སྤྲུལ་པའི་ཉིན་བྱེད་གཞོན་ནུ་སླར་ཡང་འཆར་བའི་རེ་བསྐུལ།

[ཟླ་ཚེས། 2022-02-07 22:18:27][རྩོམ་པ་པོ། ཨ་སྔགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


དམུ་གཤེན་གདུང་རྒྱུད་གསེར་གྱི་འཕྲེང་ཐག་ཏུ། །
བསྟར་ལ་བརྒྱུད་པའི་སྐྱེས་ཆེན་མང་པོ་ཡིས།  །
གཡུང་དྲུང་རིས་ཀྱི་སྲིད་པའི་གདུགས་འོག་ན། །
ཉམ་ཆུང་སྐྱེ་འགྲོའི་མགོན་སྐྱབས་མཛད་ལ་འདུད། །
 
བསྟན་པའི་སྣང་བྱེད་ནུབ་རིར་གཟིམས་པའི་དུས། །
དམུ་གཤེན་སྲས་པོ་ནོར་བུ་དབང་གི་རྒྱལ། །
མགོན་མེད་ཀུན་གྱིས་རེ་བའི་ས་བོན་དུ། །
བཅོལ་བའི་གདུང་རྒྱུད་མཐུད་ལ་བཀའ་དྲིན་དྲན། །
 
རྒྱལ་བའི་རྒྱལ་ཚབ་གསུང་རབ་ཡིན་ངེས་ཕྱིར། །
རྒྱལ་བའི་བཀའ་འགྱུར་པར་དུ་བསྐྲུན་པ་ལ། །
ཐུགས་བསྐྱེད་རླབས་པོ་ཆེ་ཡིས་རྩིས་ཟིན་ཏེ། །
རྒྱབ་རྫོང་བྲག་རིར་མཛད་ལ་བཀའ་དྲིན་དྲན། །
 
ཀྲུང་ཧྭ་བཀའ་བསྟན་ཆེན་མོའི་བརྗིད་པའི་གཟི། །
འཕྲིན་ཕྲན་བརྒྱུད་ནས་སྤྱན་འབེབ་ཞུས་པ་ལ། །
ཨེ་མ་ལེགས་སོ་ཞེས་པའི་དགྱེས་ཉམས་ཀྱིས། །
བསྟོད་པའི་འབྲུག་སྒྲ་སྒྲོག་ལ་བཀའ་དྲིན་དྲན། །
 
འདི་སྣང་ཆོས་ཀུན་སྒྱུ་མའི་གྲོང་ཁྱེར་ན། །
རྟག་འཛིན་འཁྲུལ་ཞེན་དྲུངས་ནས་འབྱིན་པའི་སླད། །
གློ་བུར་མྱ་ངན་འདའ་ཚུལ་བསྟན་པ་ཡང་་། །
བླ་མའི་མཛད་པ་ཡིན་ཕྱིར་སྐྱོ་ཞིང་དད། །
 
རྒྱལ་བའི་སྲས་པོའི་ཐུགས་བསྐྱེད་དབྱུ་གུ་ཡིས། །
འགྲོ་བའི་དད་དམ་ཆུ་གཏེར་དཀྲུགས་པ་ལས། །
སྤྲུལ་བའི་ཉིན་བྱེད་གཞོན་ནུ་སླར་ཤར་ཏེ། །
བོན་འབངས་མྱ་ངན་མུན་པ་སེལ་བར་ཤོག །
ཅེས་སྤྱི་ལོ༢༠༢༢ལོའི་ཟླ་༢ཚེས་༧ཉིན་གྱི་ཞོགས་པར་སྐྱབས་རྗེ་གཤེན་སྲས་རིན་པོ་ཆེ་དགོངས་པ་གཞན་དུ་གཏད་པའི་གནས་ཚུལ་གོ་འཕྲལ་སྐྱོ་བའི་ངང་གུས་འབངས་གྱི་ན་བ་ཨ་སྔགས་མིང་ཅན་གྱིས་བླ་མའི་མཛད་པ་དྲན་བཞིན་ཐོལ་བྱུང་དུ་བྲིས་པའོ། །
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།