ཉི་མ་རི་ལ་ནུབ།

[ཟླ་ཚེས། 2021-11-24 20:47:04][རྩོམ་པ་པོ། ཚ་བུ་གངས་རིག་གཏེར།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཀྱཻ་ལྷ་ཆེན་ལགས་ཁྱེད་རང་འདི་ལྟར་ཕེབས་སོང་བ་ནི་ང་ཚོ་ལ་མཚོན་ན་རྨོངས་མུན་གྱི་སྨག་རུམ་སེལ་བའི་སྤྱི་གཙུག་གི་ཉི་མ་སེར་པོ་རི་ལ་ནུབ་སོང་བ་དང་འདྲ། སྙིང་དབུས་སུ་བཞུགས་པའི་ཤེས་རབ་ཀྱི་ལྷ་གསོན་པོ་ཞིག་ངང་གིས་ཕེབས་སོང་བ་དང་ཅི་ནས་མཚུངས།   དུས་གསུམ་འབྲལ་མེད་ཀྱི་སྙིང་དབུས་སུ་འགྱིང་བའི་སྐྱེ་འགྲོ་ཡོངས་ཀྱི་ལྷ་ཆེན་ལགས།     ཁྱེད་གང་དུ་ཕེབས་སོང་།
ལྷ་ཆེན་ལགས།   འགྲོ་མགོན་ལགས།
ང་ཚོ་ནམ་ཡང་ཁྱེད་རང་ཕེབས་ཤུལ་ན་སྐྱོ་ལྷང་ལྷང་གི་གདུང་དབྱངས་འཐེན་ཞོར་འདར་ཤུམ་ཤུམ་གྱི་སྨྲེང་སྔགས་ཁྲོད་ནས་ཁྱེད་ཀྱི་སྒམ་བརླིང་ནས་མཆེད་པའི་བསུབ་མེད་ཀྱི་ཞབས་རྗེས་ལ་ཁེལ་བཞིན། ཁྱེད་ཀྱི་བྱམས་བརྩེའི་མཁྱེན་རྩལ་ལས་བསྐྲུན་པའི་རྗེས་བཞག་གི་རྟེན་བཞེངས། ཁྱེད་ཀྱི་ཐུགས་བཀོད་འོག་ནས་བཞེངས་བའི་བཤད་སྒྲུབ་གཉིས་ལྡན་གྱི་སློབ་གླིང་ནི་བོན་འབངས་ཡོངས་ཀྱི་སློབ་བུ་ཚོའི་དད་མདུན་གྱི་དབྱིངས་རུམ་ན་འཐིམ་པའི་བྱིན་རླབས་ཀྱི་དྲོད་ཚན་དུ་གྱུར་ཡོད།
ལྷ་ཆེན་ལགས།   ཡོངས་ཀྱི་མགོན་ཆེན་མོ།
ཁྱེད་ནི་ང་དང་འགྲོ་བ་མིའི་རེ་བའི་སེམས་ངོར་བཞེངས་བའི་ལྷ་ཆེན་དེ་ཡིན།  སུ་དང་གང་གིས་ཀྱང་ཚབ་མཚོན་མི་ནུས་པའི་འདོན་ཕྱག་གི་སྟོན་པ་ཆེན་པོའང་མི་ཚེའི་རིན་ཐང་ལ་འོད་སྣང་སྟེར་མཁན་གྱི་དགུང་གི་ཉི་མ་སེར་པོ་དེ་ཡིན་ལགས། བསྐལ་ཆེན་སྟོན་པ་ཞིག་གིས་ཀྱང་དོ་མི་ཡོང་བའི་ཁྱེད་ཀྱི་རླབས་ཆེན་བའི་མཛད་རིམ་འདི་དག་ནི་མ་ཕམ་གྱི་ཟུར་ན་མ་ཕམ་གཡུ་མཚོ་ལས་ཟབ་ཅིང་གངས་རིའི་ཞིང་ན་གངས་དཀར་ཏི་སེ་ལས་བརྗིད། 
ལྷ་ཆེན་ལགས།  སྙིགས་དུས་ལྷ་ཆེན་ལགས།  
ང་ཚོ་དུས་རྟག་འགོག་མི་ཐུབ་པ་ནི་དད་མོས་ཀྱི་རྦ་རླབས་དྲག་ཏུ་འཕྱུར་ཏེ་ཁྱེད་སྐུ་ཉི་མ་ལྟ་བུ་དེ་རི་ལ་ནུབ་པས། མཆོད་རྟེན་གྱི་རྩེ་ནས་བྱ་རྒོད་ཅིག་གིས་བསྐོར་བ་བྱེད་ཅིང་མཆོད་རྟེན་དཀར་པོ་ལས་དུ་སྤྲིན་འཁྲིགས་དུས།  ང་ཚོ་སྐྱོ་བས་མནར་མྱངས་ལ།  ད་དུང་དྲན་ཐེངས་རེ་རེར་ཁྱེད་ཉིད་ཁོ་ནར་གསོལ་འདེབས་བྱས་པ་ཡིན།  
ལྷ་ཆེན་ལགས།     བྱང་ཆུབ་ལགས།
སྐབས་དེར་ངོ་མ་སྐུ་ཚེ་བོན་འབངས་ཀྱི་ཆེད་དུ་ཉམས་ལེན་གྱིས་བསྐྱེལ་བའི་ངེས་དོན་གྱི་སྟོན་པའམ་ལྷ་ཆེན་ཏེ། དོན་གྱི་སེམས་དཔའ་ནི་ཁྱེད་ལྟ་བུ་ཞིག་ཅི་ལ་མིན་སྙམ་པའི་གཏན་ཚིགས་ཤིག་ངང་གིས་བསླངས་ཡོད། དེ་ནི་འུར་ཙམ་མིན་པར་ཁྱེད་ཀྱི་མཛད་འཕྲིན་ལ་དད་འདུན་གྱི་འབྲེལ་བའི་འགྲོ་བ་མཐའ་དག་གི་སེམས་ཀྱི་གཏིང་རུམ་ན་ཐིམ་ཡོད།
ལྷ་ཆེན་ལགས།   ཡོངས་ཀྱི་མགོན་ཆེན་མོ།
འདས་མ་ད་གསུམ་དུ་ངའི་སེམས་ཀྱི་མཆོད་ཁང་ན་དུས་རྟག་བརྟན་གྱི་བཞུགས་པའི་མི་ཡུལ་གྱི་ལྷ་ཆེན་མོ་ཁྱེད་ཀྱི་ཐུགས་བརྩེ་ཡེ་ཤེས་ཆེན་པོའི་གུར་ཁང་ནས་བོན་འབངས་་སྐར་ཚོགས་ལྟ་བུའི་སློབ་བུ་ཡོངས་ལ་མི་མངོན་དབྱིངས་ནས་མགོན་སྐྱབས་མཛད་རོགས།
ཉི་མ་རི་ལ་ནུབ་པ་ནས་བཟུང་བོན་འབངས་་ཡོངས་ཀྱི་སེམས་རྩ་འཁྱག་གིས་བསྡམས་ཏེ་ལོ་ངོ་བརྒྱད་འཁོར་བའི་དུས་འདིར། 
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།