ཤེས་རིག་འོད་ཀྱི་འབྱུང་ཁུངས།

[ཟླ་ཚེས། 2013-04-18 02:03:53][རྩོམ་པ་པོ། ཉྭ་ནག་པ་བ་རེས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

གནའ་བོའི་ཞང་ཞུང་ལ་ལྟ་སྐོར་དུ་སོང་རྗེས།

འདི་ནས་ཕྱོགས་བཞི་ལ་ལྟ་སྐབས།
ནམ་མཁའ་ལ་མཐའ་མེད་ཅིང་།
ས་གཞི་ལའང་མཐའ་མེད་པ་བཞིན།
བརྒྱུད་ཟིན་པའི་རྐང་ལམ་ནི་དེ་ལྟར།
ཤོར་ཚར་བའི་ལོ་ཟླའང་།
རི་ཚོགས་ཀྱི་ཐུགས་སུ་ལྷུང་ཞིང་།
རི་ཚོགས་ཀྱི་སྤྱན་ལམ་ན་འཚེར།

གནས་གང་རུང་ཞིག་ལ་མཚོན་ན།
ཡི་གེར་མ་བཏབ་པའི་ལོ་རྒྱུས་ནི།
སྐྱོ་ཞིང་གདུང་བའི་རྒྱུ་ནི་ལོས་ཡིན་མོད།
དེ་བས་ཀྱང་ལོ་རྒྱུས་བསུབ་མཁན་ནི།
ལོ་རྒྱུས་ཀྱི་གཤེད་མ་དང་ལག་དམར་ཡིན་ཞིང་།
ལོ་རྒྱུས་ཀྱི་ཉེས་ཅན་པ་ཡང་ཡིན་ངེས་པའི་ཕྱིར།
ས་གཞི་ཆུང་ཆུང་ཞིག་གིས་ཀྱང་སྔ་མོ་ནས།
ཟབ་ཅིང་མཐུག་པའི་གནས་ལུགས་དེ་དག་གི།
འཇིངས་ཕུགས་གཏིང་ནས་ལོན་ཟིན་པ་ལྟར།
རིགས་རྒྱུད་ཅིག་གི་ཤེས་རིག་དང་བསམ་བློའི་ཆེད་དུ།
རང་ཉིད་ཀྱི་ཤ་རུས་དང་ཁྲག་རྒྱུན་དྲོན་མོ།
ལྷགས་རླུང་དང་ཁ་ཆར་གྱི་ཁྲོད་ནས་སྦར་སྐབས།
རྟོགས་པ་ཡངས་པའི་དཔྱོད་ལྡན་དེ་གང་དུ་མཆིས?
དམིགས་པ་མེད་པའི་རིས་མེད་དེ་གང་དུ་བཞུགས?
མངོན་མཁྱེན་མངའ་བའི་རྟོགས་ལྡན་པ་དེ་དང་།
གཟུ་བོར་གནས་པའི་བློ་ལྡན་དེ་ཡང་གང་དུ་ཡོད?

འཁྲུག་རྩོད་ལྟར་ཡང་ཡང་ལངས་པའི།
ཆར་སྤྲིན་དང་གློག་ཞགས་ཞི་རྗེས།
ཁ་མལ་དུ་སྣང་བའི་ས་གཞི་ཆུང་ཆུང་དེ།
གནས་དེ་ན་སྔར་བཞིན་ཕྱི་ལ་འབུར་ཞིང་།
ཆེས་གོ་བདེ་ལ་རྟོགས་ཀྱང་སླ་བའི།
བརྡ་མཚོན་དང་ཁ་དོག་ཅན་གྱི་དན་རྟགས་རྣམས།
རི་སྒང་མང་བོས་ཤེད་མོང་གིས་བཏེགས་ཏེ།
འཇིག་རྟེན་འདིར་རྒྱང་འབོད་བྱེད་དུས།
ཐོག་མའི་དུས་ཀྱི་ལྷ་རྣམས་འཕུར་ཟིན་ལ།
བཙན་པོ་དང་བློན་པོ་སྐོར་ཞིག་ཀྱང་།
འཇིག་རྟེན་གྱི་ཁེ་དབང་ཁོ་ནའི་ཆེད་དུ།
མཁའ་རུ་གཤེགས་དགོས་བྱུང་བ་ཡིན་ན།
དེའི་རྗེས་སུ་ཡོད་པ་ནི་རྨ་ཁས་ཁེངས་པའི།
རྐང་ལམ་དང་གཏམ་རྒྱུད་ཡིན་ནམ།
ཡང་ན་དེའི་རྗེས་སུ་མཆིས་པ་ནི།
ས་རུ་ཉིལ་བའི་རྡོ་གསེབ་དག་ལ་སྐྱེས་པའི།
རྣམ་ཤེས་ཀྱི་གྲིབ་མ་དང་།
དད་གུས་ཆེ་ཡང་བརྩེ་དུངས་མེད་པའི།
གང་ཟག་དེ་རྣམས་ཡིན་ནམ།

གང་ལྟར་ང་ནི་གནས་འདིར་འགྲེང་སྐབས།
ལུང་ཁུད་དེ་དག་ཁ་ཁུ་སིམ་ཞིང་།
རྡོ་བ་དེ་དག་གིས་སྐད་ཆ་བཤད་མི་ཤེས་ལ།
རྡུལ་ཕུང་དུ་གྱུར་བའི་མཁར་ཤུལ་དེ་དག་ཀྱང་།
སྔར་ལྟར་གཟིམ་སྟེ་ཡོད་ནའང་།
ཕུགས་བསམ་གྱིས་རབ་ཏུ་ཁེངས་ཤིང་།
འཕུར་འདོད་ཆེ་བའི་བྱ་རྒོད་དེ་རྣམས་ཀྱིས།
རི་བོ་གྲངས་མེད་ཅིག་གི་བར་གསེང་ནས།
ལྕགས་དྲ་ལྟ་བུའི་སྒེའུ་ཁུང་རེ་རེ་བརྟོལ་ཏེ།
ཕྱི་རོལ་གྱི་ནམ་འཕང་གཅོད་སྐབས།
རི་བོ་ཁ་ཤས་བརྗིད་ཉམས་ལྡན་ཞིང་།
རི་བོ་ཁ་ཤས་དམའ་སར་ཉལ་བའི་གནས་དེ་ན།
ཞང་ཞུང་གི་ཤེས་རིག་འོད་དུ་འབར།

 

གནས་ཆེན་བོན་རི་ལ་མཇལ་བའི་འཆར་སྣང་།

ལོ་ངོ་སྟོང་ཕྲག་དུ་མའི་རིང་ལ།
ཁྱོད་ཉིད་མི་ཆེན་ཞིག་གི་ཐུགས་ཚབ་ཏུ་བསྡད་དེ།
གནས་འདི་རུ་ཁེར་རྐྱང་གིས་འགྱིང་བ་ནི།
ཕྱི་རོལ་དང་ནང་རོལ་ནས་འཚུབ་ཀྱིན་ཡོང་བའི།
ཁ་ཆར་མང་བོར་འཐབ་འཛིང་བྱེད་པའི་ཆེད་དུ་ཡིན་ལ།
ཉམ་ཆུང་གི་འགྲོ་བ་རྣམས་ལ་དཔུང་རོགས་དང་།
རྒྱབ་རྟེན་མཛད་པའི་སླད་དུའང་ཡིན།

དེ་རིང་ངས་རི་ཚོགས་མང་བོ་ཞིག་གི།
རྩེ་མོ་ན་གཡོ་ཞིང་ཐོང་ག་རུ་འཁྱིལ་བའི།
སྨུག་སྤྲིན་དང་ན་བུན་གཤགས་ཤིང་།
དེ་རིང་ངས་གནས་རི་གྲངས་མེད་ཅིག་གི།
ཐར་ས་དང་སྐུང་ས་མེད་པའི་ལྟ་ལམ་དང་།
ཕྲག་དོག་མང་བོའི་འཇིག་རྟེན་བརྒྱུད་དེ།
ཁྱོད་ཀྱི་སྐུ་དྲུང་དུ་བཅར་བ་དང་།
ཁྱོད་ཀྱི་སྐུ་དྲུང་ནས་ཕྱག་གསུམ་བསྒུར་ཅིང་།
ཁྱོད་ཀྱི་སྐུ་དྲུང་ནས་རྒྱང་ལྟ་བྱེད་སྐབས།
ང་དགོད་འདོད་པའི་དགོད་ཁ་སློང་བྱེད་དང་།
ངུ་བསམས་པའི་ཀུན་སློང་དཀྲུག་བྱེད་ནི།
གཤེན་རབ་མི་བོ་ཆེའི་དགོངས་པའམ།
ཁྱོད་ཀྱི་ཁོར་ཡུག་ན་བསྲིངས་པའི་སྐོར་ལམ་ལྟར།
ཐེག་པ་རིམ་པ་དགུ་རུ་གྲགས་པའི།
ཐེམ་སྐབས་དེ་རྣམས་མིན་ལ།
ཁྱོད་ཀྱི་སྐུ་དྲུང་དུ་ཡང་ཡང་བསླེབས་ཤིང་།
ཁྱོད་ཀྱི་སྐུ་དྲུང་ནས་ཡང་ཡང་སོང་བའི།
བན་བོན་གྱི་མཇལ་བ་ཚོ་སྟེ་ང་ཚོ་རེད།

ཁྱོད་ནི་དུས་རྟག་ཏུ་བརྟན་ཞིང་།
ཁྱོད་ནི་དུས་དང་རྣམ་པ་ཀུན་ཏུ།
ང་ཚོ་ལ་གཏན་ནས་སྡང་ཡང་མ་མྱོང་མོད།
ངན་སོང་གི་འཕྲང་ལ་འཇིགས་ཤིང་།
ཐར་འདོད་ཀྱི་ཞིང་ལ་སྨོན་པའི་ང་ཚོ་ནི།
ནམ་ཡང་བློ་རྩེ་གཉིས་གཉིས་ཀྱིས་ཡོང་སྟབས།
ངས་འདི་ནས་རེ་ཞིག་ལ་གོམ་ཁ་ལྷོད་དེ།
ཁྱོད་ཀྱི་སྐུ་དྲུང་ན་འབབ་ཀྱིན་པའི་ཆུ་བོ་དེ་དང་།
ཆུ་བོ་དེས་དབྱངས་སུ་གྱེར་བའི་ངག་སྒྲོས་དག་ལ།
རྣ་བ་བླགས་ཤིང་ཞིབ་ཏུ་གསན་སྐབས།
ང་ཡང་སྔར་ནས་རྒྱ་རྙི་ཞིག་ཏུ་ཚུད་ཟིན་ཅིང་།
ཁྱོད་ཀྱི་དོ་ཟླ་བྲལ་བའི་བྱིན་རླབས་ཀྱིས།
ནམ་ཡང་སྐྱོབས་ཐབས་གཅེས་ཐབས་མེད་ལ།
འདུལ་ཡང་ཤིན་ཏུ་དཀའ་བའི།
གནས་མཇལ་བ་ཞིག་ཡིན་པ་རྟོགས་སོང་།


ང་དང་སྟོན་པ་གཤེན་རབ།

ང་ཡི་གུས་དད་དང་སེམས་པ་དེ།
སྔར་ནས་གཞན་དབང་དུ་ཤོར་ཟིན་ནའང་།
ང་ནི་འོལ་མོ་ལུང་རིང་དུ་བསླེབས་རྗེས།
རི་རྐེད་དང་ལུང་མཐིལ་དུ་བབས་པའི།
སྤྲིན་པ་དཀར་བོ་ཞིག་གི་ཀློང་དུ།
སྟོན་པ་གཤེན་རབ་དང་ཐུག་འཕྲད་བྱུང་རྐྱེན།
ཁ་བཏགས་འདོམ་གང་ཕར་ལ་བསྲིངས་ན།
ལག་འཇུའང་བྱེད་ཐུབ་པའི་བར་མཚམས་དེ་ནས།
ངས་རང་ཉིད་ལ་མགོ་སྐོར་གཏོང་ཐབས་མ་བྱུང་།
སྤྲིན་དཀར་གྱི་ཁྲོད་དུ་ནུབ་པའི་རི་རྐེད་དུ།
ང་དང་སྟོན་པ་གཤེན་རབ་ལྷན་དུ་འགྲེང་ཞིང་།
ང་དང་སྟོན་པ་གཤེན་རབ་མཉམ་དུ་གཤིབ་ནས།
དེང་རབས་ཀྱི་རྒྱལ་ཤེལ་ཐོགས་ཏེ།
སྤྲིན་ཕུང་གི་གསེབ་ན་སྔར་ལྟར་བསྲིངས་ཤིང་།
རྒྱང་ཤེལ་གྱི་ངོས་ན་ཞིག་རལ་ཏུ་གྱུར་བའི།
འོལ་མོ་ལུང་གི་ལམ་ཕྲན་དེ་དག་ལ།
ཁ་ཁུ་སིམ་མེར་རྒྱང་ལྟ་བྱེད་སྐབས།
ང་སྟོན་པ་གཤེན་རབ་ལ་འཇིགས་དོན་མེད་མོད།
ང་སྟོན་པ་གཤེན་རབ་ལ་ངོ་ཚ་ཞིང་།
ཁ་ཡང་སྐྱེངས་པར་གྱུར་བ་ནི།
ངས་ཚེ་འདིར་འཆུགས་པའི་ནོར་འཁྲུལ་དེ་དང་།
ལམ་འདིར་བཞག་པའི་ཕ་བོང་དེས།
ལམ་པའམ་རྒྱུ་མཚན་གྱིས་ཡིན་མེད་མོད།
ཡོད་ཚད་ཧ་ཅང་འཕྱིས་དྲགས་པའི་དབང་གིས།
ངས་རི་སྒང་ན་འཁྲིགས་པའི་སྤྲིན་པ་ལྟར།
རང་ཉིད་ཀྱི་སེམས་ཁོང་ནའང་འཁྲིགས་པའི།
སྐྱོ་གདུང་དང་ན་ཟུག་དེ་རྣམས།
ད་ལྟ་སྟོང་བར་ལུས་པའི་ཡུལ་ཁམས་འདི་དང་།
འདས་ཟིན་པའི་མེས་པོ་ཚོ་ལ་ཇི་ལྟར་བཤད།
སྤྲིན་པ་དཀར་བོ་དེ་མཁའ་རུ་གཤེགས་དུས།
སྟོན་པ་གཤེན་རབ་ཀྱང་ཕེབས་ཟིན་མོད།
འོལ་མོ་ལུང་རིང་གི་ལམ་རིང་དེ་ནི།
ང་དང་སྟོན་པ་གཤེན་རབ་འཕྲད་ས་ཡིན་ལ།
ང་དང་སྟོན་པ་གཤེན་རབ་གྱེས་འང་ཡིན་པས།
ནམ་ཞིག་མཁའ་རུ་ཡལ་བའི་སྤྲིན་དཀར་དེས།
དད་པ་ཁོ་ན་མིན་པའི་བདེན་དཔང་གི་ཆེད་དུ།
སྟོན་པ་གཤེན་རབ་སྐྱར་དུ་གདན་ཞུ་མཛད་སྐབས།
ང་ཡང་དུས་དེར་གནང་གང་རུང་ཞིག་ཏུ།
སྟོན་པ་གཤེན་རབ་ཀྱི་འཁོར་དུ་སྐྱེ་ཆོག
༡༩༩༧་༣་༡༣—༡༥

ཉྭ་ནག་པ་བ་རེས་ཀྱི་སྙན་དེབ་༼བརྩེ་མདངས་ལ་འཁྱུད་པའི་སྨོན་འདུན་༽ལས་བཤུས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།