་ཡང་མ་བགྱིས་ཏེ།།

ཚིག་སྡེབ་ལེགས་ཤིང་གོ་སླའི་སྒོ་ནས་ཀུན་ཀྱི་སྤྱན་སྔར་འབུལ་འདོད་ཀྱང་།།

སྐྱེས་སྦྱང་ཡོན་ཏན་ཡེ་ནས་བྲལ་བས་རྡོ་ཆག་བཙན་སྒྲིག་བྱེད་དགོས་བྱུང་།།

སྔ་རབས་མཁས་པའི་ཐུགས་དང་འགལ་ནའང་བཟོད་གསོལ་ཞུ་བཞིན་བྲི་བར་བྱ།།


ལྗོན་ཤིང་བྱེ་བའི་མགོ་ལྕོག་ལྡེམ་ས་གཞི་རིང་བྱམས་བརྩེ་སློབ་གླིང་ནས།།

ཡུན་རིང་འདྲིས་པའི་གྲོགས་དང་ལྷན་དུ་ལྔ་ཟུང་རིག་པར་བརྩོན་པའི་དུས།།

དགེ་རྒན་དམ་པའི་ཞལ་མདངས་དམུལ་དམུལ་ཁོ་བོའི་ཕྱོགས་སུ་ག་ལེར་ཕེབས།།

སྙན་མོ་ངག་ནས་འཇམ་པོ་ཚིག་གིས་ཁྱོད་རང་ལམ་དུ་ཆས་དགོས་གསུངས།།


ཅུང་ཙམ་སེམས་ལ་ཞེད་སྣང་སྐྱེ་བཞིན་ཉེར་མཁོའི་དེབ་སོགས་བསྡུས་པའི་སྐབས།།

སློབ་གྲོགས་རྣམ་པའི་ཁ་མཚར་དགོད་སྒྲས་སེམས་གསོ་བྱེད་བཞིན་སྐྱེལ་མ་མཛད།།

ཡུལ་མཆོག་གནས་བཞིར་གསོལ་བ་འདེབས་ཀྱིན་རི་ཐང་ཕུག་ལམ་ཐོལ་གྱིས་བརྒལ།།

རི་མཐོ་ས་གཙང་སྐྱེད་མོ་ཚལ་སོགས་ལྟ་ན་སྡུག་པས་བདག་ཡིད་བཀུག།


ཉི་འོད་དབེན་པའི་ས་སྲོད་ཅིག་ལ་སྙན་གྲགས་རྒྱང་ནས་ཐོས་པའི་གནས།།

བཟོ་རིགས་སྣ་མང་ལྷན་གཅིག་འཛོམས་ས་ཀུན་ཀྱིས་སྨོན་པའི་དག་ཞིང་སྟེ།།

རྩ་གསུམ་ལྷ་ཡི་དགའ་ཚལ་ལ་འགྲན་སྤོས་ལྡན་གྲོང་ལ་དངོས་སུ་ཐོན།།

མིག་ཟུང་ཀེམ་ཀེམ་གང་སར་བལྟས་ཀྱང་གང་དེའི་དཔལ་ཡོན་ལྟས་མི་ངོམས།།


དུས་ཀྱི་བདག་པོ་མཁའ་ནས་འཛུམ་ཞིང་བསིལ་འཇམ་རླུང་བུ་གང་སར་རྒྱུ།།

དྲོ་གྲང་སྙོམ་པའི་ཞོགས་པ་ཞིག་ལ་ཡིད་འོང་གནམ་གྲུའི་ཐང་ཆེན་ནས།།

ཆུ་འཛིན་ཕོན་པོའི་བང་རིམ་བརྒལ་ནས་སྔོ་བསངས་ནམ་མཁའི་དབྱིངས་སུ་འཕུར།།

མི་ལོ་ཉི་ཤུའི་རེ་བའི་རྨི་ལམ་དེ་རིང་མངོན་སུམ་རྨིས་པས་སྤྲོ།།


སྒེའུ་ཁུང་གསང་ནས་རྒྱང་ལ་བལྟས་ཚེ་རི་བོ་མཐོན་པོས་མཁར་གོས་མནབས།།

ལན་རེ་གནས་གྲུ་ཡོམ་ཡོམ་འགུལ་དུས་སེམས་ཀྱི་ཁང་བར་དམངས་སྐྲག་སྐྱེས།།

མཁའ་ལམ་བརྒྱུད་པ་ཐེངས་གཅིག་ཡིན་པས་དེ་འདྲ་ལོབ་ཀྱིན་མེད་པར་སྣང་།།

འདི་ལྟར་དགའ་སྤྲོ་ཚད་མེད་ཀློང་ནས་དཔྱིད་ལྡན་གྲོང་གི་ཉེ་སར་འབྱོར།།


འཛམ་བུ་གླིང་གི་མཛེས་ལྡན་མེ་ཏོག་ཕྱོགས་གཅིག་དྲིལ་བའི་སྐྱེད་ཚལ་དང་།།

ཉི་མའི་འོད་ཀྱིས་གནམ་སྔོན་བཞུས་འདྲའི་དྭངས་གཙང་མཚོ་མའི་གཟི་བྱིན་ནི།།

ཡུལ་སྐོར་མིག་གི་དགའ་སྟོན་ཡིན་ཞིང་མཚོ་དེའི་ལྷོ་ཁར་འཁྲས་བཅས་པའི།།

དཔྱིད་ལྡན་གྲོང་ཞེས་དཔྱིད་མི་འགྱུར་བའི་གནས་དེའི་དཔལ་ཡོན་ཨེ་མ་རྨད།།


བརྟན་བརླིང་ཁང་བརྩེགས་མཐོ་ཞིང་བརྗིད་པས་ངོ་མཚར་ལྟད་མོ་མིག་གི་དཔྱིད།།

རབ་ཡངས་གཞུང་ལམ་པ་ཏྲའི་དཔལ་བཞིན་ཤར་ལྷོ་ནུབ་བྱང་ཀུན་ཏུ་སྦྲེལ།།

ལམ་འགྲམ་ཀུན་ཏུ་འདབ་བརྒྱའི་མེ་ཏོག་ཚར་དུ་དངར་ཞིང་དྲི་བསུང་ཞིམ།།

ཡུལ་འདིའི་མཁའ་དབུགས་དྭངས་ཤིང་གཙང་བས་ཡིད་ཀྱི་བརྟན་པ་ཅིག་ཅར་འཕྲོགས།།


མཚན་ལྗོངས་གློག་འོད་སྣ་ཚོགས་འཕྲོས་པས་རྒྱུ་སྐར་འོད་ཀྱང་ཕམ་པར་བྱེད།།

འགྲོ་བའི་ངང་ཚུལ་ལྷོད་ཀྱིས་རྒྱུ་བས་ལུས་ཀྱི་ཚ་གདུང་མ་ལུས་སེལ།།

སྲིད་འབྱོར་རིག་གསུམ་ཉི་ཟླའི་འོད་བཞིན་གོ་ལའི་ཁྱོན་ན་མཚུངས་ཟླ་བྲལ།།

སྲིད་ཞིའི་མཛེས་སྡུག་བསམ་བཞིན་བསྡུས་འདྲའི་ཡུལ་འདི་དཔྱིད་ལྡན་གྲོང་ཁྱེར་རོ།།


རྫོགས་ལྡན་གསར་བའི་དུས་ཀྱི་ཕོ་ཉ་འདི་ནས་གྲགས་ཤིང་འདི་ན་སྙན།།

ས་ཡ་དྲུག་གི་རེ་བའི་མེ་ཏོག་འདི་ནས་འབུས་ཤིང་འདི་ན་བཞད།།

བལྟས་ཀྱིན་བལྟས་ཀྱིན་གང་དེའི་དཔལ་ལ་སྨོན་པ་འཆོར་ཞིང་ཧམ་པ་ལངས།།

བསམ་བཞིན་བསམ་བཞིན་བདེ་ལྡན་ལས་ཀྱང་ལྗོངས་འདིའི་བཟོ་བཀོད་སྨྲ་བརྗོད་བྲལ།།


ཤེས་འཇོན་ནུས་གསུམ་གང་ཡང་མེད་པའི་རས་རྐྱང་ནང་གི་མི་རྐྱང་ངས།།

རྒྱལ་ཁམས་འགྲིམས་པའི་མཐོང་ཐོས་འབའ་ཞིག་རབ་བཏགས་ཚིག་གིས་མ་ལྷད་ཅིང་།།

ཇི་བཞིན་གསོང་པོར་བྲིས་པ་འདི་ལ་སྙིང་པོ་ཏིལ་ཙམ་དབེན་ན་ཡང་།།

ཕལ་བ་ལས་ཀྱང་ཕལ་བ་ཞིག་གི་མི་ཚེའི་གཏམ་བརྒྱུད་ངོ་མ་ལགས།།


                                                    2017.6.2.

  ངས་མ་ཚོར།


དབྱར་གསུམ་ཆར་ཆུས་བརླན་ཡང་སོས་དལ་བྲལ།།

དགུན་གསུམ་གྲང་ངར་ཆེ་ཡང་ལས་ལ་བརྩོན།།

དཀའ་སྡུག་འཚོ་བའི་ཀློང་ནས་ལང་ཚོ་རྫོགས།།

བྱམས་ལྡན་ཨ་མའི་བདེ་སྡུག་ངས་མ་ཚོར།།


ཕར་ལ་གོམ་གང་བགྲོད་ན་མིག་གིས་འཚོས།།

དབུ་སྐྲ་དུང་ལྟར་དཀར་ཡང་སེམས་ཀྱིས་འཚོས།།

རྟག་ཏུ་འཛོལ་མེད་མན་ངག་གནང་མཁན་སྟེ།།

བརྩེ་ལྡན་རྨོ་མོའི་སྐུ་དྲིན་ངས་མ་ཚོར།།


ལྷད་མེད་ལྷག་བསམ་སྟོན་མཚན་ཟླ་བ་ཡིས།།

བདག་གི་ལང་ཚོ་ཆུ་སྐྱེས་གཞོན་ནུ་འདིར།།

བྱམས་དང་བརྩེ་བས་འོད་སྣང་སྦྱིན་མཁན་སྟེ།།

མིང་སྲིང་ཟུང་གི་བཀའ་དྲིན་ངས་མ་ཚོར།།


རབ་འབྱམས་རིག་པའི་གཞུང་ལུགས་ཆེ་ཆུང་དང་།།

འཇིག་རྟེན་འཁོར་བའི་ལེཊ་ཉེས་བླང་དོར་སོགས།།

རྨོངས་མུན་མ་ལུས་འཇོམས་བྱེད་མཁའ་ནོར་སྟེ།།

མཚན་ལྡན་སློབ་དཔོན་བཀའ་དྲིན་ངས་མ་ཚོར།།


ལྔ་རིག་ཤེས་བྱའི་སྐྱེད་ཚལ་ཁྱོན་ཡངས་པོར།།

མཉམ་དུ་བསྐྱོད་པའི་ན་གཞོན་རྐང་དྲུག་སྟོང་།།

བློ་དང་རིག་པའི་གཤོག་རྩལ་འགྲན་པའི་དུས།།

ཡིད་གཞུངས་གྲོགས་ཀྱི་མཛའ་བརྩེ་ངས་མ་ཚོར།།


ལ་ལས་རྒྱང་རིང་ས་མཐའ་འགྲིམས་ནས་སོང་།།

ལ་ལས་གཙུག་ལག་མོད་པོར་ཐོས་བསམ་བགྱིས།།

ལོ་ཟླ་ཆབ་བཞིན་རྒྱང་ནས་རྒྱང་ལ་བཞུར།།

རང་ཉིད་རྗེས་ལུས་ཡིན་པ་ངས་མ་ཚོར།།


སྤྲིན་གྱི་མེ་ཏོག་ཟིམ་ཟིམ་འཛིན་མར་འཇོ།།

རི་ལུང་ཀུན་ཏུ་ཡིད་དགའི་དྲི་བསུང་ཁྱབ།།

མཛེས་པའི་དཔལ་ཡོན་སུམ་རྩེན་ལ་འཁུ་བའི།།

གངས་ལྗོངས་ཕྱུག་མོའི་གཟི་བྱིན་ངས་མ་ཚོར།།


སྔོན་བྱོན་དྲན་དབང་སྟོང་གི་མགྲིན་གཅིག་བསྔགས།།

གོ་ལའི་ཁྱོན་ན་སྙན་གྲགས་འབྲུག་ལྟར་ལྡིར།།

ངེས་པ་དོན་གྱི་བསམ་འཕེལ་དབང་རྒྱལ་སྟེ།།

བཅུ་ཕྲག་རིག་པའི་དགེ་མཚན་ངས་མ་ཚོར། །


                                          2017.3.26.

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།