རྔུལ་རྫའི་སྒང་སྟོད་ཀྱི་བུ་མོ་བརྗོད་པ།

[ཟླ་ཚེས། 2014-04-11 01:13:31][རྩོམ་པ་པོ། རོལ་བའི་མཚོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཏི་སེ་གངས་དཀར་གྱི་རྩེ་མོའི་དབྱིངས་སུ། །
གཙུག་ན་ཟླ་བ་དང་འབྲལ་་མེད་འགྲོག་པའི། །
འདོད་ཁམས་བདག་མོ་སྟེ་ལྷ་མོ་ཨུ་མས། །
གླིང་འདིའི་སྨན་ཤར་རྣམས་དུས་ཀུན་སྲུང་ཤིགས། །
ལྕམ་མོ་ཟང་ཟང་མའི་ཞལ་གྱི་དཀྱིལ་འཁོར། །
སྤ་ཟླའི་འབྲོག་ཐང་ལ་གཟིགས་པ་ཐོས་སོང་། །
ཐོས་དོན་ཇི་བཞིན་དུ་དོན་ལ་གནས་འདུག། །
ཡུལ་འདིའི་བུ་མོ་ཀུན་བུ་མོའི་དྭངས་རྩེ། །
མཆོག་གསུམ་མཆོད་པ་ལ་རྣམ་ཀུན་བརྩོན་ཞིང་། །
ཕ་མའི་བླང་བྱ་ལ་དང་ལེན་ཆེ་བ། །
འདྲིས་པའི་གྲོགས་པོ་ལ་ཕྱི་ཐག་རིང་བ། །
སྤུ་རྒྱལ་ལྷ་དབང་གི་སྲས་མོ་ངོ་མ། །
ཁ་བའི་ལྭ་བ་ཡི་ལུས་ལ་མཛེས་པ། །
ཆ་མ་གློ་ལང་གི་ཟུར་ནས་བཀྲ་བ། །
མཁུར་ཚོས་རང་འབྱུང་གི་དམར་མདངས་ཆེ་བ། །
ལྕམ་མོ་ཟང་ཟང་མའི་བུ་མོ་དྲུང་མ། །
སྨིན་མ་རྒོད་གཤོག་ཟུང་བརྐྱོང་འདྲའི་འོག་ཏུ། །
ཁྲ་ཆུང་མིག་འབྲས་གཉིས་ཟིམ་ཟིམ་གཡོ་བ། །
འཛུམ་ཀོང་ཆ་འགྲིག་དང་ལྷན་གྱི་ཟུར་མིག། །
ལྷ་དབང་བརྒྱ་བྱིན་ཡང་ཁྲི་ནས་ཕབ་གྲབས། །
རིན་ཆེན་དང་པོ་ཡི་རྣ་རྒྱན་ཕྲ་ཚོམ། །
ཉི་མའི་འོད་མདངས་དང་ལྷན་ཏུ་བསྡེབ་ཚེ། །
སུམ་རྩེན་གྲོངཁྱེར་གྱི་ལྷ་སྲས་དར་མ། །
འཇའ་ཚོན་ལམ་བུ་ནས་ཁྱེད་ལ་རྩེན་གྱི། །
ཐོད་རངས་སྐར་ཆེན་ལ་སྐྱེངས་པ་སྟེར་བའི། །
མིག་ཟུང་ཁྲ་མོ་ཡི་སྒྲིལ་མཚམས་དེ་རུ། །
ཆ་ག་ལྟེབ་ཆུང་དེའི་མཛེས་པ་གཅིག་པུས། །
སྣང་སྲིད་འཇིག་རྟེན་གྱི་ཁུ་སིམ་དཀྲོག་ཐོང་། །
ལྷ་སྐྱིད་སྒྲོན་པེ་སོགས་མགྲིན་པ་ཙམ་ལས། །
བཞིན་གྱི་བྱད་གཟུགས་དག་དེ་ཙམ་མ་རེད། །
ཐིག་ལེ་མཆོག་མ་ལ་དོན་གྱི་འཕྱ་བའི། །
ཡུལ་འདིའི་སྨན་ཤར་དག་མཛེས་མའི་མཛེས་མ། །
དྲི་ཟའི་གླུ་དབྱངས་ལ་ཕམ་ཁ་སྟེར་མཁན། །
དངུལ་དཀར་གདུ་གུ་ཡི་སིང་སྒྲ་སྙན་མོ། །
དྲི་ཡི་བཞོན་པ་དེས་ཕྱོགས་སུ་ཁྱེར་ཚེ་
ཀླུ་སྲས་གཞོན་པ་ཚོ་མལ་ནས་སློང་སོང་། །
སྦ་དཀར་ལྡེམ་པ་ཡི་སྐུ་ལུས་སྤོ་རུ། །
སྨྱོས་བུམ་ཟུང་གཅིག་གི་སྐྱེ་བ་ལྔ་པ། །
གཡོ་ཙམ་འགུལ་ཙམ་གྱི་རྣམ་པ་རེ་རེས། །
འཁོར་འདས་བླ་འོག་ཏུ་སྒྱུར་ལ་ཁད་པ། །
མི་རིང་མི་ཐུང་བའི་སྐུ་གཟུགས་རེན་པོ། །
ལྭ་བའི་ཕུ་ཐུང་གཅིག་རྒྱབ་ལ་འཕངས་ནས། །
དེ་རིང་ཁྲོམ་ཆེན་གྱི་མི་མང་དཀྱིལ་དུ། །
ཁ་བའི་རྒྱན་ཆ་དག་ངོམ་སོ་བྱེད་འདྲ། །
འབྲི་མོ་དྲིན་ཅན་མའི་ལྷས་རའི་འདབས་ནས། །
ཚེ་དབང་ལྷ་མོ་ཡི་ཀླུ་དབྱངས་ལེན་ཞོར། །
ཨ་མའི་ལས་རོགས་ཀྱི་བིའུ་སྐེ་བྱེད་པ། །
འབྲོག་པའི་བུ་མོ་ལ་ཡིད་རངས་ཤོར་སོང་། །
སྙིང་གི་བུ་ཆུང་འདིའི་ཨ་མ་ཁྱོད་རང་། །
ཁྲ་ཆུང་མིག་བཞིན་གྱི་བུ་མོའི་ཨ་མ། །
གཡང་ཁྱིམ་གྲུ་བཞི་འདིའི་བདག་པོ་ཁྱོད་ཉིད། །
ཁ་བའི་ཐབ་ཚང་གི་གཞི་འཛིན་ཆེན་མོར། །
དུས་རབས་ཉེར་གཅིག་གི་ལ་ཁ་འདི་ནས། །
མདོ་དབུས་ཁམས་གསུམ་ལ་མིག་འགྲེམ་བྱས་ཞིང་། །
ཨང་རིམ་དྲང་མོ་ཡི་ཚངས་ཐིག་ལམ་ནས། །
ཁ་བའི་མོ་སར་འགའ་གདམ་གསེས་བྱེད་ན། །
དང་པོའི་ཨང་རིམ་ལ་ཨི་འགྲོ་མི་ཤེས
ཐ་མའི་རིམ་པ་ལ་མི་ལྷུང་ཁོ་ཐག། །
གཉིས་པ་གསུམ་པ་ཡི་མགུལ་དར་དཀར་པོ། །
གནམ་གྱི་རྒྱལ་མོ་ཡི་སྒྲོན་པར་ངེས་སོ། །
སྣག་སྣུམ་ལན་བུ་དེ་སྙིང་ལ་སྡུག་པ། །
འཛུམ་ཙམ་གནང་བ་དེ་བག་ཆགས་ཟབ་སོང་། །
ཟུར་མིག་ལྕག་ཀྱུ་དེ་རྣོ་ངར་ཆེ་བས། །
སྙིང་གི་ཟུར་ཁ་ཞིག་དེ་རུ་ཐོགས་སོང་། །
རྩ་གསུམ་ལྷ་མོ་ཚོ་མིག་གི་མ་མཐོང་། །
ས་འོག་ཀླུ་མོ་ལ་སེམས་པ་མ་འཁྲེང་། །
འབྲོག་ཐང་བུ་མོ་དེའི་རྒོད་འཛུམ་ཞགས་པས། །
སེམས་པ་དམར་པོ་འདི་དབང་མེད་བཅིང་སོང་། །
མཆུ་སྒྲོས་གེ་སར་གྱི་འདབ་མ་འདྲ་བ། །
ཡིད་ངོས་འཆར་བ་ལ་གོམ་པ་ཆེ་བས། །
མདང་སུམ་འཁྲུལ་པ་ཡི་རྨི་ལམ་ངོས་སུ། །
སྦྲང་བུ་ཆུང་ཆུང་ཞིག་འཕུར་ལྡིང་བྱེད་གི། །
གསེར་འགུ་སེར་པོ་ལ་སེམས་པ་མ་ཆགས། །
གཟི་བྱུར་མགུལ་རྒྱན་ལ་སྣང་བ་གཏོང་མེད། །
སྐྱས་ལུས་གཟུགས་གསུམ་གྱི་ཟིལ་ཤུགས་དེ་ལ། །
བཟོད་ཐུབ་སྐྱེ་བོ་ཞིག་གང་ན་སྲིད་དམ། །
ཀ་ཁའི་དབྱངས་གསལ་དག་ངག་ལས་འོང་གི། །
ཆ་ལུགས་རང་ཡུལ་གྱི་མཛེས་པས་སྤྲས་པ། །
སྐད་འཕྲིན་པར་མཛོད་ནས་ཇི་ལྟར་བལྟས་ཀྱང་། །
ཁ་བ་བོད་པ་ཡི་བུ་མོ་དག་མ། །
སྐྲ་ལོ་སྨུག་མདངས་ཀྱི་རང་འོད་འཚེར་བ། །
དམར་དམར་ལྗོང་ཁུ་ཡི་ཚོན་གྱི་མ་སྒྱུར། །
མ་བཅོས་རང་འབྱུང་གི་ཞལ་གྱི་དཀྱིལ་འཁོར། །
ཚོན་རྩི་རྫུན་མ་ཡི་རི་མོ་མ་བྲིས། །
རང་འབྱུང་སྒེག་ཆོས་རྣམས་སྒུལ་ཤུགས་ཆེ་འདུག། །
སྐྱེ་བོའི་མིག་སྔར་རུ་དེ་རང་མཛེས་ཀྱི། །
སྐྱ་པོབ་བསེ་པོབ་དག་དགོས་དོན་མི་འདུག །
མ་བཟང་བུ་མོ་ཁྱོད་ཟོབ་བཅོས་མི་དགོས། །
ལྭ་བ་ཤམ་ཤམ་དེ་མཛེས་པར་གྱོན་ནས། །
ཁྲོམ་འཚོག་ཆུང་ཆུང་དེའི་དཀྱིལ་ནས་འོང་དུས། །
སྟོང་ཕྲག་དུ་མ་ཡི་མིག་ཟུང་གཉིས་པོས། །
དངོས་ཟུར་གཉིས་ཀ་ནས་ཁྱེད་རང་འཚོས་གདའ། །
ཤུལ་རིང་ལམ་ཞུགས་ཀྱི་མགྲོན་པོ་ཞིག་གིས། །
གཤེར་ལའི་གྲུ་ཁུག་ན་ངང་སྒུག་བྱས་ཐལ། །
ཆག་ལའི་ལ་ཁ་ནས་ཕྱི་བལྟས་བྱས་སོང་། །
བདག་སྲུང་སྲུང་སྐྱོབ་ཀྱི་འཕྲོད་རྟེན་མ་བརྗེད། །
ཨེ་ཛི་འགོས་ནད་ལ་མ་གཟབ་པས་ན། །
རྒྱལ་ཁབ་སྨན་རྫས་ཀྱི་བཅོས་ཐབས་མེད་ལ། །
སྐུ་རིམ་ཞབས་བསྟེན་གྱི་ཕན་ཐོག་མེད་དོ། །
འདིའི་སྐོར་ཤེས་བྱ་དག་ངེས་པར་མཁྱེན་དགོས། །
སྙིང་ཁོང་དམར་པོ་ཡི་སེམས་ཀྱི་དཀྱིལ་ནས། །
བསིལ་ལྗོངས་བུ་མོ་ལ་དུང་བ་ཟབ་ན། །
ནད་ངན་ཨེ་ཛེ་ཡི་འགོས་ཁུངས་སྐོར་བཅས། །
གཅེས་ཕྲུག་བུ་མོ་ཚོའི་རྣ་བར་ཤོད་ཅིག །
འོ་ཇ་དཀར་པོ་ཞིག་སིམ་འཐུང་བྱེད་ཞོར། །
སེམས་ཚོར་དམར་པོ་ཡི་སྙན་ངག་རི་མོ། །
དུང་བ་སྨུག་པོ་དེའི་རུམ་ནས་རྙེད་སོང་། །
རྔུལ་རྫའི་སྒང་རྒྱུད་ཀྱི་བུ་མོ་གླེང་ཡོད། །
ནམ་ཞིག་གསང་ཆེན་གྱི་དགོངས་ཀློང་ཟབ་མོས། །
ཞུ་བདེའི་བདེ་བ་ལ་མངའ་དབང་སྒྱུར་ཏེ། །
གསང་གྲུབ་ཆེན་མོ་ཡི་ལས་རྒྱའི་རྟེན་འབྲེལ། །
མཁའ་སྤྱོད་ཞིང་ཁམས་ནས་གོ་སྒྲིག་ཞུ་ཡོང་། །
༢༠༡༤/༤/༨ ཉིན་རོལ་བའི་མཚོ་ནས་ཕུལ། །

རྩོམ་པ་པོའི་རེ་བསྐུལ་བཞིན་བཀོད་པ་ཡིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།