ལོ་མཛོད་བཅུ་གཉིས་ཀྱི་མཛད་པ་དང་ལོ་སྐོར་བཅུ་གཉིས་ཀྱི་བྱུང་ཚུལ་དང་གཏན་ཚིགས་བཤད་པ།

[ཟླ་ཚེས། 2026-01-20 10:17:00][རྩོམ་པ་པོ། ཨ་རུ༧ཤེས་རབ་རྩལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

དམུ་ར་ཝེར་རོ་སྤུངས་སོ་གུ་དུན་ཧྲུན།།

སྤྱི་དོན་གྱི་ཁོག་དབུབ་པ།

ཡ་ཀི་བོན་གྱི་ཡུལ།། ཞང་ཞུང་ཕུག་པའི་གནས།། གཤེན་ཡུལ་འོལ་མོ་གླིང་།། ངོ་མཚར་བྱིན་རེ་ཆེ།།

ཆུ་བཞི་འདུས་པའི་མགོ། མ་ཕམ་གཡུ་མཚོའི་འགྲམ།། གཡུང་དྲུང་དགུ་རྩིག་ཞེས།། གངས་དཀར་ཏི་སེའི་མདུན།།

བསྐལ་སྟོང་སངས་རྒྱས་ཀྱིས།། རྟག་ཏུ་གཟིགས་པའི་གནས།། དག་པའི་ཞིང་མཆོག་ཅེས།། རྟག་གཟིགས་འོལ་གླིང་གི།

ཡུལ་དབུས་སྒོ་བཞིའི་ཀློང་།། དབུས་གླིང་གཤེན་གྱི་ས།། ཤམ་པོ་ལྷ་རྩེའི་ཞོལ།། སོ་བརྒྱད་མཁར་གྱི་ནང་།།

སྲིད་པ་བསྐོས་ཀྱི་རྗེ།། ཡོད་ཁམས་ལྷ་མའི་དཔལ།། ལྷ་སྲིན་བར་གྱི་གཟུ།། དགེ་བའི་ཁ་འཛིན་པ།།

གངས་རིའི་ཞིང་གི་མགོན།། ཞང་བོད་ལྗོངས་ཀྱི་མེས།། གཤེན་ལྷའི་ཐུགས་ཀྱི་བྱིན།། དམུ་རིགས་གཤེན་གྱི་གདུང་།།

ཁྱིམ་རྒྱུད་བཀྲ་རེ་ཤིས།། བསྟན་པ་རྒྱ་རེ་ཆེ།། འགྲོ་དོན་བག་རེ་དྲོ།། འཕྲིན་ལས་ལྷུན་གྱིས་གྲུབ།།

ལོ་རྒྱལ་ཤིང་བྱི་ལོའི།། སྤྱི་ར་མེ་སྟག་གི། ཡར་ཚེས་བཅོ་ལྔ་ཡི།། རྒྱལ་ཕུར་འཛོམས་པའི་ཉིན།།

མི་བོན་ལྷ་ཡི་བོན།། རྒྱལ་བོན་ཐོད་དཀར་དང་།། མི་ཕྱི་ལྷའི་ཕྱི་མོ།། ཡོ་ཕྱི་རྒྱལ་བཞེད་སྲས།།

བསྐལ་ཆེན་སྟོན་པ་ནི།། ཚེ་ལོ་བརྒྱ་བའི་མགོན།། རྣམ་འདྲེན་བརྒྱད་པ་མཆོག། རྫོགས་པའི་སངས་རྒྱས་དངོས།།

བདག་ཅག་སྟོན་པ་སྟེ།། གཤེན་རབ་མི་བོ་ཆེ།། ཀུན་ལས་རྣམ་པར་རྒྱལ།། བསྟན་འགྲོའི་དཔལ་དུ་འཁྲུངས།།

མཚན་བཟང་སུམ་ཅུ་དང་།། དཔེ་བྱད་བརྒྱད་ཅུ་སོགས།། མཚན་དང་དཔེ་བྱད་ཀྱིས།། ཡོངས་སུ་རྒྱན་པའི་སྐུ།།

སྐུ་ལ་ཆེ་བའི་དཔལ།། ཡོན་ཏན་བརྒྱ་རྩ་དང་།། གསུང་ལ་ཚངས་པའི་དབྱངས།། ཡན་ལག་དྲུག་བཅུ་མངའ།།

ཐུགས་ལ་ཏིང་ངེ་འཛིན།། སྙིང་པོ་དྲུག་ཅུ་དང་།། ངེས་པའི་ཐོ་ཡིག་གམ།། འཕྲུལ་ཡིག་བཞི་བཅུ་བཀྲ།།

སྐུ་བརྗིད་རི་རབ་འདྲ།། འཛུམ་མདངས་ལམ་མེ་ལམ།། གསུང་སྙན་ཁུ་བྱུག་འདྲ།། ཟབ་གདམས་ཤིག་སེ་ཤིག།

ཐུགས་དགོངས་ནམ་མཁའ་འདྲ།། ཁམས་གསུམ་ཡོངས་ལ་སྙོམས།། ཡོན་ཏན་ནོར་བུ་བཞིན།། དགོས་འདོད་ལྷུན་གྱིས་གྲུབ།།

འཕྲིན་ལས་ཉི་མ་འདྲ།། ཕྱོགས་བཅུར་ཀུན་དུ་ཁྱབ།། མཛད་པ་རྨད་པོ་ཆེའི།། འོད་ཟེར་དཔག་མེད་སྤྲོས།།

འགྲོ་དོན་ལྷུན་གྱིས་གྲུབ།། འགྲོ་བའི་བློ་དང་བསྟུན།། ཀུན་རྫོབ་དོན་དམ་གྱི།། བདེན་པ་སོ་སོ་དང་།།

བདེན་གཉིས་དོ་མཉམ་དང་།། ཐེག་པ་ཆེ་ཆུང་སོགས།། ཐོག་མཐའ་བར་གསུམ་གྱི།། བཀའ་འཁོར་རིམ་གསུམ་བསྐོར།།

ཡས་ཕུབ་ལྟ་བའི་གདེང་།། མས་འཛིགས་སྤྱོད་པའི་ལམ།། སྙིང་རྗེ་ཆེན་པོའི་གཞི།། ཕར་ཕྱིན་བཅུ་ཡི་ཐབས།།

ཐེག་ཆེན་བོན་གྱི་བཅུད།། ཐར་འདོད་སྐྱེས་བུའི་གྲོགས།། བོན་འཁོར་ཚིག་བཞིའི་དོན།། གཤེན་རབ་མི་བོས་གསུངས།།

བར་སྐབས་ཀྱི་གནད་བསྩལ་བ།

བསྟན་པའི་བདག་ཉིད་ཀྱི།། རྒྱུ་འབྲས་བོན་ཀུན་རྣམས།། གཏན་ལ་དབབ་པའི་འགོ། སྐུ་བསྟན་དབུ་ཟུག་ལགས།།

སྐུ་བསྟན་རྫོགས་པ་ཡི།། ཤིང་ཕོ་འབྲུག་གི་ལོར།། གདུང་སོབ་མུ་ཆོ་བྱོན།། གསུང་བསྟན་དབུ་ཟུག་གོ།

དེ་ནས་གསུང་བསྟན་གྱི།། དཀྱིལ་ཙམ་མེ་སྟག་ལ།། བླ་ཆེན་དྲན་པ་འཁྲུངས།། ཐུགས་བསྟན་དབུ་ཟུག་དགེ།

རྣམ་འདྲེན་དམུ་སྲས་ཀྱི།། སྐུ་གསུང་ཐུགས་ཀྱི་བསྟན།། རིམ་གྱིས་བྱུང་བ་ལས།། དང་ཐོག་སྐུ་ཡི་སྐབས།།

རིག་པའི་གནས་ལྔ་ལས།། བཟོ་རིག་གཏན་ཕབ་ནས།། འཇིག་རྟེན་ཁམས་ཀུན་ཏུ།། ཡོན་ཏན་བརྒྱན་པར་མཛད།།

ལྷ་ཀླུ་མི་གསུམ་དང་།། འགྲོ་བ་རིགས་དྲུག་ལ།། རྒྱལ་པོའི་བཀའ་ཁྲིམས་སྩལ།། ཞིང་ཁམས་བདེ་རུ་བསྙམས། །

ཡེ་གཤེན་བཅུ་གསུམ་ལ།། དཔོན་གསས་གདམ་པའི་བཀའ།། མན་ངག་ལུང་གི་བོན།། གཏན་ལ་ཕབ་སྟེ་བསྟན།།

སུམ་བརྒྱ་དྲུག་ཅུའི་གཏོ།། བརྒྱད་ཁྲི་བཞི་སྟོང་དཔྱད།། ཕྱྭ་གཤེན་ལེགས་རྒྱལ་ལ།། གཏན་ཕབ་གཉེར་དུ་གཏད།།

ལེའུ་དང་པོ། ལོ་བྱི་ལོའི་གཏན་ཚིགས་གསེར་གྱི་བྱེ་མ་སེར་པོ་ལ་ནས་ཀྱི་གཡུང་དྲུང་སྔོན་པོ།

དགུང་ལོ་གཅིག་ལོན་ནས།། སུམ་བརྒྱ་དྲུག་ཅུའི་གཏོ།། བརྒྱད་ཁྲི་བཞི་སྟོང་དཔྱད།། ཡོངས་སུ་ཐུགས་ཆུད་དེ།།

འཇིག་རྟེན་རྨོངས་པའི་སར།། དཔྱད་ཀྱི་ཉི་མ་ཤར།། གཏོ་ཡི་འོད་ཟེར་བཀྱེས།། མུན་པ་སངས་པར་མཛད།།

མེ་ཏོག་མཛེས་པའི་གླིང་།། དཀར་མངར་འབྲུ་སྣ་དང་།། རྩི་ཤིང་སྨན་སྣ་སོགས།། མེ་ཏོག་སྣ་ཚོགས་བསགས།།

བསྟན་པ་བཟུང་བའི་དོན།། སྣང་སྲིད་བསྙོམས་པའི་ཐབས།། འགྲོ་ཀུན་བདེ་བའི་ཕྱིར།། གཏོ་གཞི་དཀར་པོ་ལ།།

གསེར་གྱི་གབ་ཙེ་དང་།། འཕྲུལ་གྱི་མུ་ཏིག་དང་།། སྲིད་པའི་མོ་རྡེའུ་དང་།། རིན་ཆེན་སྣ་དགུ་བཀྲམ།།

ཕྱི་རབས་དཔེ་བསྟན་ཕྱིར།། ཕུ་ཝེར་དཀར་པོ་ལ།། མཆོད་ཅིང་མཉན་པ་དང་།། གཏོ་དང་དཔྱད་དུ་མཛད།།

དེ་ཕྱིར་དེ་ཡི་དུས།། གཏོ་གཞི་དཀར་པོའི་འོག། ས་ཡི་ཁུང་བུ་ནས།། ཡ་མཚན་སྲོག་ཆགས་ཤིག།

བྱུང་ནས་གཏོ་གཞིའི་ཕྱོགས།། གསེར་གྱི་བྱེ་མ་དང་།། ས་རྡོ་རིན་ཆེན་སོགས།། མང་པོ་ཁྱེར་ཏེ་བྱུང་།།

ལུས་ཆུང་རྩལ་འགྱུ་ཆེ།། ཚིག་གི་ཟུངས་དམ་པ།། གསེར་གྱི་ས་གཞི་ལ།། འབྲས་མཛོད་སྤེལ་དུ་བཅུག།

གཏོ་གཤེན་ཞལ་ནས་རེ།། ཡ་མཚན་སེམས་ཅན་འདི།། སྤུ་མེད་བྱིལ་བྱིལ་པོ།། མིང་ཡང་བྱི་བར་ཐོགས།།

ལོ་སྐོར་བཅུ་གཉིས་ལས།། ལོ་ཡི་རྒྱལ་པོ་དང་།། ལོ་མགོ་བྱི་བ་ཡི།། གཏན་ཚིགས་དེ་ནས་བྱུང་།།

གཤེན་གྱི་དགུང་སྙིང་དང་།། དགུང་ལོ་གཅིག་བརྩི་བའི།། རྩིས་དང་ཚད་གཟུང་བའི།། དུས་ཚིགས་དེ་ནས་བྱུང་།།

ཕྱྭ་གཤེན་བོན་སྒོ་ཡི།། གཏོ་ཡི་ཆོག་ག་ལ།། བྱི་བྲུནའི་ས་དགོས་པའི།། གཏན་ཚིགས་དེ་ནས་བྱུང་།།

གཏོ་ཡི་ཕྱི་ལིང་ནི།། དཀར་པོ་དག་གི་སྟེང་།། སྔོན་མོ་ནས་ཀྱི་སྨན།། བླུག་པའི་གཏན་ཚིགས་བྱུང་།།

གཏོ་གཤེན་ཞལ་དུ་ནི།། གསེར་སྐྱེམས་གཡུ་མངོན་གྱིས།། གསོལ་བའི་གཏན་ཚིགས་ཀྱང་།། དེ་ནས་བྱུང་བ་འོ།།

ནས་སྔོན་འབྲུ་བདུན་གྱིས།། དཀྱེལ་ཆེན་ཕུ་ཝེར་ལྷ།། དཀར་པོར་མཆོད་དགོས་པའི།། གཏན་ཚིགས་དེ་ནས་བྱུང་།།

ལོ་བྱི་ལོ་བཤད་པའི་སྐབས་དང་པོའོ།།

ལེའུ་གཉིས་པ། ལོ་གླང་ལོའི་གཏན་ཚིགས་གསེར་གྱི་གླང་ཆེན་སེར་པོ་ལ་རབ་བརྟན་ཐེག་པའི་རྩལ་ནུས།

སྟོན་པ་གཤེན་རབ་མཆོག། དགུང་ལོ་གཉིས་བཞེས་དུས།། འོལ་མོ་ལུང་རིང་དབུས།། གཡུང་དྲུང་དགུ་བརྩེགས་རིའི།།

ནུབ་ཕྱོགས་གྲོང་ཁྱེར་ནི།། ངོ་མཚར་ལྟད་མོའི་གླིང་།། རྨ་ལོ་གཡུ་ལོ་ལྷན།། ཞབས་ཀྱིས་བཅགས་པ་དང་།།

སྟོན་པ་སྐུ་འཁོར་གྱིས།། བསྟན་པ་སྤེལ་བ་དང་།། འགྲོ་ཀུན་བདེ་བའི་དོན།། ཡོངས་སུ་ཐུགས་དགོངས་ནས།།

ལྷ་དང་གསས་འབོད་པའི།། གར་གསས་བཙན་པོ་ཉིད།། མཆོད་ཅིང་བསྒོམས་པ་དང་།། དབྱིངས་ནས་སྤྱན་དྲངས་ཏེ།།

ལྷ་ཕྱག་སྐོར་བ་དང་།། རྔ་རྡུང་གླིང་འབུད་དང་།། རྒྱལ་མཚན་དར་འཕན་ཕྱར།། མཆོད་སྤྲིན་འབུལ་བའི་སྐབས།།

གསེར་གྱི་གླང་ཆེན་ལ།། སྤྲུལ་པ་ལྡན་ཞིག་བྱོན།། སྣང་གཤེན་ཞལ་ན་རེ།། ཡ་མཚན་སེམས་ཅན་འདི།

གཞན་དང་མི་འདྲ་བར།། གཙུག་མཐོ་སྣ་ལྗགས་རིང་།། མིག་ཟབ་རྣ་བ་ཡོར།། མཆི་བ་བཙིགས་པ་ཅན།།

ཅང་ཤེས་ཐེག་པ་ཆེ།། འགྱིང་ཞིང་རབ་ཏུ་བརྟན།། བག་ལྷོད་ཚུལ་ལྡན་པ།། ལྷ་ཡི་སྤྲུལ་པར་སྣང་།།

སྣང་ཞིང་སྲིད་པ་ཡང་།། བསྐོས་ལ་འདིས་ཐེབས་སོ།། ལྷ་སྲིན་སྡེ་བརྒྱད་ཀྱི།། བྱོལ་ཁ་འདིས་འདེབས་ནུས།།

བདུད་སྲིན་དྲེགས་པའི་སྡེའི།། དལ་ཁ་འདིས་བསྒྱུར་ནུས།། འགྲོ་བ་རིགས་དྲུག་གི། འདོད་པ་འདིས་བསྐང་ནུས།།

འདི་ནི་སྟོབས་ཆེ་ལ།། རབ་ཏུ་བརྟན་པ་སྟེ།། གར་གླང་སྟོབས་ཆེན་ཞེས།། གཤེན་གྱིས་མཚན་གསོལ་ཏོ།།

རིན་ཆེན་གསེར་ཕྱེ་དང་།། ཡུངས་དཀར་གྱིས་མཆོད་ཅིང་།། གར་མདུང་ཟངས་ཡག་གི། རྟེན་དུ་འཛུགས་པ་ནས།།

བསྟན་པ་རིན་པོ་ཆེ།། བརྟན་པའི་གཏན་ཚིགས་དང་།། ལོ་ནི་གླང་ལོ་ཡི།། གཏན་ཚིགས་དེ་ནས་བྱུང་།།

སྣང་སྲིད་སྐོས་ཀྱི་རྟེན།། གར་མདུང་ཟངས་ཡག་དེ།། གཟུགས་པའི་གཏན་ཚིགས་ཀྱང་།། དེ་ནས་བྱུང་བའོ།།

ས་བདག་གླང་ཆེན་ལྔ།། རྩལ་སྟོབས་ཆེ་བ་ཞེས།། ཡོངས་སུ་གྲགས་ཡི།། གཏན་ཚིགས་ནས་བྱུང་།།

སྤང་རྟོགས་ཡོན་ཏན་ཆ།། ཡོངས་སུ་བྱང་ཆུབ་པའི།། སེམས་དཔའི་ཤེས་རྒྱུད་དག། དལ་བ་དེ་ནས་བྱུང་།།

ཕ་རོལ་གང་ཞིག་གིས།། རྒོལ་བའི་ཚོགས་དག་ལ།། དཔའ་ཞིང་བརྟན་པའང་།། དེ་ནས་བྱུང་ངོ་ཞེས།།

སྣང་གཤེན་བོན་སྒོ་ལ།། མཁོ་བའི་དགོས་དགུ་ཡི།། ཡོ་བྱད་སྣ་ཚོགས་ནི།། དེ་ནས་བྱུང་བའོ།།

སྐད་ཀྱི་གཏང་རག་དང་།། ཚིག་གི་སྨྲ་བརྗོད་དང་།། སྣང་སྲིད་བསྐོས་ཐེབས་པ།། དེ་ཡང་དེ་ནས་བྱུང་།།

ལྷ་སྲིན་དལ་ཁ་དང་།། བདུད་སྲིན་བྱོལ་ཁ་རྣམས།། བཟློག་པའི་གཏན་ཚིགས་ཡང་།། དེ་ནས་སྲིད་པའོ།།

རིགས་དྲུག་སེམས་ཅན་ལ།། གླུད་དང་ཡས་དག་གིས།། བསྐངས་པའི་གཏན་ཚིགས་ཡང་།། དེ་ནས་བྱུང་བའོ།།

ལོ་གླང་ལོ་བཤད་པའི་སྐབས་གཉིས་པའོ།།

ལེའུ་གསུམ་པ། ལོ་སྟག་ལོའི་གཏན་ཚིགས་འཛུམ་དྲུག་མཚལ་གྱི་ཐིག་ལེ་ལ་གདུག་རྔམ་ཟིལ་གནོན་ང་རོ།

གཤེན་རབ་མི་བོ་མཆོག། དགུང་ལོ་གསུམ་བཞེས་དུས།། རྫུ་འཕྲུལ་བཅུ་གསུམ་བོན།། ཐུགས་སུ་ཆུད་པ་ནས།།

འཕྲུལ་གཤེན་བོན་གྱི་སྒོ།། གཏན་ལ་ཕབ་པའི་དུས།། འོལ་མོ་ལུང་རིང་གི། ནུབ་ཕྱོགས་སྤྲུལ་པའི་ཞིང་།།

ལྷོ་ནུབ་དཔལ་གྱི་རི།། ཟུར་གསུམ་འབར་བའི་དབུས།། བྲག་ཕུག་རོང་ཆེན་དུ།། དགྲ་བགེགས་འདུལ་དུ་བྱོན།།

དབལ་བུ་ངར་ཚ་དང་།། སྟག་ལ་མེ་འབར་སོགས།། དབལ་བོན་འཁོར་ཚོགས་དང་།། ཐབས་ཅིག་བཞུགས་པའི་ཚེ།།

མཉན་ཅིང་སྒྲུབ་པའི་ལྷ།། དབལ་གསས་རྔམ་པ་ནི།། མཆོད་ཅིང་བསྒོམས་པའི་ཚེ།། ནགས་ཚལ་བྲག་ཁྲོད་ནས།།

བཀྲ་གསལ་སྟག་ཅིག་བྱུང་།། དབལ་གྱི་བོན་པོ་ཡིས།། ལྗགས་ཀྱི་མཆིལ་མ་བཏབས།། སྟག་གི་ཁ་མེ་འབར།།

རྫུ་འཕྲུལ་ཐབས་ཀྱིས་བཟུངས།། ཏིང་འཛིན་དགོངས་པས་བསྐྱེད།། བསྟན་པའི་གྲོགས་སུ་ཤར།། སྟག་ལོའི་གཏན་ཚིགས་བྱུང་།།

སྒྲུབ་པའི་སྟག་ལ་ཡང་།། དབལ་གྱི་མེ་འབར་བས།། སྟག་ལ་མེ་འབར་ཞེས།། གཏན་ཚིགས་དེ་ནས་བྱུང་།།

སྟག་གི་མགོ་བོ་ལ།། ལྷ་གསས་རྟེན་དུ་བཙུགས།། སྟག་གི་རྒྱལ་མཚན་གྱི།། གཏན་ཚིག་དེ་ནས་བྱུང་།།

སྟག་གི་སྒལ་གཞུང་ལ།། དབལ་བོན་ཐོད་དུ་བྱས།། སྟག་གི་པྲོག་ཞུ་ཡི།། གཏན་ཚིགས་དེ་ནས་བྱུང་།།

སྟག་གི་སུག་བཞི་ལ།། དབལ་བོན་སྐུ་རྒྱན་བྱས།། སྟག་གི་ཤམ་ཐབས་ཀྱི།། གཏན་ཚིགས་དེ་ནས་བྱུང་།།

སྟག་གི་མཆེ་བ་དེས།། དགྲ་བགེགས་བསྒྲལ་བའི་མཚོན།། སྟག་གི་མཆེ་ཟོར་གྱི།། གཏན་ཚིགས་དེ་ནས་བྱུང་།།

སྟག་ཤ་ལྷ་གསས་ཀྱི།། མཆོད་པའི་གསོལ་དུ་བྱས།། རྔམ་དགུའི་ལྟག་ཤ་ཞེས།། གཏན་ཚིགས་དེ་ནས་བྱུང་།།

སྟག་ཁྲག་དབལ་མོ་ཡི།། དགྱེས་པའི་བསྐང་དུ་བྱས།། གདུང་བའི་སྙིང་ཁྲག་གི། གཏན་ཚིགས་དེ་ནས་བྱུང་།།

གདུག་པའི་ང་རོ་ཡིས།། གྱེར་དང་གདངས་དབྱངས་ལ།། ལྷ་དང་གསས་འབོད་པའི།། སྒྲ་དང་དབྱངས་སུ་བྱས།།

ཚངས་པའི་གླིང་གྲགས་དང་།། གདུག་རྔམ་སྟག་མོའི་ངར།། སྤུ་བསྙེམས་སེང་གེའི་རྔམ།། སྐད་ཀྱི་གཏན་ཚིགས་བྱུང་།།

གཤེན་དང་དབལ་ཚོགས་ཀྱིས།། གནོད་བྱེད་དངོས་སུ་བསྒྲལ།། བདུད་གཅན་དབང་བསྡུས་པའི།། གཏན་ཚིགས་དེ་ནས་བྱུང་།།

དེ་ནས་དབལ་གྱི་གཤེན།། སྟག་ལ་མེ་འབར་མཆོག། སྟག་ལོའི་སྟག་ཟླ་དང་།། སྟག་གི་ཉིན་མོར་འཁྲུངས།།

དབལ་གྱི་ཕུར་ནག་སྒྲུབ།། འགུག་སྒྲོལ་ཕོ་ཉ་བཏང་།། སྲིན་པོ་ཕོ་མོ་བསྒྲལ།། བོན་གྱི་རྒྱལ་མཚན་འཛུགས།།

སྟག་ལོ་བཤད་པའི་སྐབས་གསུམ་པའོ།།

ལེའུ་བཞི་པ། ལོ་ཡོས་ལོའི་གཏན་ཚིགས་བློ་གྲོས་གསལ་བའི་དབང་པོ་ལ་སྐྱེན་པོ་རིག་པའི་རྒྱལ་པོ།

དེ་ནས་སྟོན་པ་མཆོག། དགུང་ལོ་བཞི་བཞེས་དུས།། ཀུན་རྫོབ་གཙོར་སྟོན་བོན།། ཡང་དག་བསྟན་པ་ལ།།

ཐར་པ་གཡུང་དྲུང་དབྱིངས།། ཤི་བ་འདུར་བའི་ཐབས།། འདུར་ཐབས་དྲུག་ཅུ་ནི།། ཡོངས་སུ་ཐུགས་ཆུད་དེ།།

སྨྲ་ཡུལ་ཐང་བརྒྱད་དུ།། སྨྲ་མིའི་མགོན་པོ་ནི།། སྨྲ་རྗེ་རྒྱལ་པོ་དེ།། ཚེ་འཕོ་བྱས་པའི་དུས།།

གསོན་གཤིན་གཉིས་ཀྱི་བར།། བརྡ་རུ་སྤྲོད་དུ་བྱོན།། སྲིད་གཤེན་གཙུག་ཕུད་དང་།། ཐབས་དང་ཅིག་ཏུ་བཞུགས།།

བདེ་གཤེགས་མཆོད་པ་དང་།། རིགས་དྲུག་སྦྱིན་པའི་ཚོགས།། ཡ་སྟགས་སྣ་ཚོགས་ཤིག། མང་པོ་བསགས་བྱས་ནས།།

བོན་ཉིད་སྲིད་པའི་ཀློང་།། སྲིད་གཤེན་ཐབས་ཀྱི་ལྷ།། འདུར་གསས་རྨ་བོ་ལ།། མཆོད་ཅིང་བསྒོམས་པའི་དུས།།

ཡ་སྟགས་སྣ་ཚོགས་ནང་།། གཟུགས་བརྙན་རྣ་རིང་ཞིག། ཁ་ལ་ཡོས་ཀྱིས་བཀང་།། བྱུང་བ་ཐབས་ཀྱིས་བཟུང་།།

ལུས་སྦུང་མགོ་བོ་ཆུང་།། རྣ་རིང་ཁ་སྣ་རལ།། རྔ་མ་འུར་བ་དང་།། སྤྱན་མིག་ཆེ་བ་སྣང་།།

སྲིད་གཤེན་ཞལ་ན་རེ།། འདི་ནི་མི་འདྲ་བ།། གསོན་གཤིན་གཉིས་ཀ་ལ།། ཡ་སྟགས་ལ་ནི་ཆེ།།

ཡས་ལ་ཡོས་དག་གིས།། མཚུངས་བ་བཟང་གསུང་ཏེ།། ཤི་ཐབས་འདུར་ཐབས་ཀྱི།། གཏོ་དང་ཡས་སུ་བྱས།།

གསོན་པོའི་སྲོག་སྐྱོབ་དང་།། གཤིན་པོའི་བླ་ཁུག་སྟེ།། གསོན་གཤིན་གཉིས་ཀྱི་བར།། གོ་བའི་བརྡ་སྤྲད་ནས།།

གཤིན་པོའི་རྣམ་ཤེས་ཡང་།། བདེ་བར་གནས་སྤར་བས།། ལོ་ནི་ཡོས་ལོ་ཡི།། གཏན་ཚིགས་དེ་ནས་བྱུང་། །

རི་བོང་རྭ་མེད་པས།། མེད་ལ་ཡོད་བཏགས་པར།། རི་བོང་རྭ་ཞེས་པའི།། གཏན་ཚིགས་དེ་ནས་བྱུང་།།

ཡོས་ལོ་བཤད་པའི་སྐབས་བཞི་པའོ།།

ལེའུ་ལྔ་པ། ལོ་འབྲུག་ལོའི་གཏན་ཚིགས་སྲེག་བྱེད་དབལ་མེའི་ཟེ་བ་ལ་གྲགས་སྟོང་གཡུ་འབྲུག་སྐད་གསང་།

ལོ་མཛོད་བཅུ་གཉིས་ཀྱི།། མཛད་པ་ལྔ་པའི་སྐབས།། ཤར་ཕྱོགས་གཡུང་དྲུང་གི། བཀོད་པ་མཛེས་པའི་གླིང་།།

གཡུང་དྲུང་བཀོད་ལེགས་ཀྱི།། མཆོད་རྟེན་བཞེངས་སུ་གསོལ།། དགེ་སྡིག་སྟངས་དབྱེ་དང་།། ལས་འབྲས་རྣམ་གཞག་གི།

རྒྱུ་འབྲས་དོན་མཚོན་པའི།། མདོ་ཆེན་གཞུང་བཞི་དང་།། ཡན་ལག་ཞེ་གཉིས་ཀྱི།། དོན་ལ་འབྲེལ་བ་བཏབས།།

དགེ་བཅུ་ཡིད་བསྙེན་དང་།། མི་དགེ་བློ་ལྡོག་ཀྱི།། ཀུན་རྫོབ་དོན་དམ་པའི།། བདེན་གཉིས་བོན་སྒོ་ལས།།

དགེ་བསྙེན་ཐེག་པའི་བོན།། གཏན་ལ་ཕབ་མཛད་དེ།། དགེ་བསྙེན་གཙུག་ཕུད་ལ།། བསྟན་པ་གཉེར་དུ་གཏད།།

གཡུང་དྲུང་སེམས་དཔའ་དང་།། ཐབས་གཅིག་གཞུག་པའི་ཚེ།། མཆོད་ཅིང་སྒོམ་པའི་ལྷ།། སྲིད་པའི་རྒྱལ་པོ་ནི།།

བླ་མེད་བདེ་བར་གཤེགས།། གཡུང་དྲུང་ཡེ་དབང་རྒྱལ།། ཡིད་བཞིན་ནོར་བུ་ཅན།། མཆོད་ཅིང་ཞལ་བསྲོས་ཅིང་།།

གཤེན་རབ་མི་བོ་ཆེས།། བོན་གཏན་ཕབ་པའི་དུས།། ཐེག་པའི་མདོ་སྡུད་སྐབས།། ཐར་པའི་ལམ་སྟོན་ཚེ།།

དགེ་སྡིག་སྟངས་བརྩིས་དུས།། ལས་དང་རྒྱུ་འབྲས་ཀྱི།། རྣམ་པར་ཤན་འབྱེད་སྐབས།། དུས་སུ་གྲགས་པའི་འབྲུག།

ནམ་མཁའི་སྤྲིན་ཟིལ་ནང་།། དབྱར་དགུན་ཤན་འབྱེད་པ།། གཡུ་འབྲུག་སྔོན་པོ་ལ།། འོད་ཀྱི་ལྕེ་འབྱིན་བྱུང་།།

ཚངས་པ་གཙུག་ཕུད་ཀྱིས།། སྒྲ་སྐད་ཀྱི་རྒྱལ་པོ་འདི།། དུས་སུ་གྲགས་པ་ནི།། རྟེན་འབྲེལ་ཆེ་བར་གསུངས།།

བྱས་པ་དགེ་བའི་ཚོགས།། སྙན་དང་གྲགས་པའི་དཔལ།། ནམ་མཁའི་འབྲུག་བས་ཆེ།། ཞེས་པའི་གཏན་ཚིགས་བྱུང་།།

བསྟན་པ་ཕྱོགས་བཅུར་དང་།། ནམ་མཁའི་མཐའ་མཉམ་པའི།། གནས་པའི་རྟེན་འབྲེལ་གྱི།། གཏན་ཚིགས་དེ་ནས་བྱུང་།།

རྟགས་དང་རྟེན་འབྲེལ་གྱི།། དགེ་བའི་གྲོགས་ཤར་བས།། འབྲུག་གི་ལོ་ཞེས་པའི།། གཏན་ཚིགས་དེ་ནས་བྱུང་།།

ནམ་ཟླ་དབྱར་དང་དགུན།། དུས་ཚོད་བར་མཚམས་དེ།། འབྲུག་གིས་ཤན་འབྱེད་པའི།། གཏན་ཚིགས་དེ་ནས་བྱུང་།།

སྙན་གྲགས་འབྲུག་བས་ཆེ།། བྱ་བའི་གཏན་ཚིགས་དང་།། བསྟན་པ་ནམ་མཁའི་མཐའ།། མཉམ་བྱའི་གཏན་ཚིགས་བྱུང་།།

དགེ་སྡིག་སྟངས་བརྩི་དང་།། རྒྱུ་འབྲས་ཤན་འབྱེད་པ།། ཐེག་པ་གོང་འོག་གི། ཁྱད་པར་གཏན་ཚིགས་བྱུང་།།

འབྲུག་གི་མིང་ཚིག་དང་།། ཐ་སྙད་ལས་བྱུང་བའི།། ངེས་པའི་གཏན་ཚིགས་དང་།། རྟགས་དང་དཔེ་མཚོན་ནི།།

གཤེན་རབ་གསུངས་ཀྱི་སྒྲ།། དུས་སུ་བྱུང་བ་ནི།། འབྲུག་ལྟར་སྒྲོགས་པ་འདྲ།། ཞེས་པའི་མཚན་དཔེ་མཚོན།།

གསུང་གི་དཔེ་བྱད་གཉིས།། གསུང་དབྱངས་ཡན་ལག་ལྔ།། འབྲུག་གི་སྒྲ་ལྡན་པས།། སྙན་ཞིང་ལྡན་པ་མཚོན།།

བོན་སྒོ་མ་རྨོངས་པ།། ཀུན་ལ་སྟོན་པའི་དཔེ།། འབྲུག་ཆེན་གསུང་སྒྲ་ཡི།། བསྒྲགས་པའི་དཔེ་རུ་བྱས།།

རྟོགས་པའི་དབང་པོ་ཡི།། རང་བཞིན་མ་འགག་པ།། བར་སྣང་ཁམས་སུ་ནི།། འབྲུག་སྒྲ་སྒྲོག་པའི་དཔེ།།

མཆོད་ཡུལ་སྤྱན་དྲངས་ཚེ།། འབྲུག་ལྕམ་དར་མའི་སྒྲས།། མི་སྙན་སྒྲ་ཚོགས་རྣམས།། ཟིལ་གྱིས་གནོན་པའི་དཔེ།།

གཡུ་འབྲུག་སྔོ་མོ་ཡི།། སྒྲ་མི་བཅད་པའི་དཔེ།། གླུ་དབྱངས་གྱེར་གྱི་གཞུང་།། བསྲང་བའི་དམ་ཚིག་ངེས།།

མཁས་པའི་བྱ་བ་ཡི།། སྙན་དང་གྲགས་པའི་དཔལ།། དགུང་ལ་གཡུ་འབྲུག་སྐད།། གྲགས་པའི་དཔེ་རུ་འགྲོ།།

ཕྱྭ་གཤེན་གཏོ་དཔྱད་ལས།། སྐད་གཅོང་དགུ་ཡི་ནང་།། ཕྱྭ་གསས་བཞེན་འདེབས་ནི།། གཡུ་འབྲུག་སྐད་ཀྱི་གཅོང་།།

སྨྲ་ངན་ལོག་ལྟའི་ཚོགས།། ཟིལ་གྱིས་གནོན་བྱེད་པའི།། ལུང་རིགས་ཚད་མའི་གསུང་།། འབྲུ་སྒྲའི་དཔེ་རུ་འཇུག།

དཔེ་བྱད་བརྒྱད་ཅུ་ལས།། གསུང་ནི་འབྲུག་སྒྲ་ལྟར།། བརྗིད་ཆེ་བརྟན་པ་དང་།། སྙན་ཅིང་འཇམ་པའི་དཔེ།།

འབྲུག་དང་འབྲེལ་ཆེ་བའི།། སྔོན་ཚེ་གནམ་སའི་བར།། ངོ་མཚར་ལྡན་པ་ཡི།། གཏམ་རྒྱུད་རྩིས་རིག་བྱུང་།།

སེང་འབྲུག་རྩལ་འགྲན་ཚེ།། འབྲུག་གིས་སེང་མ་ཐུབ།། འབྲུག་གིས་སེང་གེ་ལ།། གཙིགས་སུ་ཕུལ་བ་ནི།།

སེང་གེ་གངས་ལ་འགྱིང་།། གཡུ་འབྲུག་མཚོ་ལ་གཞོལ།། རང་རང་ས་ཆ་ནས།། གནས་པའི་ཐ་ཚིག་བཅད།།

སེང་གེ་དཀར་མོ་ཡིས།། དྲོ་དེ་མ་བྱས་གོང་།། གཡུ་འབྲུག་སྔོ་མོ་ཡིས།། སྒྲ་སྐད་སྒྲོག་མི་སྲིད།།

སེང་གེ་གངས་དཀར་སྟོད།། ལྡོངས་ནས་ཉལ་བའི་དུས།། གཡུ་འབྲུག་སྔོ་མོ་ཡིས།། དབྱར་དགུན་ཤན་འབྱེད་སློང་།།

ལོ་རྒན་དྲུག་བཅུའི་ནང་།། བསྐུར་འགོ་ལྔ་རེ་ལ།། ཤིང་མེ་ས་ལྕགས་ཆུ།། འབྲུག་གི་ལོ་རེ་འཁོར།།

ལོ་རིས་ཟླ་ལ་ཕབ།། འབྲུག་ལ་བབ་པ་ལ།། བོད་ཟླ་གསུམ་པ་སྟེ།། འབྲུག་གི་ཟླ་བ་ཞེས།།

དྲུག་པའི་ཚེས་གསུམ་དང་།། བཅོ་ལྔ་ཉེར་བདུན་དང་།། མོ་ཟླ་དྲུག་པའི་དགུ།། ཉེར་གཅིག་འབྲུག་གི་ཉིན།།

ཡུལ་གང་དེ་ཡི་ལ།། ཞོག་པའི་ཆུ་ཚོད་ནི།། བདུན་དང་དྲུག་གི་བར།། ཉི་ཤར་འབྲུག་གི་དུས།།

འབྲུག་ལོ་བཤད་པའི་སྐབས་ལྔ་པའོ།།

ལེའུ་དྲུག་པ། ལོ་སྦྲུལ་ལོའི་གཏན་ཚིགས་ཕན་བྱེད་སྨན་ལྕེ་དཀར་པོ་ལ་དུག་འཇོམས་བདུད་རྩི་འཁྱིལ་པ།

དེ་ནས་སྟོན་མཆོག་ནི།། དགུང་ལོ་དྲུག་བཞེས་དུས།། ཤར་ཕྱོགས་ཆུ་བོ་ནི།། ན་ར་ཛ་རའི་འགྲམ།།

མེ་ཏོག་སྣ་ཚོགས་གླིང་།། ཙནྡན་ལྗོན་པའི་ཤིང་།། ལོ་རྒྱས་གྲིབ་བསིལ་དུ།། དཀའ་ཐུབ་མཛད་དུ་གཤེགས།།

གཡུང་དྲུང་སེམས་དཔའ་མཆོག། གཤེན་གྱི་དྲང་སྲོང་ནི།། གཙུག་ཕུད་རྒྱལ་བ་དང་།། ཐབས་ཅིག་བཞུགས་པ་དང་།།

བདེ་བར་གཤེགས་པ་ལ།། མཆོད་པའི་བྱེ་བྲག་ཕུལ།། གཤེན་གྱི་དགེ་སྤྱོད་ཀྱི།། ཡན་ལག་བདུན་པ་མཛད།།

རྣམ་དག་མཆོད་རྟེན་མདུན།། བདེ་བར་གཤེགས་པ་ཡི།། བཀའ་དང་ལུང་ཚད་མར།། བདེན་པ་དཔང་བཙུག་ནས།།

ཚིག་དང་ཡི་གེར་བྲིས།། འཕྲུལ་གྱི་ཡི་གེའི་ལྷ།། ཡེ་སྲིད་འཕྲུལ་རྒྱལ་ལ།། མཆོད་ཅིང་བསྒོམས་པའི་ཚེ།།

གཤེན་དང་དྲང་སྲོང་ཡང་།། ལས་དང་རྒྱུ་འབྲས་ཀྱི།། རྣམ་གཞག་བཀའ་མོལ་ནས།། གཟིགས་ཏེ་བཞུགས་པའི་དུས།།

གདུག་པ་ཤ་ཟན་བུ།། སྦྲུལ་ཞིག་མགུར་གསང་དུ།། འཁྱུད་དེ་བསྡམས་པ་ལ།། ཐུགས་རྗེས་སླེབ་ཀྱིས་བཟུང་།།

གཤེན་གྱི་ཞལ་ནས་རེ།། འདི་ནི་ཞེ་སྡང་ཞིང་།། མིག་ཟླུམ་ཁ་ཡངས་པ།། གཙུག་འབུར་ལུས་འཁྱུད་པ།།

ལྕེ་མྱུར་དུག་ཅན་པ།། རྐང་དང་ལག་མེད་ཀྱང་།། ཐོགས་མེད་གང་སར་འགྲོ།། ཁ་རླངས་ངན་པར་སྣང་།།

ཐབས་ལ་མཁས་པ་ཡིས།། རྣམ་པར་དག་པའི་ལམ།། གཤེན་གྱི་སྤྱོད་པ་ལ།། རབ་ཏུ་འཇུག་པར་བྱས།།

སྦྲུལ་གྱིས་འདི་སྐད་དུ།། ནགས་ཚལ་གླིང་ཁྲོད་ཀྱི།། ཁྱེད་ཀྱི་དབེན་གནས་ལ།། ང་ཡིས་བསྲུང་བ་བྱེད།།

དམ་པའི་སྐྱེས་བུ་ཡིས།། དཀའ་ཐུབ་སྲུང་བ་ལ།། གདུག་པའི་ཞེ་སྡང་གིས།། ནམ་ཡང་གནོད་མི་བསྐྱལ། །

དྲིན་ལན་དྲིན་ཀྱང་འདོགས།། གུས་པར་འདུད་པ་ལས།། ལོ་ནི་སྦྲུལ་ལོ་ཡི།། གཏན་ཚིགས་དེ་ནས་བྱུང་།།

སྨན་ལྕེ་དཀར་པོ་དེ།།སྦྲུལ་བྱིན་སྦྲུལ་སྲོག་དེ།། མཚོན་གྱིས་མི་ཆོད་པའི།། གཏན་ཚིགས་དེ་ནས་བྱུང་།།

དུག་ལྕེ་ནག་པོ་དེ།། མ་འཕྲོག་བཏང་བ་ལས།། མ་བྱིན་མི་ལེན་པའི།། གཏན་ཚིགས་དེ་ནས་བྱུང་།།

མ་བསད་རང་གནས་སུ།། བསྐྱལ་ཏེ་བཏང་བ་ལ།། སྲོག་མི་བཅད་པ་ཡི།། གཏན་ཚིགས་དེ་ནས་བྱུང་།།

ཆུ་སྨན་རྒྱལ་མོ་ཡིས།། བསླུ་བའི་ཐབས་བསྟན་པས།། མི་སྡུག་རྒན་མོའི་ཚོགས།། བྱིན་གྱིས་བརླབས་ཏེ་བཏང་།།

གཤེན་རབ་སེམས་དཔའ་ཡིས།། འདོད་པ་ལོག་པ་ལ།། མི་གཡེང་ཞེས་བྱ་བའི།། གཏན་ཚིགས་དེ་ནས་བྱུང་།།

སྦྲུལ་ལོ་བཤད་པའི་སྐབས་དྲུག་པའོ།།

ལེའུ་བདུན་པ། ལོ་རྟ་ལོའི་གཏན་ཚིགས་རླུང་ལས་སྤྲུལ་པའི་རྟ་ཕོ་ལ་ཅང་ཤེས་སྤྲིན་གྱི་རྩལ་ཤུགས་ཅན།

སྟོན་པ་གཤེན་རབ་མཆོག། དགུང་ལོ་བདུན་བཞེས་ཚེ།། འོག་མིན་གནས་ཀྱི་ཞིང་།། པདྨ་བཀོད་པའི་གླིང་།།

གཡུང་དྲུང་རང་བྱུང་གི། བདེ་གཤེགས་མཆོད་པའི་རྟེན།། དཔག་ཚད་བདུན་ལྡན་སར།། ཤེལ་བྲག་རྩེ་རྫོང་གནས།།

མཆོད་པའི་ཡོ་བྱད་བསགས།། མཆོད་ཡུལ་ཡེ་ཤེས་ལྷ།། མཁའ་འགྱིང་ཁྲོ་བོ་མཆོག། བསྙེན་ཅིང་སྒྲུབ་པ་མཛད།།

ཨ་དཀར་ཐེག་པའི་བོན།། གཏན་ལ་ཕབ་མཛད་ནས།། དབང་ལྡན་གཙུག་ཕུད་ལ།། གཉེར་དུ་གཏད་མཛད་དོ།།

བསྒྲུབས་པས་གྲུབ་པ་དངོས།། གསང་བའི་དངོས་གྲུབ་ནི།། གསང་བ་འདུས་པ་ལ།། བསྙེམས་པས་བཞུགས་པའི་དུས།།

བར་སྣང་ཁམས་སུ་ནས།། ཨ་ཡང་རླུང་ལས་ནི།། སྤྲུལ་པའི་ཅང་ཤེས་རྟ།། སྤྲིན་གྱི་ཤུགས་ཆེན་ཞིག།

དངོས་གྲུབ་རྟགས་སུ་ནི།། དབེན་གནས་སྒོ་རུ་བབས།། རྫུ་འཕྲུལ་ཐབས་ཀྱིས་བཟུང་།། དབལ་གཤེན་ཕྱག་ཏུ་བཏང་།།

དབལ་གཤེན་ཞལ་ན་རེ།། ཡ་མཚན་སེམས་ཅན་འདི།། སྤྲིན་གྱི་གསེབ་ནས་བྱུང་།། རླུང་གི་བུ་རུ་ངེས།།

སྤྱི་གཙུག་ཅུང་འབུར་བ།། རིན་ཆེན་སྒོང་རྡོ་འདྲ།། རྣ་བ་ཐང་དཀར་གྱི།། མཐེབ་གཤོག་བརྐྱང་བ་འདྲ།།

མིག་གཉིས་སྐར་ཆེན་འདྲ།། ཁ་སྣ་ཤ་བ་འདྲ།། རྔོག་མ་ལྷོ་སྤྲིན་འདྲ།། རྔ་མ་འབབ་ཆུ་འདྲ།།

སྤྲུལ་པའི་སྐུ་མཆོག་ནི།། ཆིབས་བསྐྱོད་མི་འཚལ་ཡང་།། འགྲོ་བ་རང་མཐུན་གྱི།། ཆ་ལུགས་བསྟན་པའི་ཕྱིར།།

རྒྱལ་བས་ཆིབས་རྟ་ཡི།། དང་པོ་མཛད་པར་ཞུ།། ཞུས་པས་རྟ་ལོ་ཡི།། གཏན་ཚིགས་དེ་ནས་བྱུང་།།

གསང་སྔགས་གསང་བའི་བོན།། བསྒྲུབ་ན་བསྐྱོད་མེད་པར།། གནས་སུ་ཕྱིན་པ་ཡི།། གཏན་ཚིགས་དེ་ན་བྱུང་།།

རྟ་ལོ་བཤད་པའི་སྐབས་བདུན་པའོ།།

ལེའུ་བརྒྱད་པ། ལོ་ལུག་ལོའི་གཏན་ཚིགས་ལྷ་ལུག་གསོས་ཀྱི་རུ་མ་ལ་བདུད་རྩི་འོ་མའི་རྒྱ་མཚོ།

དེ་ནས་སྟོན་པ་མཆོག། དགུང་ལོ་བརྒྱད་བཞེས་ནས།། རི་བོ་གངས་གླིང་ཁྲོད།། ནགས་ཚལ་མཛེས་པའི་དབུས།།

ས་གཞི་བདུད་བརྩིའི་ཚལ།། བདུད་རྩི་ཁྲུས་ཀྱི་ཆབ།། རྒྱ་མཚོ་གཡུང་དྲུང་གི།། མ་གི་ཏིང་གི་འགྲམ།།

བཀོད་པ་དོན་ལྡན་པའི།། བདེ་གཤེགས་མཆོད་རྟེན།། དཔག་ཚད་བདུན་པའི་དྲུང་།། རིན་ཆེན་གཞལ་ཡས་སུ།།

ཡིད་ལས་སྤྲུལ་པའི་སྲས།། རིག་པའི་ཁྱེའུ་ཆུང་།། ཡེ་གཤེན་གཙུག་ཕུད་དང་།། ཐབས་ཅིག་ཏུ་བཞུགས་ཏེ།

འོད་དཀར་གནས་འཛིན་ལྷ།། མཆོད་ཅིང་བྱང་ཆུབསེམས།། བསྒོམས་པས་མི་འགྱུར་བའི།། གཡུང་དྲུང་སྐུ་འཆང་སྟེ།།

ཡེ་གཤེན་བཀོད་པའི་དོན།། བཀའ་རྒྱུད་གཏན་ལ་ཕབ།། སྣང་བ་ཐམས་ཅད་ནི།། ཡེ་གཤེན་དོན་དུ་དགོངས།།

ཉིད་ཞལ་ཉིད་ཀྱིས་ནི།། གཟིགས་ཏེ་དགོངས་པ་ལ།། ཡོངས་སུ་གནས་མཛད་པའི།། དེ་ཚེ་དེ་ཡི་དུས།།

རིན་པོ་ཆེ་ཡི་ནི།། རྐང་འགྲོས་ཞེས་བྱ་བ།། ལྷ་ལུག་སྨད་བདུན་ཞེས།། ངོ་མཚར་ཆེ་བ་བྱུང་།།

ཉིན་ཞིང་མ་བཙའ་བར།། མཚན་ཞིང་ཞོ་སྐྱེལ་བས།། མཁོ་དགོས་འཚོ་བ་ནི།། དུས་སུ་སྦྱོར་བ་བྱུང་།།

ཡེ་གཤེན་ཞལ་ན་རེ།། ཡིད་ལས་སྤྲུལ་པའི་སྲས།། རིག་པའི་ཁྱེའུ་ཆུང་གིས།། དེ་ལ་ངོ་མཚར་སྐྱེས།།

བལྟ་ན་མིག་ལ་མཛེས།། ཆེ་ཆུང་རན་པའི་ཚད།། སྤུ་མཚན་ཤིན་ཏུ་དཀར།། མིག་ལ་ཤེལ་མདངས་ཆགས།།

རྭ་ཅོ་མཛེས་ལ་དོད།། རྣ་བ་རྡེབ་ལ་འཁྱུག། གསུང་སྐད་གདུང་ལ་སྙན།། ཁ་སྣ་གཙང་ལ་ལེགས།།

འགྲོ་ན་རྐང་འགྲོས་མཁས།། འདུག་ན་ཤ་ལྤགས་དྲོ།། འཇམ་པོའི་བལ་དག་ལ།། དྲོ་བའི་གོས་འབྱུང་བ།།

བཞོས་ན་གསོས་སུ་གྱུར།། དགོས་འདོད་ཀུན་འབྱུང་བའི།། རིན་ཆེན་རྐང་འགྲོས་རིགས།། བྱུང་བ་གཡུང་དྭགས་ཀྱི།།

མཆོག་ཏུ་གྱུར་པ་ལ།། སྲིད་པའི་ལུགས་མཐུན་པ།། ལོ་ནི་ལུག་ལོ་ཡི།། གཏན་ཚིགས་དེ་ནས་བྱུང་།།

དགེ་བ་མིས་སྤྱད་ན།། འཚོ་བ་ལྷས་སྦྱར་བའོ།། ཞེས་སུ་བྱ་བ་ཡི།། གཏན་ཚིགས་དེ་ནས་བྱུང་།།

ལུག་ལོ་བཤད་པའི་སྐབས་བརྒྱད་པའོ།།

ལེའུ་དགུ་པ། ལོ་སྤྲེལ་ལོ་བཤད་པ་སྤྲེལ་རྒྱལ་རིག་པའི་རྒྱལ་པོ་ལ་བློ་གྲོས་གསལ་བའི་དབང་པོ།

དེ་ནས་སྟོན་པ་མཆོག། དགུང་ལོ་དགུ་བཞེས་ནས།། འོལ་གླིང་ནུབ་ཕྱོགས་ཀྱི།། མི་གཡོ་བསམ་གཏན་གླིང་།།

ངོ་མཚར་གསས་ཁང་ནི།། དགུ་ཁྲི་གླིང་མཁར་ལ།། མཆོད་པའི་ཚོགས་ནི།། རབ་ཏུ་ཕུལ་བྱས་ཏེ།།

བླ་མེད་ཐེག་དགུ་ཡི།། ཐེག་པའི་ཡང་རྩེ་སྟེ།། ཉེ་ལམ་ཐར་པའི་ལམ།། སྡོང་པོ་དགུ་འདུས་བོན།།

རྒྱུད་རྒྱལ་ལུང་གི་སྙིང་།། མན་ངག་མདོ་སྡུད་པ།། རྫོགས་པ་ཆེན་པོ་ཡི།། ནམ་མཁའ་སྤྱི་གཅོད་བོན།།

ཡས་ཕུབ་ལྟ་བ་ནི།། ཡེ་ཤེས་རྩེ་རྒྱལ་མཆོག། སྒྲིབ་མེད་དགོངས་པ་ནི།། ནམ་མཁའི་མཛོད་ཆེན་རྒྱས།།

སྤྱོད་པ་བོན་ཉིད་དོན།། རབ་ཏུ་རྣམ་པར་རོལ།། འབྲས་བུ་རང་བཞིན་དུ།། འབད་མེད་ལྷུན་གྲུབ་པ།།

དམ་ཚིག་གདོད་མ་ནས།། རབ་ཏུ་རྣམ་པར་དག། དཔག་པའི་མཚན་མ་ནི།། བོན་ཉིད་ངང་ལ་རྫོགས།།

རང་རིག་རྒྱལ་པོ་སྟེ།། ཀུན་གཞི་བྱང་ཆུབ་སེམས།། ཡེ་སངས་རྒྱས་པ་རུ།། གནས་ལུགས་དོན་རྟོགས་ཤིང་།

ཐེག་དགུ་བླ་མེད་དོན།། གཏན་ལ་ཕབ་མཛད་ནས།། ཚད་མེད་གཙུག་ཕུད་ལ།། ཕྲིན་ལས་གཉེར་དུ་གཏད།།

དེ་ཚེ་དེ་ཡི་དུས།། འདམ་བུ་མེ་ཏོག་ཚལ།། བྱང་ཆུབ་ལྗོན་ཤིང་ཤིང་གི། རྭ་བ་སྐྱིལ་པོ་རུ།།

ཚད་མེད་གཙུག་ཕུད་དང་།། ཐབས་ཅིག་མཆོད་པའི་ལྷ།། སེམས་ལ་རང་འབྱུང་གི། གཤེན་ལྷ་འོད་དཀར་པོ།།

ཉིད་དུ་བསྒོམས་པ་ལས།། ནགས་ཀྱི་ཚལ་གསེབ་ནས།། སྤྲེའུའི་རྒྱལ་པོ་ནི།། ཧ་ནུ་མ་དྷ་ཡིས།།

ལྗོན་ཤིང་འབྲས་བུ་ནི།། བཟེད་ཞལ་གང་ཐོགས་ནས།། སྤྲེའུ་འཁོར་དུ་མ་བཅས།། གུས་པས་དྲུང་དུ་འདུད།།

ཚད་མེད་གཙུག་ཕུད་ཀྱིས།། དེ་ལ་ངོ་མཚར་སྐྱེས།། ཨ་ལ་སེམས་ཅན་འདི།། ཤིན་ཏུ་ངོ་མཚར་ཆེ།།

ཤེས་རིག་དང་ལྡན་པ།། ལྷུན་ཆགས་བག་ཡོད་པ།། སྤྱོད་ལམ་མཛེས་པ་དང་།། ལས་སྤྱོད་མི་དང་འདྲ།།

ངོ་གདོང་མི་ངན་ནས།། རྔ་མ་མེད་གྱུར་ན།། གོས་ཀྱང་མི་དགོས་པ།། མི་བས་ལྷག་འདུག་གསུངས།།

སྟོན་པས་སྤྲེའུ་ཚོགས་ལ།། བྱང་ཆུབ་སེམས་ཀྱི་དོན།། གནས་ལུགས་ཟབ་མོ་རྣམས།། གཏན་ཕབས་ཏེ་བཤད།།

ཉམས་སུ་བླངས་པ་ནས།། སྤྲེའུའི་འཁོར་ཚོགས་ལ།། བྱང་ཆུབ་སེམས་དཔའ་ནི།། མང་དུ་བྱུང་བ་དང་།།

བླ་མེད་ཐེག་པའི་འཁོར།། དང་པོར་གྱུར་པ་ནས།། ལོ་ནི་ལོ་སྤྲེའུ་ལོ་ཡི།། གཏན་ཚིགས་དེ་ནས་བྱུང་།།

སྦྲེལ་གྱིས་སྟོན་པ་ཡི།། ཞབས་ཀྱི་པད་མོར་གཏུགས།། ཞབས་ནི་སྤྱི་བོར་རུ།། བླང་པའི་གཏན་ཚིགས་བྱུང་།།

སྤྲེའུའི་འཁོར་ཚོགས་ཀྱིས།། མེ་ཏོག་ཚོགས་ཕུལ་བས།། མེ་ཏོག་ལྷར་ཕུལ་བའི།། གཏན་ཚིགས་དེ་ནས་བྱུང་།།

སྤྲེལ་ལོ་བཤད་པའི་སྐབས་དགུ་པའོ།།

ལེའུ་བཅུ་པ། ལོ་བྱ་ལོའི་གཏན་ཚིགས་ལྟ་བའི་རླབས་ཆེན་བྱ་ཁྱུང་ལ་ཐོག་མེད་རླབས་ཀྱི་གཤོག་པ།

སྟོན་པ་གཤེན་རབ་མཆོག། དགུང་ལོ་བཅུ་བཞེས་ནས།། འོལ་མོ་ལུང་རིང་གི། རྒྱལ་ས་དབུས་ཀྱི་གནས།།

བལ་པོ་སོ་བརྒྱད་ཀྱི།། མཁར་གྱི་དབུས་བཞུགས་ཏེ།། ཐེག་པ་དགུ་པའི་དོན།། གཏན་ལ་ཕབ་པ་དང་།།

སྐད་རིགས་མི་མཐུན་པ།། སུམ་བརྒྱ་དྲུག་ཅུའི་དོན།། ཡོངས་སུ་ཐུགས་ཆུད་ཅིང་།། བསྟན་པ་གཟུགས་པའི་དོན།།

གཡུང་དྲུང་བོན་གྱི་དོན།། སྐད་རིགས་མི་མཐུན་པ།། སུམ་བརྒྱ་དྲུག་ཅུ་ལ།། བསྒྱུར་བར་དགོངས་པ་ལ།།

དེ་ཚེ་དེ་ཡི་དུས།། མདུན་གྱི་ནམ་མཁའ་ལ།། འདབ་ཆགས་རྒྱལ་པོ་ནི།། སྤྱི་རྗེ་ཁྱུང་ཆེན་གཅིག།

འཁོར་དུ་བྱ་བྲན་ནི།། སུམ་བརྒྱ་དྲུག་བཅུ་ཡིས།། བསྐོར་ཏེ་མདུན་དུ་ཕྱུང་།། སྐད་རིགས་སྣ་ཚོགས་ཀྱིས།།

སངས་པོ་འབུམ་ཁྲི་ཡིས།། གཤེན་གྱི་ཕྱོགས་སྤྲིངས་པའི།། ཆབས་ཀྱི་ཡི་གེ་ནི།། མགུར་དུ་བཏགས་ནས་བྱུང་།།

སྙན་དུ་གསན་པ་ནས།། སྐད་རིགས་མི་མཐུན་པ།། སུམ་བརྒྱ་དྲུག་བཅུ་རྣམས།། ཡོངས་སུ་ཐུགས་མཁྱེན་ཏེ།།

གཡུང་དྲུང་བོན་གྱི་སྒོ།། བརྒྱད་ཁྲི་བཞི་སྟོང་ལ།། གསས་མཁར་གསང་བ་ནི།། སུམ་བརྒྱ་དྲུག་ཅུར་ཕྱེས།།

སྐད་རིགས་སུམ་བརྒྱ་དང་།། དྲུག་ཅུ་ལ་བསྒྱུར་ནས།། ཡེ་གཤེན་སུམ་བརྒྱ་དང་།། དྲུག་ཅུར་བསྟན་པ་བཞག།

ཤེལ་གྱི་རྡོ་རིང་རྩར།། གཡུང་དྲུང་འོད་མའི་ཚལ།། རིན་ཆེན་ལས་གྲུབ་པའི།། མཆོད་རྟེན་གཉེར་དུ་བསྐོས།།

ལྟ་བ་གཡུང་དྲུང་གི། ཁྱུང་ཆེན་ལྡིང་བའི་རྒྱུད།། ཡེ་ཤེས་ཐིག་ལེ་དང་།། ཁྱུང་རྒྱལ་འཁོར་ལ་བཤད།།

ཁྱུང་གི་གཙོ་འཁོར་གྱིས།། ལྟ་བ་ཁྱུང་ཆེན་གྱི།། གཡུང་དྲུང་གསང་བའི་དོན།། ཡོངས་སུ་ཐུགས་སུ་ཆུད་ནས།།

དགའ་དང་མགུ་བ་དང་།། ཀུན་གྱིས་སྟོན་པ་ལ།། ཕྱག་དང་མཆོད་འབུལ་དང་།། རབ་ཏུ་བསྟོད་བྱས་པས།།

ལྟ་བ་ཁྱུང་ཆེན་ལྡིང་།། ཞེས་པའི་གཏན་ཚིགས་དང་།། ལོ་བདག་བྱ་ལོ་ཡི།། གཏན་ཚིགས་དེ་ནས་བྱུང་།།

སྟོན་མཆོག་གཤེན་རབ་མཆོག། རླབས་ཆེན་བྱ་ཁྱུང་ལ།། བཅིབས་ནས་བོན་གྱི་བསྟན།། གཟུགས་བར་དགོངས་ནས་གཤེགས།།

འཛམ་གླིང་ས་ཡི་སྙིང་།། ཞང་ཞུང་ཡུལ་བབ་པས།། བསྟན་པ་ཞང་ཞུང་ལ།། སྔ་བའི་གཏན་ཚིགས་བྱུང་།།

དེ་ནས་མས་གཤེགས་པ།། ཞང་ཞུང་བར་པའི་ཡུལ།། ཁྲི་འདུལ་སྣང་རྩེ་སོགས།། རྩེ་བཞི་མཁར་དུ་བྱོན།།

དེ་ལས་མར་གཤེགས་པ།། ཞང་ཞུང་སྒོ་པའི་ཡུལ།། སྟ་སྒོ་ཤེལ་གངས་ཀྱི།། གཡུང་དྲུང་མུ་ལེའི་དབུས།།

མ་ཕང་གཡུ་མཚོའི་ཁུག། བཀྲ་ཤིས་བྱིན་ཆགས་སར།། ཁྱུང་ལུང་སྤྲུལ་པའི་མཁར།། རིན་ཆེན་སྣ་ལྔས་བརྩེག།

མཁར་གྱི་རྩེ་མོ་ལ།། གནམ་རིམ་བཅུ་གསུམ་བྱུང་།། མཁར་མིག་བརྒྱ་རྩ་ཡོད།། བུ་ཡུག་རྟག་པར་འཁོར།།

གཡུ་འབྲུག་ཏོང་སྔོན་ཉལ།། བྱ་ཁྱུང་རྩིབས་སུ་ལྡེང་།། དབལ་བོན་གཤེན་གསུམ་འབོད།། ཞང་ཞུང་གྱེར་རྒྱུང་གནས།།

སྟོད་ཆ་ལྷ་ཡིས་བཟུངས།། གཡའ་བྲག་གང་གསུམ་ལ།། འོད་ཟེར་ཐོག་གསུམ་འཕྲོ།། ལྷ་དྲག་གེ་ཁོད་གནས།།

བར་ཆ་གཤེན་གྱིས་བཟུང་།། རྔ་གཤང་དུང་གསུམ་སྒྲོག། ཞང་ཞུང་བོན་པོ་ལ།། འཕྲུལ་ངག་བདེན་པ་བཤད།།

འབྲོག་མོ་མཐིལ་གསུམ་མཆིས།། རྟ་ལུག་གནག་གསུམ་འཕྱོ།། གཡུ་སྦྲ་ཁྲིག་གསུམ་བྱུང་།། སྨུག་སྤྲིན་དུད་གསུམ་འཁོར།།

སྨད་ཆ་ཀླུ་ཡིས་བཟུངས།། གཡུ་མཚོར་གཡུ་བུན་ཁྲིགས།། མི་མགོན་དཀར་པོ་གནས།། ཀླུ་ཕྲུག་གྱུར་གསུམ་རྩེ།།

དེ་ཡི་ཕྱོགས་མཚམས་སུ།། ཤེ་ལེ་དབལ་རྩེ་སོགས།། མཁར་ཕྲན་བཅོ་བརྒྱད་ནི།། མཐའ་འདུལ་ཕྱིར་དུ་བརྩིགས།།

མཁར་ཕྲན་བཅོ་བརྒྱད་ལ།། སྡེ་ཆེན་བཅོ་བརྒྱད་གནས།། བོན་ཆེན་བཅོ་བརྒྱད་བཞུགས།། གསས་ཆེན་བཅོ་བརྒྱད་གསོལ།།

ཡང་འདུལ་གསས་མཁར་ནི།། སུམ་བརྒྱ་དྲུག་ཅུ་བརྩེགས།། གཞི་འདུལ་མཆོད་པའི་རྟེན།། སྟོང་དང་རྩ་བརྒྱད་བརྩེགས།།

ཞང་ཞུང་བོན་གྱི་ཡུལ།། མངའ་མཛད་རྒྱལ་པོའི་དབུ།། ཁྱུང་རུས་རྒྱན་པ་ཡི།། གཏན་ཚིགས་དེ་ནས་བྱུང་།།

བྱ་རུ་ཐོབ་པའི་གཤེན།། ཞང་ཞུང་བོན་གྱི་རྒྱལ།། ཐོགས་པའི་གཏན་ཚིགས་ཡང་།། དེ་ནས་བྱུང་བའོ།།

བྱ་ལོ་བཤད་པའི་སྐབས་བཅུ་པའོ།།

ལེའུ་བཅུ་གཅིག་པ། ལོ་ཁྱི་ལོའི་གཏན་ཚིགས་འགྱུར་མེད་ཐ་ཚིག་མདུད་པ་ལ་གྲོལ་མེད་ཚེ་ཡི་དམུ་ཐག

དེ་ནས་སྟོན་པ་མཆོག། དགུང་ལོ་བཅུ་གཅིག་བཞེས།། འོལ་ལུང་བྱང་ཤར་མཚམས།། མུ་ཁྱུང་བདལ་མཚོའི་འགྲམ།།

གཅན་གཟན་ཁྲོ་བའི་གླིང་།། ཁྱི་ན་ཙུག་གི་ཡུལ།། ཁྱི་ཁྱོན་ཏན་གྱི་རྒྱལ།། དར་མ་ར་ཙའི་སྲས།།

སིང་ང་ར་ཙ་དང་།། བློན་འཁོར་ཚོགས་བཅས་ཀྱིས།། སྟོན་པའི་སྒྲོན་མ་ཉིད།། ཡུལ་དུ་སྤྱན་དྲངས་ནས།།

ཡུལ་ཁམས་མི་རྣམས་ལ།། ཚོགས་བསགས་སྒྲིབ་སྦྱོང་གི། ཐབས་ལམ་བོན་གྱི་སྒོ།། གཏན་ལ་ཕབ་ཅིང་བཤད།།

གསས་ཁང་མཆོད་པའི་གནས།། བ་གམ་ལྷ་རྩེ་བཞེངས།། རྒྱལ་བ་བྱམས་པ་ཡི།། ཞལ་བསྲོས་བཀྲ་ཤིས་བྱས།།

དུས་དེར་མི་རྟ་ཁྱིས།། ཐ་ཚིག་བགོས་པ་ཏེ།། འགྲོ་ན་མཉམ་པོར་འགྲོ།། འདུག་ན་ལྷན་དུ་འདུག་བྱས།།

གཞི་བྱེས་གང་ལ་ཡང་།། གོང་ན་མི་པོ་བཙུན།། འོག་ན་རྟ་ཕོ་སྐྱིད།། རྒྱབ་ན་ཞེ་བུ་དགའ།།

མི་དྲིན་རྟ་ལ་ཡོད།། རྟ་དྲིན་མི་ལ་ཆེ།། རྟ་གོང་བང་ལ་འཇལ།། མི་གོང་རྟ་ཡིས་འདེགས།།

མི་དང་རྟ་གཉིས་མཐུན།། རྟ་དང་ཁྱི་གཉིས་མཐུན།། བྱེས་སུ་མཉམ་པོར་ཆས།། སྐྱིད་སྡུག་ལྷན་དུ་གནས།།

ཁྱི་ཡིས་མེལ་ཚེ་དང་།། ཉ་ར་སོ་པ་འཛུག། མི་རྟ་ཁྱི་གསུམ་གྱིས།། གཏན་དུ་ཐ་ཚིག་བགོས།།

དེ་ལྟའི་ཐ་ཚིག་ཞིག། མཉམ་དུ་བགོས་པ་ལས།། ལོ་ནི་ཁྱི་ལོ་ཡི།། གཏན་ཚིགས་དེ་ནས་བྱུང་།།

མི་རྟ་ཁྱི་གསུམ་གྱི།། ཐ་ཚིག་སྐལ་དུ་བགོས།། བྱ་བའི་གཏན་ཚིགས་ཀྱང་།། དེ་ནས་བྱུང་བ་འོ།།

མི་དྲིན་རྟར་འདུག། རྟ་དྲིན་མི་ལ་ཆེ།། བྱ་བའི་གཏན་ཚིགས་ཀྱང་།། དེ་ནས་བྱུང་ངོ་ཞེས།།

སྤར་ཁམས་ལོ་སྐོར་རྩིས།། ཁྱི་རྟ་སྟག་གསུམ་ལོ།། མཐུན་པར་བརྩི་བྱ་བའི།། གཏན་ཚིགས་དེ་ནས་བྱུང་།།

སེམས་ཅན་ཉོན་མོངས་པ།། ཁ་ཡར་བྲི་བ་ཞིག། དྲོང་ན་ཀུན་དྲང་བའི།། ཐབས་ཀྱི་གཏན་ཚིགས་བྱུང་།།

སྟོན་པའི་གདུལ་བྱ་ལ།། གཞན་དང་མི་འདྲ་བར།། གདུལ་དཀའ་འདུལ་བའོ།། ཞེས་པའི་གཏན་ཚིགས་བྱུང་།།

ཁྱི་ལོ་བཤད་པའི་སྐབས་བཅུ་གཅིག་པའོ།།

ལེའུ་བཅུ་གཉིས་པ། ལོ་ཕག་ལོའི་གཏན་ཚིགས་ས་གཏེར་གསེར་གྱི་བུམ་པ་ལ་དངོས་གྲུབ་བཅུད་ཀྱི་དྭངས་མ།

དེ་ནས་སྟོན་པ་མཆོག། དགུང་ལོ་བཅུ་གཉིས་དུས།། འོལ་མོ་ལུང་རིང་དབུས།། སོ་བརྒྱད་མཁར་གྱི་ནང་།།

བསྟན་པ་རིན་པོ་ཆེ།། རབ་ཏུ་བརྟ་པའི་དོན།། དགོངས་པ་མཛད་ནས་སུ།། བཞུགས་པའི་དུས་དེ་ནས།།

ལྷོ་ཕྱོགས་གླིང་དེ་ནས།། གསེར་གྱི་བུད་མེད་ལ།། དར་ཟབ་སྣ་ཚོགས་མནབས།། གསེར་གྱི་ཕག་མོར་བཅིབས།།

གཡུའི་སྨིན་མ་ལ།། དུང་གི་རྫི་མ་ཡམས།། གཟི་ཡི་སྤྱན་མིག་བཀྲ། རིན་ཆེན་པྲོག་ཞུ་གསོལ།།

འཁོར་དུ་ཀླུ་གཉན་དང་།། ས་བདག་བུ་མོ་ནི།། སྟོང་དང་བཅས་ཏེ་ཕྱུང་།། སྟོན་པའི་དྲུང་ཁོད་ནས།།

གསེར་གྱི་བུམ་པ་ལ།། བདུད་རྩིའི་བལྟམས་པ་ཞིག། ཕུལ་ནས་སྟོན་པ་ཉིད།། སྤྱན་འདྲེན་ཞུ་བ་ཕུལ།།

དེ་ཕྱིར་སྟོན་པ་ཉིད།། བསྟན་པའི་གནས་སྐབས་དང་།། གདུལ་བྱ་གདུལ་བའི་དུས།། བབ་པར་དགོངས་ནས་ཕེབས།།

འོལ་མོ་གླིང་གི་ལྷོར།། མུ་ཁྱུད་བདལ་མཚོའི་འགྲམ།། ས་བདག་རྒྱལ་པོའི་གླིང་།། མོན་ཡུལ་སུམ་སྟོད་བྱོན།།

ཕྱི་རབས་འགྲོ་བ་ལ།། དཔེ་རུ་བསྟན་ཕྱིར་དུ།། ས་བདག་རྒྱལ་པོ་ཡིས།། གཞི་བཏིང་བརྟན་པ་བྱས།།

གསས་མཁར་རིན་པོ་ཆེ།། བ་རབ་ཡོངས་འདུལ་བཞེངས།། དབང་ལྡན་དུས་འཁོར་ཀྱི།། བཀྲ་ཤིས་ཞལ་བསྲོས་ཤིང་།།

ཀླུ་གཉན་ས་བདག་དང་།། གཏོད་ཀྱི་བོན་པོ་ལ།། གཞུང་བཞི་བསྡུ་མཛད་ན།། བསྟན་པ་རིན་ཆེན་སྤེལ།།

ལྷ་མོ་བརྟན་མ་ལ།། བསྟན་པའི་གཉེར་གཏད་ནས།། ལོ་མཛོད་བཅུ་གཉིས་ཀྱི།། མཛད་པ་མཐར་ཕྱིན་མཛད།།

ལྷ་མོ་བརྟན་མ་ཡིས།། གསེར་གྱི་ཕག་མོར་བཅིབས།། སྟོན་པའི་དྲུང་ཁོད་པས།། ཕག་ལོའི་གཏན་ཚིགས་བྱུང་།།

ས་ཡི་ལྷ་མོ་ཡིས།། གསེར་གྱི་བུམ་པ་ལ།། བདུད་རྩིས་བལྟམས་པ་ཞིག། སྟོན་པར་ཕུལ་བ་ནས།།

བོན་འཁོར་བསྐོར་བའི་དུས།། འཇིག་རྟེན་མངའ་བོ་ཆེས།། ས་ཡི་དངོས་གྲུབ་ཚུར།། ཕུལ་བའི་གཏན་ཚིགས་བྱུང་།།

མོན་བོན་ཨ་ཙར་རྒྱར།། བསྟན་པ་བཞག་པ་ན།། བོན་ནི་གནམ་བབས་ཀྱི།། གཏན་ཚིགས་དེ་ནས་བྱུང་།།

ཕག་ལོ་བཤད་པའི་སྐབས་བཅུ་གཉིས་པའོ།།

བཀྲ་ཤིས་ཀྱི་མཇུག་བསྡུ་བ།

བསྐལ་ཆེན་སྟོན་མཆོག་ནི།། གཤེན་རབ་མི་བོ་ཆེ།། བསྟན་འགྲོའི་དཔལ་མགོན་དུ།། སྐུ་མཆོག་འཁྲུངས་པའི་དུས།།

ཤིང་ཕོ་བྱི་ལོ་ནས།། འདི་ལོ་མེ་རྟའི་བར།། ཆིག་ཁྲི་བརྒྱད་སྟོང་དང་།། བརྒྱ་མེད་ཞེ་གཅིག་སོང་།།

སྟོན་མཆོག་དངོས་བྱོན་པ།། རི་པ་འབྲུག་གསས་ཀྱིས།། ཐུགས་སྤྲུལ་བོན་རི་མཆོག། གནས་སྒོ་ཕྱེ་བའི་དུས།།

ལྕགས་ཕོ་རྟ་ལོ་ནས།། འདི་ལོ་མེ་རྟའི་བར།། དྲུག་བརྒྱ་དགུ་བཅུ་དང་།། ཉག་མ་ལྔ་ཙམ་ཕྱིན།།

སྟོན་པ་བཀྲ་ཤིས་པ།། རྣམ་འདྲེན་བརྒྱད་པ་མཆོག། བསྟན་པ་བཀྲ་ཤིས་པ།། བརྒྱད་ཁྲི་བཞི་སྟོང་སྒོ།།

རྗེས་འཇུག་བཀྲ་ཤིས་པ།། གཤེན་རབ་ལམ་བགྲོད་མཁན།། གདུལ་བྱ་བཀྲ་ཤིས་པ།། གཡུང་དྲུང་ཁྱིམ་གྱི་འཁོར།།

        ࿐ཞེས་ལེའུ་བཅུ་གཉིས་ལས་གྲུབ་པའི་ལོ་མཛོད་བཅུ་གཉིས་ཀྱི་མཛད་པ་དང་ལོ་སྐོར་བཅུ་གཉིས་ཀྱི་བྱུང་རིམ་གཏན་ཚིགས་འདི་ཉིད་ཨ་རུ༧ཤེས་རབ་རྩལ་ལམ་སྒྲ་རིག་པའི་ཀུན་བཤད་བཏགས་མིང་ལ་ཚངས་སྲས་ཟླ་བའི་འཛུམ་ཟེར་དུ་འབོད་པ་དེས་འབྱུང་ལྡན་ ༣༠༡གི་རབ་རྒྱན་ཤིང་འབྲུག་ལོའི་རྒྱལ་ཟླའི་ཚེས་༡བྲིས་པ་དེ་འདི་ལོ་མེ་རྟའི་ལོ་མགོར་ཅུང་ཟད་ཁ་སྣོན་བྱས་ནས་མཇུག་རྫོགས་པར་བྲིས་པ་དགེའོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།