རྩོམ་པ་པོ་རྟོགས་ལྡན་བསྐལ་ཁོའི་སྙན་རྩོམ་ཁག་གཉིས།

[ཟླ་ཚེས། 2014-12-10 17:17:33][རྩོམ་པ་པོ། རྟོགས་ལྡན་བསྐལ་ཁོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

DSC09895.jpg
གངས་དཀར་ལྷུན་པོའི་འཕྲེང་སེམས།
རྟོགས་ལྡན་བསྐལ་ཁོ། ཁུན་མེན།

ཞོགས་པའི་སྐྱི་བསེར་རླུང་བུས་མཚམས་སྤྲིན་སྟུག་པོའི་ཡོལ་བ་ལྷོད་ཀྱིས་བསལ།།
ཁ་བའི་རྔུལ་མང་སྤུངས་པའི་ལྷུན་པོ་ལྷིང་འཇགས་རྨི་ལམ་ཀློང་ནས་སད།།
སྦྲང་ཆར་བསིལ་མས་ཞལ་ཁྲུས་མཛད་ཅིང་ཉི་ཟེར་ཞགས་པ་ཐོད་ལ་དཀྲིས།།
རླུང་སྐྱོད་གོ་ལའི་སྤོ་ནས་གླིང་བདུན་མཛེས་མ་འཛུམ་པའི་བཞིན་ལ་བལྟས།།

ཅི་ལྟ་འཇིག་རྟེན་འདི་ལ་གླིང་དང་གླིང་ཕྲན་མི་འདྲ་གྲངས་མེད་ཅིག།
དེ་ལྟར་སྐྱིད་སྡུག་འདྲེས་མའི་འཚོ་བའི་རོ་ལའང་མྱོང་སྟངས་གྲངས་མེད་ཅིག།
ཡིད་སྤྲོས་དང་ནི་ཚོར་འདུ་དྲག་པོས་དེ་རྣམས་གསོང་བོར་བརྗོད་པ་ཡིས།།
ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་རྣམས་གངས་དཀར་ལྷུན་པོ་འཕྲེང་བའི་གནས།།

གནས་ལྔ་རིག་པའི་གཞུང་བརྒྱ་པད་མཚོ་ལྷམ་མེར་ལྟེམ་པའི་ནང་དག་ན།།
ཐོས་བསམ་སྒོམ་པའི་སྤུ་སྡུག་བཀྲ་བ་དམར་སེར་ངང་བའི་ཁྱུ་ཚོགས་ཀྱིས།།
རྣམ་དག་ཆོས་ཀྱི་རྩེད་འཇོ་ངོམས་མེད་ཅི་དགར་རོལ་བའི་གདན་ས་སྟེ།།
མཁས་གྲུབ་བྱེ་བའི་བསྟི་གནས་ཤིག་ལ་གངས་དཀར་ལྷུན་པོའི་སེམས་པ་འཕྲེང་།།

སྙིགས་མའི་རང་མཚང་གློག་ཞགས་སྐྱེན་པོ་དུས་མཐའ་ནགས་མའི་ཀློང་ལ་མཆེད།།
སྤྱི་ཚོགས་འགྱུར་བག་སོས་སྤྲིན་རྒྱུ་བའི་དཔལ་ལ་འཁུ་ཞིང་བརྟན་འཇགས་བྲལ།།
དེ་ལྟ་ན་ཡང་ཡོད་ཚད་བློས་བཏང་དབེན་གསུམ་འཛོམས་པའི་རི་སིལ་ན།།
རིག་པའི་རང་ངོ་སྐྱོང་དེར་གངས་དཀར་ལྷུན་པོའི་སེམས་པ་ཡོངས་སུ་འཕྲེང་།།

སྐྱེ་བཞི་རྒྱུད་ལྔའི་གཡང་གཟར་འདི་ལ་འཚེ་མེད་ཞི་བདེའི་ཚང་མལ་དཀོན།།
བཅོས་མིན་ངེས་འབྱུང་གཤོག་རྩལ་རྒྱས་ཤིང་ཐར་བའི་དབྱིངས་སུ་ནམ་འཕང་བསྟད།།
གསང་གསུམ་སྒྱུ་མའི་རྟོགས་བརྗོད་རྒྱ་མཚོའི་རླབས་རིས་མཁའ་ལ་བྲེས་པ་ཡིས།།
སྔོན་བྱོན་རིག་འཛིན་དཔའ་བོའི་ཚོགས་ལ་གངས་དཀར་ལྷུན་པོའི་སེམས་པ་འཕྲེང་།།

རྣམ་དཔྱོད་གཡུ་རལ་གདེངས་ཀ་བརྗིད་ཅིང་ཐལ་ངག་རིག་པའི་མཆེ་སྡེར་རྣོ།།
ལུང་རིགས་གད་རྒྱངས་བསྒྲགས་པས་ལོག་རྟོག་གླང་པོའི་ཁྱུ་ཡི་ཁེངས་པ་བཅོམ།།
ལི་ཁྲིའི་མདངས་འཛིན་ཁྲིམས་ལྡན་བྱེ་བས་དགག་སྒྲུབ་རིག་རྩལ་འདྲེན་པའི་དབུས།།
རབ་འབྱམས་སྨྲ་བའི་མཚན་བཏགས་བཞེས་ལ་གངས་དཀར་ལྷུན་པོའི་སེམས་པ་འཕྲེང་།།

སྲིད་པའི་ཕུན་ཚོགས་སྲིན་མོའི་འཛུམ་བག་ཁོ་ན་འཚོལ་བའི་བསླུ་བྲིད་མེད།།
ཉམས་ཆུང་གཉའ་ནས་གནོན་བྱེད་དབང་ཤུགས་ཁོ་ན་དྲག་པོའི་ཆར་སྤྲིན་མེད།།
ཞང་བོད་མེས་པོ་རིམ་པར་བྱོན་པའི་ཐུགས་བསྐྱེད་སྐྱ་རེངས་ཀྱིས་དྲངས་པའི།།
ལྔ་ཟུང་རིག་པའི་མཛའ་མོར་གངས་དཀར་ལྷུན་པོའི་སེམས་པ་ཡོངས་སུ་འཕྲེང་།།

ཚན་ཚན་རིག་ལམ་སྟོང་གི་གསང་བ་ཟུང་ཁྲག་དྲོད་མོའི་དཔལ་ལ་འདྲེས།།
ཐབས་ཤེས་ཟུང་དུ་འཇུག་པས་རྫོགས་ལྡན་གཡང་གི་མཛའ་མོ་དེང་ནས་བཟུང་།།
སང་གནངས་འཚོ་བ་གསར་བའི་ཁྲོད་དུ་གཉེན་གྱི་དྭངས་མར་འདྲེན་པ་ཡི།།
རིག་པའི་དཔའ་བོ་ཞིག་ལ་གངས་དཀར་ལྷུན་པོའི་སེམས་པ་ཡོངས་སུ་འཕྲེང་།།

མི་བདེན་ཚིག་གི་སྤྲིན་པ་འཐུག་པས་སྲིད་པའི་དེ་ཉིད་རང་ཞལ་སྒྲིབ།།
མེས་པོའི་གསང་གསུམ་མཛད་འཕྲིན་བྱུང་བ་གང་གྰའི་བཞུར་རྒྱུན་ཙག་གིས་བསྡམ།།
ཡ་ངའི་འཇིག་རྟེན་འདི་ལ་འཁྱོག་བཤད་གཏམ་གྱི་བུ་ཡུག་འཚུབ་པའི་ཆར།།
དངོས་དོན་བདེན་འཚོལ་སྨྲ་བའི་དབང་པོར་གངས་དཀར་ལྷུན་པོའི་སེམས་པ་འཕྲེང་།།

རྣོ་མྱུར་པིར་གྱི་ཅང་ཤེས་བང་རྩལ་དཀར་འཇམ་ཤོག་གུའི་ཐང་དུ་བསྒྱུར།།
དགའ་སྐྱོ་འདྲེས་མའི་རི་ལུང་སལ་སིལ་ཚིག་གི་གོམ་འགྲོས་སྟོང་གིས་གཞལ།།
དྲན་རིག་སེམས་གྱི་ཟློས་གར་སྣང་ཤེས་གླུ་ཡི་འདེག་འཇོག་དང་སྡེབ་ནས།།
གྱེར་མཁས་སྙན་ངག་སྨྲ་བ་ཞིག་ལ་གངས་དཀར་ལྷུན་པོའི་སེམས་པ་འཕྲེང་།།

མི་ཚོགས་འཁྲིགས་པའི་གླིང་ཕྲན་རེ་ལ་ཚན་རིག་དཔལ་གྱི་གྲུབ་མཐའ་རེ།།
དེ་དག་རེ་རེར་རང་རང་ལུགས་ཀྱི་སྲིད་པའི་གནས་ལ་འཛིན་སྟངས་རེ།།
རིག་ལམ་སྟོང་གིས་སྲང་ལ་གཞལ་མཐར་སྣོད་བཅུད་འཇིག་རྟེན་མཐའ་ཡས་པ།།
ལས་ལས་ཆགས་ཤིང་རྡུལ་ལས་གྲུབ་པར་གཏུགས་ལ་ལྷུན་པོའི་སེམས་པ་འཕྲེང་།།

ཤར་ནུབ་མི་རིགས་དག་གིས་རྣམ་དཔྱོད་གློག་ཞགས་སྐྱེན་པོ་འཁྱུགས་པ་ཡིས།།
ཚད་མས་གཏན་ཚིགས་བཀོད་པ་འབྱུང་འགྱུར་ལོ་ཟླའི་འགྲོས་ཀྱི་ཕ་མཐའ་ན།།
དོན་དམ་བདེ་བའི་དེ་ཉིད་འདོད་ན་གངས་ཅན་ལྗོངས་ཀྱི་གཅེས་ནོར་ལ།།
མ་བསྟེན་ཐབས་མེད་བརྗོད་པའི་ཚུལ་ལ་གངས་དཀར་ལྷུན་པོའི་སེམས་པ་འཕྲེང་།།

བཙན་པོའི་རྨུ་ཐག་འཛིན་མར་འཕྱང་ཞིང་བཅུ་ཕྲག་རིག་པའི་མཆེད་ཁུངས་ཏེ།།
རླུང་སྐྱོད་གོ་ལ་ཟླུམ་པོའི་ཡང་རྩེ་ཁོར་ཡུག་གངས་ཀྱི་ར་བ་ན།།
ཚེ་སྲོག་རྒྱུ་སྤུན་ལས་གྲུབ་མཐིང་སྨུག་སྦྲ་ལ་དང་བོའི་གཞིས་ཁྱིམ་ཞེས།།
ཐུན་མིན་ལོ་རྒྱུས་འོང་སྟོང་འབར་ལ་གངས་དཀར་ལྷུན་པོའི་སེམས་པ་འཕྲེང་།།

རིགས་རྒྱུད་གཙང་མའི་བྱུང་ཁུངས་བཙུན་ཞིང་ལོ་རྒྱུས་ཆུ་བོ་བཞུར་རྒྱུན་རིང་།།
དཀར་ནག་ལས་འབྲས་བསྲུང་ནས་སྣོད་བཅུད་སྤྱི་ལ་ཕན་པའི་དགེ་སེམས་བཟུང་།།
འཚེ་མེད་ཞི་བའི་བསྟི་གནས་དང་ནི་ཆོས་ལྡན་ལྷ་ཡི་ཞིང་ཁམས་ཞེས།།
གྲགས་སྙན་སྲིད་པའི་ཕ་མཐར་ཁྱབ་ལ་གངས་དཀར་ལྷུན་པོའི་སེམས་པ་འཕྲེང་།།

ལྷག་བསམ་ཁ་བའི་རྡུལ་མང་ཟོས་པའི་བརྩེ་ལྡན་གངས་དཀར་ལྷུན་པོ་བདག།
འབྱུང་བཞིའི་དྭངས་མར་རོལ་བས་ས་འཛིན་སྟོང་གི་དབུས་ན་རྣམ་པར་རྒྱལ།།
གོ་ལའི་རྩེ་མོར་འགྱིང་ནས་ཡངས་པའི་འཇིག་རྟེན་མིག་གི་དཔྱིད་དུ་བཀྲམ།།
འཕྲེང་སེམས་རྩེགས་མའི་སྙན་ཚིག་གངས་ཆབ་ལུ་མ་སྨྱུག་རྩེའི་དཔལ་དུ་ཟགས།།

ཚངས་པའི་སྲས་མོར་སྤྲིངས་པའི་སྙིང་གཏམ།
རྟོགས་ལྡན་བསྐལ་ཁོ། ཁུན་མེན།

སྲིད་ཞིའི་མཚར་སྡུག་མཚན་དཔེའི་འདབ་ཕྲེང་མི་འགྱུར་ལྷུན་པོའི་སྐུ་ལ་བརྗིད།།
ཆོས་ཕུང་བརྒྱད་ཁྲི་དྲུག་ཅུའི་དབྱངས་ཀྱིས་སྐལ་ལྡན་འགྲོ་ལ་འདོམས་པའི་གསུང་།།
སྣང་སྲིད་དངོས་ཀུན་ཇི་བཞིན་མཁྱེན་པ་སྨྲ་དབང་རིགས་ལྔའི་ལྷ་ཚོགས་ཀྱིས།།
སྙིང་གཏམ་འཕྲིན་དུ་སྤྲིངས་པའི་ལས་ལ་སྙན་འགྱུར་དབྱངས་ཀྱི་ཤིས་པ་སྩོལ།།

ཀ་དག་གདོད་མའི་གཞི་དབྱིངས་དང་པོ་ཟག་མེད་སྟོང་ཆེན་མཁའ་དབྱིངས་སུ།།
ལྷུན་གྲུབ་རྩལ་ལས་གདོས་བཅས་འཇིག་རྟེན་རྟོག་པའི་དཔལ་དུ་ཅིར་ཡང་གྲུབ།།
དེ་ན་ཚངས་པའི་སྲས་མོར་འཁྲུངས་ཤིང་ཟླ་བའི་སྲིང་མོར་བརྫུས་པ་གང་།།
སྒྲ་འཛིན་སྙན་གྱི་དབང་བོ་ལན་ཅིག་མཆིད་འདི་ཞུ་ལ་ཕྱོགས་པར་འཚལ།།

མི་ཕྱེད་དད་གུས་དྲག་པོ་སྐྱི་བསེར་རླུང་བུའི་ངར་ཤུགས་ཀྱིས་སྤུར་པས།།
སེམས་རིས་གཟུགས་སུ་ཕབ་པ་ལྷོ་བཞུད་ཆུ་འཛིན་དཀར་པོ་དང་འགྲོགས་ནས།།
འོག་མིན་ཞིང་དུ་ཕུལ་ལ་རྒྱལ་ཀུན་ཡུམ་གཅིག་ངག་དབང་དབྱངས་ཅན་ལྷའི།།
དགྱེས་འཛུམ་ཞལ་གྱི་དཀྱིལ་འཁོར་རིང་མིན་ལན་གཅིག་བདག་ལ་བསྟན་དུ་གསོལ།།

རྣམ་དཔྱོད་ཤེས་རབ་མཆོག་གི་འདབ་གཤོག་མ་རྫོགས་མཁའ་ལྡིང་སྲས་པོ་ཞིག།
གནའ་དེང་རིགས་ལམ་སྟོང་གི་མཐོངས་ཡངས་ཅི་དགར་བགྲོད་ལ་ཞེན་ན་ཡང་།།
ལྟར་སྣང་སྒྱུ་མས་བློ་བྲིད་མུན་པའི་ཚང་དུ་རིང་ནས་ལུས་པ་ལ།།
སད་རྟོགས་སྐྱེན་པོའི་གཤོག་རྩལ་རྒྱས་པར་ཟག་མེད་ཐུགས་རྗེའི་བྱིན་གྱིས་རློབས།།

སྔོན་བྱོན་རྒྱལ་འཕགས་གོང་མའི་ཐུགས་གསང་འོ་མའི་མཚོ་ཆེན་བསྲུབས་པ་ལས།།
ཉེར་ཐོན་སྡེ་སྣོད་གཞུང་བརྒྱའི་ཉིང་བཅུད་དགོས་དགུ་འབྱུང་བའི་རིན་ཆེན་ནོར།།
ཇི་བཞིན་དཔྱོད་པའི་བློ་གྲོས་དང་ནི་ཟབ་གསལ་མྱུར་བའི་ཤེས་རབ་མཆོག།
དེང་ནས་སྩོལ་ཅིག་འཇིག་རྟེན་ཀུན་ཡིད་འཕྲོག་མ་ཚངས་པའི་སྲས་མོ་ཀྱེ།།

ལྔ་ཕྲག་སྙིགས་མའི་དུས་རླུང་སྐྱེན་པོས་ཟླུམ་གཟུགས་གོ་ལ་ཡོམ་ཡོམ་གཡོ།།
ཧམ་སེམས་འདོད་རྔམ་ན་ཟུག་དྲག་པོས་ལུས་ཀྱི་ཐོ་ཡོར་ཤུགས་ཀྱིས་དེད།།
རི་ཆུ་སྟོང་ཕྲག་བརྒལ་མཐའི་དེང་རབས་བཟོ་རྩལ་ལས་གྲུབ་གྲོང་ཁྱེར་ཞིག།
རེ་ཞིག་སྣང་ཤེས་གླུ་རུ་ལེན་པའི་སྒྱུ་རྩལ་ཁོར་ཡུག་དཔལ་དུ་འཆའ།།

བདེན་བཞིའི་སྙིང་བོ་བཅུད་དུ་འཁྱིལ་བའི་ལེགས་བཤད་སྟོང་གི་ཆུ་གཏེར་ཆེར།།
ལུང་རིགས་གྲུ་གཟིངས་འཛིན་པའི་དེད་དཔོན་མཆོག་དེ་བདག་གིར་མཛད་ནས་སུ།།
བཤད་དང་སྒྲུབ་པའི་ཛམྦུ་ཆུ་གསེར་དུས་མཐའ་འདི་རུ་འདྲེན་པ་ལ།།
ཚངས་སྲས་དཔལ་མོའི་ངག་རིག་དངོས་གྲུབ་དེང་ནས་སྩོལ་ཅེས་ལན་བརྒྱར་ཞུ།།

ཚུར་མཐོང་བྱིས་པའི་ངོ་ན་ཅིར་ཡང་གྲུབ་པ་འདིར་སྣང་གཞའ་ཚོན་འོད།།
བདེན་ཞེན་འཛིན་པའི་སེམས་ཀྱིས་ཇི་ལྟར་བཙལ་ཀྱང་དོན་དངོས་བདེན་པས་སྟོང་།།
ལྟར་སྣང་སྒྱུ་མའི་ཆོ་འཕྲུལ་དྲང་དོན་རྫུན་པའི་དཔལ་ལས་མ་འདས་པའི།།
སྲིད་པ་འཁོར་བའི་དེ་ཉིད་རྟོགས་ཕྱིར་ཚངས་ཆེན་སྲས་མོ་སྙིང་ལ་སྒོམ།།

རིགས་རྒྱུད་གཙང་མའི་བྱུང་ཁུངས་བཙུན་ཞིང་ལོ་རྒྱུས་ཆུ་བོ་བཞུར་རྒྱུན་རིང་།།
གཉའ་ཁྲིའི་མཚན་ཅན་དོག་མོ་ས་ལ་མི་རྗེ་དང་པོར་འཁོར་ལོས་བསྒྱུར།།
སྲིད་འབྱོར་རིག་གསུམ་འཕེལ་འགྲིབ་བྱུང་སོགས་ཀུན་རྟོག་སྨྱུ་གུས་བྲི་བ་ལ།།
གསལ་དག་གཙང་གསུམ་ལྡན་ཕྱིར་ངག་དབང་ལྷ་མོ་མགྲིན་པའི་ཁབ་ཏུ་རོལ།།

ཁྱོད་ཉིད་གཏན་གྱི་སྐྱབས་སུ་བསྟེན་ནས་འབྱུང་འགྱུར་ལོ་ཟླའི་འཁོར་སྐྱོད་ནང་།།
འགྲོ་དྲུག་སྤྱི་ཡི་ལས་དབང་བཙན་པོར་བསམ་བློ་གཏོང་ཞིང་ཕན་བདེ་སྒྲུབ།།
གླིང་ལྔ་མཚོ་བཞིའི་རྐང་གཉིས་མི་ཚོགས་མགྲོན་དུ་འབོད་ལ་གྲོགས་སུ་སྦྲན།།
གངས་ལྗོངས་གསར་བའི་དགེ་མཚན་ཤིས་པ་སྙན་འགྱུར་དབྱངས་ཀྱིས་གླུ་རུ་ལེན།།

ལྟ་ལོག་གཤེད་མ་སྙིང་དུ་ཞུགས་ལ་ཡང་དག་ལྟ་བའི་སྲོལ་འབྱེད་དང་།།
མུན་ནག་བླ་བྲེ་གྱོན་ལ་གསལ་ཞིང་རིག་པ་དུས་མཐའི་སྒྲོན་མེ་ཆེ།།
མཁྲེགས་འཛིན་ཀླད་པ་ཞོ་ལྟར་དཀྲུགས་ལ་ངག་རིག་དངོས་གྲུབ་ད་སྩོལ་ཅེས།།
ཚངས་པའི་སྲས་མོ་ཁྱོད་ལ་དད་པའི་གུས་ཕྱག་བརྒྱ་སྟོང་ཁྲི་རུ་བརྩེགས།།

དགའ་སྐྱོ་འདྲེས་མའི་འཚོ་བ་དངོས་ཀྱི་འདྲ་མིན་སྣ་ཚོགས་མྱོང་སྣང་འབུམ།།
དྲན་པའི་གཞུ་མོར་བཀུག་སྟེ་རིག་བྱེད་ངག་གི་རྩེད་འཇོའི་ཉག་ཕྲན་མདའ།།
ཆགས་སྡང་གཏམ་གྱི་མཐེབ་ལོང་བར་ནས་དྲག་ཏུ་འཕེན་པའི་བྱ་བཞག་ལ།།
རྡོ་རྗེ་དབྱངས་ཀྱི་དབང་ཕྱུག་མ་ཁྱོད་འདོད་དོན་འགྲུབ་པའི་གཙོ་མོར་ཤོག།།

དེང་ནས་ནམ་མཁའ་སྲིད་དུ་རྒྱལ་ཡུམ་མཆོག་ཁྱོད་ལུས་དང་གྲིབ་མ་བཞིན།།
འགྲོགས་ནས་ལྷན་ཅིག་ལྷག་བསམ་རྔ་ཡབ་དཀར་པོས་རྒྱལ་བསྟན་དམ་དུ་འཛིན།།
ཕན་བདེ་གྲིབ་བསིལ་སྟུག་པོས་རིགས་དྲུག་དུཿཁའི་ཚ་གདུང་བསལ་ནས་སུ།།
རྒྱལ་དང་དེ་སྲས་བགྲོད་པའི་རྣམ་ཐར་རང་ལ་རྒྱན་གྱི་མཆོག་ཏུ་སྩོལ།།

སུམ་རྩེན་ལྷ་ཡི་བཀོད་པ་རྐང་གཉིས་མི་ཡི་ནོར་འཛིན་ཡངས་པའི་གཞིར།།
ཅི་བཞིན་གཟུགས་སུ་ཕབ་པ་དཔྱིད་མི་འགྱུར་བའི་གྲོང་ཁྱེར་ཆེན་པོ་ཞེས།།
མཚར་སྡུག་མེ་ཏོག་ཀུན་ནས་འཛུམ་པས་ཞིམ་དགུའི་དྲི་བསུང་འཐུལ་ས་ནས།།
འཁྱམ་པོས་སེམས་གཞས་ཕྲ་མོ་སོར་མོའི་འདུ་བྱེད་རྩལ་དུ་སྤྲུགས་ཏེ་ཕུལ།།
 

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།