༧སྐྱབས་རྗེ་བླ་མ་བོན་བརྒྱ་རིན་པོ་ཆེའི་རྟོགས་བརྗོད་ཨུ་དུམ་ཝ་རའི་ཆུན་པོ།

[ཟླ་ཚེས། 2021-08-17 20:49:30][རྩོམ་པ་པོ། སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༄༅། །མདོ་སྨད་བྱང་རྒྱུད་བསྟན་པའི་བདག་ཉིད་ཆེན་པོ་སྐྱབས་རྗེ་བླ་མ་མཁས་གྲུབ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེའི་རྟོགས་བརྗོད་ཨུ་དུམ་ཝ་རའི་ཆུན་པོ།
མཚན་དཔེའི་འོད་སྣང་འབུམ་དུ་དཀྲུགས་པའི་སྐུ་ཡི་དཀྱིལ་འཁོར་མི་མཇེད་ཞིང་འདིར་ལྷམ་མེར་བཞད། །

འཕྲུལ་ངག་བདེན་པའི་བོན་སྒོ་བརྒྱད་ཁྲི་བཞི་སྟོང་གླུ་ཡིས་སྲིད་པ་གསུམ་དུ་བོན་འཁོར་བསྐོར།།

ཁམས་གསུམ་རིགས་དྲུག་སྐྱེ་རྒུའི་ཞིང་སར་བྱམས་སྙིང་བརྩེ་བའི་བདུད་རྩིའི་སྦྲང་ཆར་སྙོམས་པར་དབབ།།

དམུ་དབང་ལྷ་ཡི་སྲས་མཆོག་བརྒྱ་བའི་མགོན་པོ་ཁྱེད་ལ་སྒོ་གསུམ་གུས་པས་ཕྱག་འཚལ་བསྟོད།།

འཁོར་བ་ལས་སྒྲོལ་ཐར་བའི་ལམ་སྟོན་བླ་མ་ཉིད།།

བཞི་རྫོགས་དྲིན་གྱིས་ལེགས་པར་སྐྱོང་མཛད་བླ་མ་ཉིད།།

བླ་མ་དྲན་པའི་གདུང་བ་མ་བཟོད་དྲིན་གཟོའི་ཕྱིར།།

རྟོགས་བརྗོད་ངག་རིག་དབྱངས་སྙན་ཚིག་གི་ཕྲེང་ལ་བསྟར།།

རྒྱལ་བ་གཤེན་རབ་མི་བོའི་གདུལ་ཞིང་ལྷོ་རྒྱལ་འཛམ་གླིང་དབུས་ཀྱི་ཕྱོགས།།

གངས་རྒྱལ་ཏི་སེའི་བྱང་ཕྱོགས་ཨཀྟ་རོང་དུ་གྲགས་པའི་ཡུལ་གྲུ་ཆེ།།

སྟོད་ཕྱོགས་བརྗིད་འགྱིང་བྱ་མ་བྱ་རི་མཁའ་ལྡིང་ཁྱུང་གི་རུ་ཐུར་ཅན།།

རོང་དགུའི་ཆུ་ལག་གཅིག་སྒྲིལ་ལྷུང་ལྷུང་དགུ་ཆུའི་རླབས་ཕྲེང་མེ་ཏོག་འཛུམ།།

མུ་མེད་རྩྭ་ཐང་ཡངས་པོའི་ཁྱོན་ལ་ཕྱུགས་རིགས་དཀར་ནག་ཤ་ཤེད་ངོམ།།

མིག་མངས་རིས་མཛེས་ཞིང་ས་གཤིན་པོར་འབྲུ་སྣ་ལྔ་ཡི་འབྲས་བཟང་ལྕི།།

སྣ་ཚོགས་ཟོང་བརྒྱའི་ཁྲོམ་ཆེན་འདུ་འཛི་ནམ་མཇུག་སྟོན་གྱི་གྲོག་མཁར་ཟླ།།

སྲིད་འབྱོར་རིག་པའི་མངའ་ཐང་དགུང་མཉམ་རིག་འབྱུང་འཆི་མེད་ལྷ་ཡི་གྲོང་།།

སྔོན་ཚེ་རིག་འཛིན་སྟོང་གི་ཞབས་ཟུང་འཁོར་ལོ་བསྒྱུར་བའི་བྱིན་ཆགས་གནས།།

ཁྱད་པར་དབལ་རམ་འབུམ་གསུམ་དོན་ལ་མངའ་བརྙེས་ངོ་སྤྱི་ཁྱུང་དང་གསུམ།།

རྫུ་འཕྲུལ་ཤུགས་ཀྱིས་ཞིང་འདིར་བྱོན་ཅིང་གདུལ་བྱའི་སྨོན་ལམ་མངོན་དུ་གསལ།།

མདོ་སྔགས་རྫོགས་གསུམ་བོན་བསྟན་དབུ་འཕང་ཉི་ཟླ་ཟུང་གི་རྣ་ཆར་བཏེགས།།

འབྱོར་བའི་གྲངས་ཀྱི་དགེ་ལེགས་མཚན་མས་ཡོངས་སུ་བྲན་པའི་འཛིན་མའི་གཞིར།།

གཡོ་མེད་རྔམ་བརྗིད་འགྱིང་བག་བསྟེན་པའི་དཔངས་མཐོའི་ས་འཛིན་ནོར་བུའི་གཟུགས།།

རང་བྱུང་རྩྭ་ལྗང་མེ་ཏོག་ཕྲེང་མཛེས་ངོ་མཚར་སྔོ་སྨན་འབུམ་ཕྲག་ཙམ།།

མངལ་དུ་སྦྲུམ་པའི་རྒྱབ་རི་སྨུག་པོར་སྨན་རིའི་མིང་གི་ཅོད་པན་མཛེས།།

དྭངས་བསིལ་ལྷུང་ལྷུང་དལ་གྱིས་འབབ་པའི་འབྲོང་ཆུ་སྔོན་མོའི་རྩེད་དགའི་གླུ།།

བྱ་མ་བྱ་རིའི་རྫ་འདབ་བརྒྱུད་ཏེ་འབྲོང་རྩེ་རི་ཡི་ཁོང་གསེང་བརྟོལ།།

ཆུ་ཡི་ཟེགས་མའི་བདུད་རྩིའི་ཐིགས་པ་མག་སར་སྡེ་ཡི་མཁའ་ལ་འཐོར།།

མ་བསྒྲིགས་ངོ་མཚར་བསོད་ནམས་ལེགས་ཚོགས་བཀྲ་ཤིས་རྟེན་འབྲེལ་གཡང་དུ་འཁྱིལ།།

དམ་པ་ཁྱུང་གི་གདུང་ལ་བརྒྱུས་པའི་རིགས་རུས་ཕུན་སུམ་ཚོགས་ལྡན་ཞིང་།།

དགེ་ལ་དད་ཅིང་གཞུང་རྒྱུད་ལེགས་པའི་པྲ་ཕུད་མཚན་གྱི་ལྗོན་བཟང་ལ།།

བྱམས་དང་སྙིང་རྗེ་དད་གུས་ཆེ་མངའ་ཚེ་རིང་མིང་གི་ཡལ་འདབ་འཁྱུད།།

འབྱུང་བ་སྲིད་པའི་གཏེར་གཟུགས་འཛིན་པར་སྐུ་ཡི་མཚན་དཔེ་མེ་ཏོག་བཞད།།

མཁའ་ལ་ཉི་ཟླའི་དཀྱིལ་འཁོར་གསལ་ཞིང་ཟེར་འོད་སྣང་བ་ལམ་ལམ་འཚེར།།

ནོར་འཛིན་སྒེག་མོས་ག་ལྗང་གཡུ་ལོའི་གོས་བཟང་གསོལ་ཞིང་མདངས་བཟང་འཛིན།།

གཙང་ཆབ་སྔོན་མོས་ལྷང་ལྷང་དབྱངས་སྙན་རོང་དགུའི་གཞུང་ནས་མཐོན་པོར་སྒྲོག།

བཀྲ་ཤིས་རྟགས་དང་དགེ་བའི་མཚན་མས་སྤྲུལ་བའི་སྐུ་མཆོག་ཞིང་འདིར་བསུས།།

གཡ༷ང་ར་སྒོ་བཞིའི་འཕེལ་ཁ་མྱུར་བ་དབྱར་གྱི་མཚོ་མོའི་བྲུག་སྟངས་འཛིན།།

སྐྱབ༷ས་མཆོག་གནས་བཞིར་དད་སེམས་མི་འགྱུར་ས་འཛིན་དབང་པོའི་སྲོལ་དུ་ཆགས།།

ཚེ༷་ཡི་རྒྱལ་པོས་དུས་ཀུན་སྲུང་བས་བདེ་སྐྱིད་འཚོ་བས་རྟག་ཏུ་འཁྱུད། །

རི༷ང་ནས་བརྒྱུད་པའི་ལུགས་སྲོལ་ཇི་བཞིན་མཚན་གྱི་མེ་ཏོག་ཐོག་མར་གསོལ། །

ཚེ་རབས་སྔོན་གྱི་དགེ་བའི་བག་ཆགས་ཙན་དན་ལྗོན་པའི་དྲི་བཟང་ལྟར། །

ཡལ་བར་མ་གྱུར་གསུང་ཚིག་དབྱངས་སྙན་ཐོག་མར་སྒྲོག་པའི་དུས་སུ་ཡང་། །

ཕལ་བའི་སྤྱོད་ལས་རིང་དུ་གྱེས་ཏེ་དམ་པའི་མཛད་སྤྱོད་སྣ་ཚོགས་བསྒྱུར། །

སྤྲུལ་པའི་སྐུ་ཞིག་གླིང་འདིར་བྱོན་པར་སྐྱེ་རྒུའི་ཚོགས་རྣམས་མགྲིན་གཅིག་གླེང་། །

རིས་མེད་གྲུབ་མཐའི་སྐྱེད་ཚལ་ཡངས་པོར་གྲུབ་དབང་སྣ་བརྒྱའི་འདབ་སྟོང་འཛུམ།།

བསྟན་པའི་སྙིང་པོ་ཟེའུ་འབྲུའི་བཅུད་ཀྱིས་ལུས་ཅན་བུང་བའི་ཚོགས་རྣམས་གསོ།།

རིག་བྱེད་གྲངས་ཀྱི་ན་ཚོད་ཟིན་མཚམས་རྟགས་རིལ་བསྒྲུབས་པའི་འབྲས་བཟང་ལ།།

གྲུབ་དབང་གཡུང་དྲུང་ཕུན་ཚོགས་དཔལ་གྱི་སྤྲུལ་བའི་སྐུ་རུ་དན་རྟགས་བཀོད།།

བཟང་པོའི་གྲངས་ཀྱི་ན་སོའི་ལང་ཚོ་ལེགས་པར་སྨིན་པའི་དུས་ཉིད་ལ། །

གསང་ཆེན་རིག་འཛིན་འབུམ་པའི་མཚན་འཆང་རྗེ་བཙུན་དབྱིངས་རིག་རྣམ་གྲོལ་མཆོག །

ཕྱི་ནང་རིག་གནས་ཀུན་གྱི་གཞི་གྱུར་ཡི་གེའི་འབྲི་ཀློག་བླ་མར་བསྟེན། །

ངོ་མཚར་འཕྲུལ་ཡིག་དཔའ་བོ་འབྲུ་ལྔའི་གོ་ཆ་བརྩན་པོ་ཚེགས་མེད་བཞེས།། 

དྲང་སྲོང་ལང་ཚོ་རིམ་གྱིས་སྨིན་པས་ཕྱག་འཚལ་སྒྲིབ་སྦྱོང་འདོན་སྤྱོད་སོགས། །

ཐུགས་བསྐྱེད་ནམ་མཁའ་ཡངས་པོའི་ཁྱོན་ལ་ཉི་ཟླའི་སྣང་བ་ཇི་བཞིན་གསལ། །

སྐྱེས་ཐོབ་ཤེས་རབ་རྣོ་དབལ་ཚ་བས་མཚན་གྱི་ཆེ་བའི་བདག་རྐྱེན་དུ། །

བླ་མ་དམ་པས་དགའ་བ་དང་བཅས་འགྱུར་མེད་ཤེས་རབ་ཅེས་སུ་གསོལ། །

གྲུབ་པའི་དབང་ཕྱུག་སྐུ་སྐྱེས་ནམ་མཁའི་ཞབས་པད་སྤྱི་བོའི་རྒྱན་དུ་བཏེགས། །

བརྡ་དག་སྒྲ་སྦྱོར་གསང་སྔགས་རྒྱུད་སྡེའི་ཁྲིད་ལུང་བདུད་རྩིའི་བཅུད་བཟང་གསོལ། །

གསེར་གྱི་སྐུ་ལ་ཉི་འོད་འཕྲོས་བཞིན་གནས་ལྔ་རིག་པའི་བཀྲག་མདངས་ཀྱིས། །

དད་པའི་སྤུ་ལོང་རབ་ཏུ་མི་གཟེངས་ལུས་ཅན་གང་ཡང་ཡོད་མ་གྱུར། །

དམ་པ་སྐྱང་གི་སྤྲུལ་བའི་སྐུ་མཆོག་ལུང་རྟོགས་སྐལ་བཟང་རྒྱ་མཚོའི་དཔལ། །

ཞབས་ཟུང་གསེར་གྱི་འཁོར་ལོ་རིན་ཆེན་བྱང་ཕྱོགས་ཨཀྟ་རོང་འདིར་བསྒྱུར། །

ཕྱི་ནང་གསང་གསུམ་དབང་ལུང་ཁྲིད་ཀྱི་གདམ་པའི་ནོར་སྐལ་མཆོག་ཏུ་སྨིན། །

བླ་མའི་ཕྱག་ཕྱིར་འབྲལ་མེད་བསྙེག་པའི་འདུན་པ་དྲག་པོས་དམ་དུ་འཁྱུད། །

བཅུ་དྲུག་གཞོན་ནུའི་ལང་ཚོ་སྨིན་པའི་གཟའ་སྐར་འཕྲོད་སྦྱོར་བཟང་པོ་ལ། །

སྐྱང་སྤྲུལ་མུ་ལ་ཝེར་ཞིའི་གདན་ས་མདའ་ཆེན་དཀར་མོ་རི་ཁྲོད་དུ། །

གང་གི་ཞབས་ཟུང་གསེར་གྱི་འཁོར་ལོ་ཐོག་མར་བསྒྱུར་ཞིང་ལོ་གསུམ་གྱི། །

སྒྲུབ་གྲྭར་བཞུགས་པས་ཉམས་རྟོགས་འོད་ཀྱི་སྣང་བ་ས་ལེར་གསལ་ཞིང་འཚེར། །

དེ་ཡི་མོད་ལ་སྐྱང་སྤྲུལ་བསྟན་འཛིན་དབང་རྒྱལ་མཆོག་གི་ཞབས་པད་བསྙེན། །

དབང་ལུང་ཟབ་གདམས་ཁྲིད་ཀྱིས་ཐུགས་རྒྱུད་ཡོངས་སུ་སྨིན་པའི་སྐལ་བ་བཟང་། །

སོ་བྱང་སྔགས་སྡོམ་ཚུལ་བཞེས་གཞན་ཕན་ཀུན་བཟང་བློ་གྲོས་རྒྱ་མཚོ་ཞེས། །

བྱང་སེམས་མཚན་གྱི་ཅོད་པན་རིང་མོས་ས་གསུམ་རྣམ་པ་མཛེས་པར་བྱས། །

འཕོ་ཁྲིད་དངོས་གཞིའི་ཉམས་ལེན་བསྙེན་སྒྲུབ་རུ་ཤན་རྩ་རླུང་བཅུད་ལེན་དང་། །

ཁྲེགས་ཆོད་ཐོད་རྒལ་སྣང་བཞིའི་ཉམས་ལེན་ཉིན་སྣང་མཚན་སྣང་ཨར་གཏད་སོགས། །

ལོ་གསུམ་སྒྲུབ་པ་མཐར་ཕྱིན་སྒྲ་སྙན་ཡིག་རྩིས་ལྷ་བྲིས་སོགས་ཀྱང་བསླབས། །

བླ་མའི་ཐུགས་མཉེས་ངག་དབང་དབྱངས་ལྡན་དགྱེས་པའི་བློ་གྲོས་སྒྲ་མཚན་གསོལ། །

དེ་ལྟར་དམ་པ་སྐྱང་གི་གདན་ས་བྱིན་ལྡན་འོལ་གླིང་གཉིས་པའི་སར། །

མདོ་སྔགས་རྫོགས་གསུམ་བསྟན་པའི་སྙིང་བཅུད་ངོམ་མེད་རོལ་ཞིང་སྤྲོ་བས་བརྟས། །

སྐྱང་སྤྲུལ་ཐམས་ཅད་མཁྱེན་པ་ལུང་རྟོགས་སྐལ་བཟང་རྒྱ་མཚོ་རིན་པོ་ཆེས། །

དགོན་གཞི་འཛིན་སྐྱོང་མ་འོངས་ལུང་བསྟན་གསུང་གི་དབྱངས་སྙན་ལྷང་ལྷང་བསྒྲགས། །

བསྟན་འགྲོའི་དོན་ཆེན་ཟླ་བ་དཀར་པོས་བསིལ་བའི་འོད་སྣང་འགྱེད་པའི་དུས། །

གློ་བུར་དུས་ངན་གཟའ་བདུད་རྒྱལ་པོས་དྲག་པོའི་ལས་ཀྱིས་རྒོལ་བའི་ཚེ། །

དམ་པ་ཉིད་ཀྱང་ཁྲི་མུན་བཙོན་རའི་མགྲོན་པོ་ཙམ་གྱི་གར་བསྒྱུར་ཡང་། ། 

རིས་མེད་གྲུབ་མཐའི་དམ་པ་མང་པོའི་མན་ངག་བདུད་རྩི་ངོམ་མེད་རོལ། །

གཞུང་ལས་རྩོལ་བ་དྲག་ཞན་བར་མས་ཅི་ལྟར་འཚེ་བའི་ལས་བརྩམས་ཀྱང། །

སྒྲུབ་སྦྱོང་ཉམས་ལེན་དགེ་སྒྲུབ་ལས་ལ་ནམ་ཡང་ལྷོད་མེད་བརྩོན་པས་བསྟེན། །

རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལྷུར་བཞེས་གཞན་སྲོག་བསྐྱབས་པ་ཡིས། །

ཀུན་ཡིད་དྲངས་ཤིང་རེ་ཞིག་བདེ་དགེའི་དཔལ་གྱིས་འཚོ་བའི་དབུགས་དབྱུང་བསྩལ། །

སེམས་ཅན་དུས་ངན་སྙིགས་མའི་རླུང་འཚུབ་དྲག་ཏུ་འཁྲུགས་པའི་དུས་སུ་ཡང་། །

སྦས་པའི་ཚུལ་གྱིས་བོན་མང་སྔགས་འཆང་རིག་པ་འཛིན་པ་འགའ་རེ་ལ། །

ལམ་རིམ་འདོན་ཆོག་ཡིག་བྲིས་དཔར་བརྐོ་བཅའ་ཀ་ཕྱག་ལེན་ཁྲིད་ལུང་སོགས། །

བྱིན་རླབས་དངོས་གྲུབ་ཅི་འདོད་བསྩལ་བའི་སྐུ་དྲིན་བསམ་བརྗོད་ཡུལ་ལས་འདས། །

བོན་མང་རིག་འཛིན་འདུས་པ་རྒྱ་མཚོའི་བྱིངས་འདྲེན་ཆེན་མོའི་ཁུར་བཞེས་པའི། །

ནཱ་ག་ཀླུ་ཡི་མཚན་ཐོགས་གང་ལ་བོན་མང་སྤྱི་ཡི་འདོན་དབྱངས་རྟ། །

བཅའ་བཟོ་ཕྱག་ལེན་འབུད་རྡུང་དཀྲོལ་གསུམ་མ་ཉམས་སྦྱོང་བ་མཐར་ཕྱིན་མཛོད། །

རིང་མིན་ཉམས་ལེན་སྐལ་བཟང་སྨིན་ཅེས་ལུང་བསྟན་གསེར་གྱི་དྲིལ་བུ་དཀྲོལ། །

ཀུན་གཟིགས་པཎ་ཆེན་སྣང་བ་མཐའ་ཡས་ཞབས་ཟུང་གསེར་གྱི་འཁོར་ལོ་ཆེ། །

བྱང་ཕྱོགས་ཨཀྟ་རོང་ཆེན་འཛིན་མའི་ཁྱོན་ལ་བསྒྱུར་བའི་སྐལ་བཟང་སྨིན། །

ཐུགས་མཐུན་ཁྲིམས་གཙང་དགོན་སྡེའི་གཞི་ཟུངས་གཏམ་གྱི་རོལ་མོ་འཁྲོལ་དང་ལྷན། །

ཚེ་དཔག་མེད་ཀྱི་སྐུ་འདྲ་བྱིན་ཅན་རྟེན་སྐལ་གནང་ཞིང་ཐུགས་མཉེས་མཛད། །

ཁོ་བོ་རང་ལོ་བཅུ་དགུའི(༡༩༧༩)དགུན་ཟླ་ཐ་ཆུང་དུས། །

བླ་མ་དམ་པའི་ཞལ་རས་ཉི་མའི་དཀྱིལ་འཁོར་ལ། །

མྱུར་དུ་མཇལ་འདོད་བློ་ཡིས་མ་བཟོད་གསང་སྟབས་ཀྱིས། །

སྤྲང་པོའི་ཚུལ་བཟུང་སྤོབས་པའི་གདེངས་ཀྱིས་ལམ་ལ་ཆས། །

གསེར་ལྗོངས་རིག་པ་འབྱུང་བའི་གྲོང་ཁྱེར་གྱི། །

འཛིན་མའི་ཁྱོན་ལ་རྐང་སྟེགས་བཀོད་པའི་ཚེ། །

ཉི་མ་ཕྱེད་ཡོལ་ཆུ་ལྷའི་ཕང་བ་རུ། །

ངལ་གསོའི་ལས་ལ་བྲེལ་བའི་ཟློས་གར་འཛིན། །

རྒྱུས་མེད་ཡུལ་ནས་དམུས་ལོང་ཐང་འཁྱམས་བཞིན། །

གར་འགྲོའི་གནས་ལ་བློ་རྩ་འགག་པའི་དུས། །

ཡུམ་ཆེན་བཞུགས་པའི་གཞིས་ཁྱིམ་དྲོན་མོ་ལ། །

གནས་མལ་བསྟེན་པའི་སྐལ་བ་མཆོག་ཏུ་སྨིན། །

མགོན་པོ་གང་གི་ཞབས་ཟུང་གསེར་གྱི་འཁོར་ལོ་ཆེ། །

ངོ་མོའི་རྒྱལ་བསྟན་ཡེ་ཤེས་རྒྱ་མཚོའི་གླིང་དུ་བསྒྱུར། །

ཞོགས་པའི་ཉི་ཟེར་ཐོད་ལ་བཅིངས་ཏེ་བྲེལ་སྟབས་ཀྱིས། །

ཤར་ཕྱོགས་ས་འཛིན་རི་བོའི་སྤོ་ལ་འདེགས་འཇོག་བསྒྱུར། །

བསང་མཆོད་དུད་སྤྲིན་གཡུ་འབྲུག་ཟོལ་གྱིས་མཁའ་རུ་སྙེག །

གཡས་འཁྱིལ་དུང་གི་སྒྲ་དབྱངས་སྙན་མོས་ས་གསུམ་སྒུལ། །

བླ་མ་དམ་པས་བསྐང་གསོལ་སྤྱན་འདྲེན་གསུང་མཚམས་དེར། །

ཞབས་ཟུང་སྤྱི་བོར་འདེགས་པའི་སྐལ་བ་དངོས་སུ་ཐོབ། །

རྣམ་པར་རྒྱལ་བའི་གཏེར་སྒྲུབ་ལས་ཀྱི་མཐའ་གྲུབ་རྗེས། །

གྱང་རིའི་གསས་ཁང་རིག་འཛིན་བྱང་ཆུབ་གླིང་དུ་བྱོན།།

ཀུན་བཟང་རྒྱལ་བ་འདུས་པའི་ཚོགས་འཁོར་རྒྱ་ཆེར་བསྐོར། །

སྲོད་ལ་ཞི་ཁྲོ་དམ་པ་རིགས་བརྒྱའི་གཞུང་ཡང་བསྲིངས། །

དེ་ཡི་དུས་སུ་དགོན་པའི་གནས་གཞི་མ་གྲུབ་པས། །

གང་གི་འཁྲུངས་གཞིས་མག་སར་སྡེ་ལ་ཞབས་ཟུང་བསྒྱུར། །

ཨ་གསལ་ཀུན་བཟང་ཞི་བ་ཆེན་མོའི་བསྙེན་སྒྲུབ་ཀྱིས། །

ཕྱི་ཡི་འགྲུལ་བར་མཚམས་གཅོད་མཛད་ཅིང་དམིགས་རྣམ་བསྐྱངས། །

བཀྲ་ཤིས་གནམ་ལོ་གསར་དུ་ཚེས་པའི་ཞོགས་པའི་ཆར། །

ངེད་ཅག་བླ་སློབ་འཁོར་བཅས་ད་ལྟའི་དགོན་གནས་སར།།

དགའ་བས་ཕེབས་ཤིང་བསང་མཆོད་དུང་འབུད་འཕྲིན་བཅོལ་གྱིས། །

བསྟན་པ་རྒྱས་པའི་སྡོངས་གྲོགས་དམ་པར་བཀའ་བསྒོས་གནང་། །

སྐྱ་རེངས་ལྷ་མོས་འཛུམ་ཞལ་ལྷོད་ཀྱིས་ངོམ་པའི་དུས། །

བོན་མང་རིག་འཛིན་འདུས་པ་རྒྱ་མཚོས་གཙོར་མཛད་པའི། །

ཉེ་རྒྱང་གང་གི་གདུལ་བྱ་བགྲེས་གཞོན་ཚོགས་རྣམས་ཀྱང་། །

ངལ་བས་མ་ཁེགས་བླ་མའི་གསེར་ཞལ་མཇལ་ལ་བྲེལ། །

ལྷ་སྡེ་ཟུང་གི་རྒན་གཞོན་ཕོ་མོའི་ཚོགས་རྣམས་ནི། །

གནམ་ལོ་གསར་བའི་དགའ་སྟོན་དཔལ་གྱིས་རབ་ཏུ་མྱོས། །

གླུ་གར་རྩེད་འཇོ་ཟས་རིགས་དགའ་སྟོན་ཡོ་ལང་གིས། །

འཆི་མེད་ལྷ་ཡི་ལོངས་སྤྱོད་དཔལ་ལའང་སྐྱེངས་པ་སྟེར། །

རིག་བྱེད་ཚེས་བཟང་སྨིན་པའི་དུས་ཉིད་ལ། །

གྲུབ་དབང་ངོ་མོ་ཡེ་ཤེས་མཚོ་རྒྱལ་གྱི། །

གདན་སར་ཆིབས་བསྒྱུར་གནང་ཞིང་དཔོན་སྔགས་དང་། །

ལྷན་ཅིག་འབྲི་མར་མེ་ཏོག་མཆོད་རྒྱན་བཞེངས། །

བོན་མང་རིག་འཛིན་འདུས་པ་རྒྱ་མཚོའི་ཚོགས། །

ལྷན་ཅིག་འཚོགས་པའི་སྒྲུབ་མཆོད་ཆེན་མོ་ཡི། །

ཚོགས་དབུར་མཛེས་པའི་རྒྱན་དུ་བཞུགས་གསོལ་བས། །

གཟི་བྱིན་གྲགས་སྙན་བ་དན་ཕྱོགས་བཅུར་རྒྱས། །

དཔྱིད་ཟླ་འབྲིང་བོའི་བདེ་འབྱུང་ཚེས་ཉིན་བཟང་པོ་ལ། །

འདུ་ཁང་གསར་བའི་བཞེངས་སྐྲུན་ལས་ཀྱི་སྐར་འཛིན་མཛད། །

མཚམས་རེར་ངེད་ཅག་བུ་སློབ་རྣམས་ལ་བརྡ་སྤྲོད་གཞུང་། །

གཙོར་བྱས་འཕྲུལ་ཡིག་ཀ་མད་གཟུགས་ཀྱི་ཁྲིད་སྟོན་གནང་། །

དེ་ལྟར་ན་ཡང་ལུས་ཀྱི་རྩོལ་ཤུགས་གང་འཛོམས་པ། །

གཙོ་ཆེར་ངལ་རྩོལ་ལས་ཀའི་ཕྱོགས་ལ་བསྟུན་ཤས་ཆེ།།

སྟོད་ཀྱི་དམེ་ཤུལ་རྫོང་དམར་ནགས་ཀྱི་ར་བ་ནས། །

ཀ་གདུང་ལྕམ་དྲལ་གང་འདོད་དངོས་གྲུབ་ཆར་དུ་བསྙིལ། །

མཚན་གྱི་དུས་སུ་མནལ་གཟིམ་དུས་ཡུན་ཆེར་བསྟུང་བས། །

སྐྱ་རེངས་ལྷ་མོས་བཞེངས་བརྡ་མ་བརྡུང་སྔ་རོལ་དུ། །

ཚེ་དབང་གཞུང་ནི་བློ་ལ་སྐྱོར་ཞིང་དབལ་གསས་གཞུང་། །

ཉིན་རེར་ཞལ་འདོན་ཆག་མེད་གསུངས་པ་སྲོལ་དུ་ཆགས། །

ལོ་རེར་དགུན་གྱི་རྒྱལ་མོས་འཛིན་མར་དབང་བསྒྱུར་དུས། །

ཡི་དམ་བསྙེན་མཚམས་སྒྲུབ་པའི་ལས་ལ་ཆག་མེད་བརྩོན། །

ཉིན་རེའི་ཐུན་མཚམས་གང་ཡང་ཆུད་ཟོས་མི་གཏོང་བར། །

ཕྱི་ནང་གཙུག་ལག་གཞུང་བརྒྱར་དཔེ་གཟིགས་ལྷོད་མེད་སྐྱོང་། །

ནམ་ཟླ་དབྱར་གཞུང་མཛེས་སྡུག་དཔལ་གྱིས་སྒེག་པའི་དུས། །

བོན་བརྒྱའི་སྤྱི་བ་གསུམ་གྱི་ཚོགས་མང་འདུས་པ་ཡིས། །

སྐྱེས་ལྷ་བ་ཡན་ལབ་ཙེ་གསར་དུ་གཞི་བརྩིགས་སྐབས། །

བླ་མས་ཐུགས་བཀོད་ཅི་མཛད་ཀུན་གྱིས་གཙུག་ཏུ་མཆོད། །

རྩེ་གཞུང་སོ་ནག་བོན་པོའི་གདན་སར་ཆིབས་བསྒྱུར་གནང་། །

ཞི་ཁྲོ་དམ་པ་རིགས་བརྒྱའི་བཀའ་དབང་རྗེས་གནང་མཛད། །

སོག་རྫོང་ལ་སོགས་གྲུབ་མཐའ་རིས་མེད་སྐྱེ་འགྲོ་ཀུན། །

དད་པའི་རི་མོ་སྙིང་ལ་བཀོད་དེ་ཕྱག་འཚལ་བསྟོད། །

ཕྱིར་ལམ་བོན་བརྒྱ་ཉི་མ་ལུང་ནས་ཉིན་ཤས་བཞུགས། །

དེ་དུས་ཁོ་བོས་སྤང་ཁུག་ཡངས་པའི་གཞོང་ཁུག་ནས། །

བླ་མའི་ན་བཟའ་ལེགས་པར་བཀྲུས་ཤིང་ཁྲུས་ཆུ་ཡང་། །

བདུད་རྩིར་དམིགས་ནས་ཧུབ་ཀྱིས་འཐུང་ཞིང་བྱིན་རླབས་ཞུས། །

དེ་ལྟར་དེ་གའི་བསྟན་པའི་འགྲོ་དོན་ལེགས་གྲུབ་པས། །

དབང་གཞུ་རིས་ཀྱིས་མཁའ་ལ་རྣམ་བཀྲའི་ལང་ཚོ་འཛིན། །

སྦྲང་ཆར་བསིལ་མའི་རྒྱུན་བཟང་ཤག་ཤག་འཇོ་བའི་མོད། །

རིག་འབྱུང་ནོར་འཛིན་དགའ་མའི་ཕང་བར་ཤད་སྩོལ་བསྒྱུར། །

བླ་མའི་བཀའ་བཞིན་ཨ་ལགས་གཡུང་ལྷུན་མཆོག་དང་ལྷན། །

ངེད་ཅག་གྲྭ་བཙུན་འགའ་ཞིག་རྟོགས་ལྡན་སྣང་ཞིག་ཏུ། །

བདེ་བར་འབྱོར་ཞིང་དབང་ལུང་མན་ངག་ཁྲིད་གདམས་ཀྱི། །

བྱིན་རླབས་དངོས་གྲུབ་བདུད་རྩིའི་ཆར་རྒྱུན་ཅི་དགར་རོལ། །

སྣང་ཞིག་བླ་མའི་ལྗགས་ལུང་གསེར་གྱི་ཁུག་སོ་ནས། །

ཁོ་བོ་སྤྲུལ་བའི་སྐུ་རུ་ངེས་པའི་བཀའ་ཡང་བསྒྲགས། །

རྒྱ་འོབས་བསྟན་འཛིན་དབང་རྒྱལ་ཡིད་བཞིན་ནོར་བུས་ཀྱང་། །

དེ་ལྟར་ངེས་ཤིང་བོན་བརྒྱ་བླ་མས་མཁྱེན་ཚུལ་གསུངས། །

དེ་ལྟར་ཟླ་ངོ་གཅིག་གི་ཡུན་ལ་ཐོས་བསམ་ཆར། །

གཡེང་བས་མ་འཁྱེར་བརྩོན་པ་རྒྱུན་ཆགས་ནན་ཏན་མཛད། །

རང་དགོན་དབེན་པའི་གནས་མལ་སྙེག་པའི་དུས་ཉིད་ལ། །

བླ་མས་ཁོ་བོར་མཛོད་བཏགས་ཕུལ་ཞིང་རྟེན་འབྲེལ་བསྒྲིགས། །

སྐྱབས་རྗེ་བླ་མ་ཡིད་བཞིན་ནོར་བུའི་ཐུགས་དགོངས་བཞིན། །

རིགས་ཀྱི་སྐུ་སྲས་བཟོད་པ་མཆོག་དང་ངེད་ཅག་གཉིས། །

ཉིན་ཕྱག་ལྔ་ཟུང་བཅུ་ཕྲག་ཙམ་གྱི་དུས་ཡུན་ལ། །

ཤེས་རབ་ལྷ་མཆོག་སྨྲ་བའི་སེང་གེའི་བསྙེན་མཚམས་བསྒྲུབས། །

བསྙེན་མཚམས་གྲོལ་རྟིང་བླ་མའི་ཕྱག་འཕྲིན་བསྟར་མ་ཞིག །

ལེགས་པར་བསྣམས་ནས་ཕ་ཡུལ་ཆབ་ཆའི་ཕྱོགས་སུ་བསྐྱོད། །

ཡུལ་མིས་སྤུལ་སྐུར་ངོས་འཛིན་གནང་བར་དོགས་འཚེར་ཡང་། །

དུང་དཀར་དགོན་དང་ལྷ་སྡེའི་མི་ཡིས་རྩིས་མཐོང་གནང་། །

བླ་མའི་བཀའ་ལུང་གསེར་གྱི་པྲོག་ཞུ་སྤྱི་བོར་བཏེགས། །

རྔ་ཡུལ་སྣང་ཞིག་བཤུལ་ལམ་ཕྲ་མོ་རྡོག་པས་མནན། །

རྒྱ་འོབས་བླ་མའི་ཞབས་ཟུང་སྤྱི་བོར་བསྙེན་པ་ཡིས། །

ལོ་གསུམ་སྒྲུབ་པ་མཐའ་རུ་ཕྱིན་པའི་སྐལ་བཟང་ཐོབ། །

རང་དགོན་ལོ་གསུམ་སྒྲུབ་གྲྭ་གསར་དུ་ཚུགས་པའི་མོད། །

རྔ་ཡུལ་དགེ་བཤེས་ལུང་རྟོགས་རྒྱ་མཚོ་དགོན་འདིར་འབྱོར། །

བཤད་གྲྭའི་དབུ་ཡང་ལེགས་པར་ཚུགས་ཤིང་ད་ལྟའི་བར། །

མ་ཉམས་རྒྱུན་བསྲིངས་བསྟན་པ་ཕྱོགས་སུ་སྤེལ་བ་མཚར། །

ཤིང་བྱིའི་ལོ་ལ་སྐྱབས་རྗེ་བླ་མ་སྐུ་འཁོར་བཅས། །

སྣང་ཞིག་རྒྱལ་བསྟན་ཕུན་ཚོགས་གླིང་དུ་ཐོག་མར་འབྱོར། །

ཡོངས་འཛིན་བཟོད་པ་རྒྱལ་མཚན་མདུན་ནས་སྙིང་ཏིག་དང་། །

སྡེ་སྣོད་མཛོད་སོགས་དབང་ལུང་དུ་མས་རྗེས་བཟུང་མཛད། །

སླར་ཡང་སྣང་ཞིག་རྒྱལ་བསྟན་གླིང་དུ་ཞབས་ཟུང་བསྒྱུར། །

བྱ་འཕུར་བླ་མ་བསྟན་འཛིན་རྒྱལ་མཚན་རིན་པོ་ཆེས། །

སྟག་ལའི་དབང་མཆོག་བྱེའུ་འཕར་མའི་དབང་བསྐུར་མཛད། །

སྐྱ་སེར་ཡོངས་ཀྱི་འདོད་པའི་རེ་བ་ཡོངས་སུ་བསྐངས། །

ཁོ་བོའི་ལོ་གསུམ་སྒྲུབ་པ་གྲུབ་པའི་རྟིང་སོར་ལ། །

སྒྲུབ་གྲྭའི་ལྷ་ཁང་གསར་བཞེངས་ལས་ཀྱི་བཀའ་ལུང་གིས། །

སྐུལ་བའི་ལས་དེ་སྙིང་ལ་བཅིངས་ཤིང་མཆོག་གསུམ་ལ། །

སྐྱབས་བཅོལ་དོན་གཉིས་ལྷུན་གྲུབ་ལྷ་ཁང་ལེགས་གྲུབ་མཛད། །

གེ་སར་ཕྲོམ་ཡུལ་ཁྲི་གཤོག་རྒྱལ་མོའི་ལྷོ་རྒྱུད་དུ། །

ཞབས་ཟུང་གསེར་གྱི་འཁོར་ལོ་ལན་མང་བསྒྱུར་བའི་མོད། །

ཡི་དམ་དབང་ཆེན་འབུམ་པ་དང་ནི་རམ་པ་ཡི། །

བཀའ་ལུང་ཟབ་མོས་གདུལ་བྱའི་ཚོགས་རྣམས་རྗེས་སུ་བཟུང་། །

སྐབས་འགར་ཟས་ཀྱི་ཐུན་མཚམས་བར་ནས་ཁོ་བོར་ཡང་། །

བཅའ་ག་ཕྱག་ལེན་འདོན་རྟ་དང་བཅས་བསྐྱེད་རྫོགས་སྐོར། །

མང་དུ་གསུངས་ཤིང་གཞན་སྡེའི་གཞུང་ལ་ཐོས་བསམ་གྱིས། །

རང་གཞན་ལུགས་གཉིས་ཞིབ་བསྡུར་བྱེད་པ་གནད་དུ་གསུངས། །

སྐབས་རེར་རྣམ་ཤེས་འདྲེན་ལུགས་དམིགས་པ་འཛིན་སྟངས་དང་། །

འཕོ་རྟགས་ཉམས་སྣང་ཇི་ལྟར་འབྱུང་ཚུལ་ཞིབ་རྒྱས་གསུངས། །

དེ་ལ་ཚུལ་འཆོས་གསོག་གསོབ་མི་རུང་གཟབ་ནན་གྱིས། །

འདྲེན་ཆོག་བསྒྲུབ་ལུགས་ཡང་ཡང་གསུངས་པ་དྲིན་ཆེ་ཨང་། །

སྐུ་ཚེ་སྔ་མའི་གར་བཞུགས་མཛད་པའི་འཕྲིན་ལས་རེ། །

སྐབས་རེར་ཡིད་ལ་གསལ་བོར་འཆར་ཞིང་སྲོད་ཀྱི་ཆར། །

ལུས་སྦྱིན་གསུངས་མཚམས་སྣ་ཚོགས་ཆོ་འཕྲུལ་མངོན་སུམ་འབྱུང་། །

སྙིང་རྗེའི་ངང་གིས་དམིགས་མེད་རྩིས་གདབ་ཞི་བར་གྱུར། །

ཕྲ་རགས་ལས་དང་ཁ་ཏོན་དགེ་སྦྱོར་གང་བརྩམ་ཡང་། །

ཐོག་མའི་ཀུན་སློང་རྣམ་དག་བྱུང་ཚེ་དགེ་བར་འགྱུར། །

ཀུན་སློང་མ་དག་རྣམ་མཁྱེན་གོ་འཕང་ཐོབ་སྐལ་དབེན། །

དེ་ལྟར་ལེགས་བཤད་བདུད་རྩིའི་རྒྱུན་བཟང་རྟག་ཏུ་འཇོ། །

དབལ་མོ་གནས་ཀྱི་དགོན་སྡེའི་ཆགས་ཡུལ་བོན་ཚང་མའི། །

གསས་ཁང་མདོ་སྔགས་ཕུན་ཚོགས་དར་རྒྱས་གླིང་གི་ཆར། །

ཨ་གསལ་ཐུགས་རྗེའི་སྤྲིན་དཔུང་དབལ་གསས་ཤི་རུ་ལོག །

བཀའ་སྐྱོང་རྗེས་གནང་དབང་གི་བདུད་རྩིའི་བྱིན་ཆར་དབབ། །

རེབ་གོང་རིག་འབྱུང་གསེར་ལྗོངས་འཛིན་མའི་ཁྱོན་འདི་ཡི། །

ཕང་བར་བཞད་པའི་གཡུང་དྲུང་བོན་གྱི་སྒྲུབ་སྡེའི་ཕྲེང་། །

ཉེར་གཅིག་གྲངས་ཀྱིས་མཛེས་པར་སྤུད་པའི་གསས་ཁང་དག །

བསྐྱར་བཞེངས་ལེགས་གྲུབ་རླབས་ཆེན་འཕྲིན་ལས་བློས་དཔོག་དཀའ། །

དེ་ལྟར་མདོ་སྨད་བྱང་ཁའི་རྒྱུད་ཀྱི་གསས་ཁང་སོགས། །

ཉམས་གསོ་བཞེངས་བསྐྲུན་སྐུ་གདུང་གསུང་རབ་ཐུགས་ཀྱི་རྟེན། །

མཆོག་གསུམ་མཆོད་པའི་ཞིང་བཀོད་རྣམ་དཀར་དགེ་བའི་དཔལ། །

རིགས་དྲུག་སེམས་ཅན་བྱང་ཆུབ་འཐོབ་པའི་རྒྱུ་རུ་བསྲིངས། །

སྲིད་པའི་ལུགས་ཀྱི་ཇུས་བཟང་ཀུན་གསལ་ནོར་བུའི་འོད། །

འཛིན་མའི་ཁྱོན་ཀུན་རབ་ཏུ་དཀྲུགས་པའི་སྐལ་བཟང་དུས། །

རང་ཡུལ་སྲིད་གྲོས་ནང་བསྟན་མཐུན་ཚོགས་ལས་འཛིན་གྱི། །

བགོ་སྐལ་ཁུར་བཞེས་གོང་མའི་ལས་དོན་མཐའ་འཁྱོལ་མཛད། །

རོང་འབྲོག་ཡུལ་སྡེའི་འཐབ་རྩོད་འཁྲུག་ལོང་རྒོད་ན་ཡང་། །

དམ་པའི་ཞལ་གསུང་གསེར་གྱི་བདུད་རྩིས་ལུས་ཅན་ཀུན། །

ཉོན་མོངས་དུག་ལྔའི་འདམ་ལས་ཕྱུང་ཞིང་ཞི་བདེའི་ངང་། །

བདེ་སྐྱིད་འཚོ་བའི་དཔལ་ལ་འཁོད་པར་ཀུན་གྱིས་བསྔགས། །

སྟོད་ཀྱི་དབུས་གཙང་ཉི་མ་ལྷ་ལྡན་ཞིང་ལ་ནི། །

སྔ་ཕྱིར་འཕྲོག་བྱེད་ལན་གྲངས་ཆིབས་ཁ་བསྒྱུར་མཛད་ཅིང་། །

སྟོན་པ་རྣམ་གཉིས་དངོས་མཇལ་ཡིད་ཀྱི་དག་སྣང་གིས། །

ཇོ་བོ་ཡིད་བཞིན་ནོར་བུའི་གསེར་ཞལ་ཡང་ཡང་མཇལ། །

སངས་རྒྱས་རྣམས་ནི་ཐུགས་རོ་གཅིག་པས་ཀུན་ལ་ཡང་། །

ཐུགས་རྗེ་ཆེན་པོ་ཉེ་རིང་མེད་པར་ཀུན་ལ་ཁྱབ། །

དམིགས་པ་ཡེངས་མེད་ཇོ་བོའི་ཐུགས་ཁར་རྩེ་གཅིག་གཏད། །

ཐིག་ལེ་ཉག་གཅིག་ངང་མཉམ་བྱིན་རླབས་ཡང་དག་ཞུས། །

ཕྱི་ནང་སྣོད་བཅུད་མི་རྟག་སྒྱུ་མའི་རང་གཟུགས་སུ།།

མངོན་སུམ་གྲུབ་པས་དོན་གཉིས་ལྷུན་གྲུབ་གསས་ཁང་ཡང་། །

མེ་ལྷ་རྒྱལ་མོས་ཟས་སུ་རྔམ་པས་བརླགས་གྱུར་ཀྱང་། །

བླ་སློབ་དཔུང་གཅིག་བསྡེབས་པའི་སྟོབས་ཀྱིས་སྔར་བས་འཕེལ། །

སྙིགས་མའི་དུས་འདིར་མ་རིག་ལོག་རྟོག་འཁྲུལ་བ་ཡིས། །

ཕ་མེས་རྒྱུད་ཀྱི་བསྟན་དོན་མ་རྟོགས་ལོག་འགྲེལ་སྐབས། །

དྲིས་ལན་ལྷག་བསམ་དུང་གི་སྒྲ་དབྱངས་སྲིད་འདིར་བསྒྲགས། །

རྨོངས་འཐིབས་ཅན་རྣམས་སྨྲ་མེད་ལྐུགས་པའི་གྲལ་དུ་བརྫངས། །

སྲིད་ན་གྲགས་པའི་མཚན་སྙན་རིང་དུ་གཡོ་བ་ཅན།།

ཀུན་འདུས་ཞལ་ཐང་ཆེན་མོའི་བཞེངས་བསྐྲུན་ལེགས་འགྲུབ་ཕྱིར། །

བོན་གྱི་ཞལ་ཐང་སོ་ལྔ་དང་བཅས་ཐུགས་བཀོད་ཀྱང་། །

རྒྱ་ཆེར་གནང་བའི་མཛད་པའི་འཕྲིན་ལས་ཨེ་མ་རྨད། །

ལྕགས་འབྲུག་དབྱར་ཟླ་འབྲིང་བོའི་ཉེར་གཅིག་ཚེས་བཟང་ལ། །

གདན་ཞུའི་རེ་འབྲས་ཡལ་བར་མ་བཏང་དོན་ཡོད་ཕྱིར། །

པེ་ཅིང་གསེར་གྱི་གྲོང་ཁྱེར་ཆེན་མོའི་མཁའ་དབྱིངས་བརྒྱུད། །

ཧོ་ལན་རྒྱལ་ཁབ་ཆེན་མོའི་ཕྱོགས་སུ་བདེ་བར་འབྱོར། །

རྒྱལ་སྤྱིའི་བོད་རིག་པ་ཡི་དཔྱད་གླེང་ཞིབ་འཇུག་གི །

བགྲོ་གླེང་ཁྲོད་ནས་བོད་རྒྱལ་རིམ་བྱོན་འཁྲུངས་འདས་སོགས། །

ལོ་ཡི་ཕྲེང་བ་ཕུ་འདེད་གནང་ཞིང་དོགས་སེལ་གྱིས། །

འཛམ་གླིང་མཁས་མང་རབ་ཏུ་དགྱེས་ཤིང་བསྟོད་དབྱངས་གྱེར། །

ལྕགས་སྦྲུལ་དབྱར་ཟླ་ཐ་ཆུང་དུས་ལ་རྒྱལ་སར་འབྱོར། །

བོན་ལུགས་དང་འབྲེལ་བོད་ཀྱི་རིག་གནས་ཐོག་མའི་ཁུངས། །

གངས་ལ་ཉི་བཞིན་ས་ལེར་གསལ་མཛད་ཕྱི་ནང་གི །

མཁས་རྒུའི་ཡིད་ཀྱི་རྨོངས་པའི་མུན་པ་ཅིག་ཅར་གཞོམ། །

ཆུ་མོ་ལུག་གི་སྟོན་ཟླ་འབྲིང་བོའི་ཚེས་གསུམ་ཉིན། །

ཞི་བདེ་རྒྱ་མཚོའི་མཁའ་དབྱིངས་བརྒྱུད་དེ་དབྱིན་ཇིར་འབྱོར། །

སངས་རྒྱས་ཆོས་དང་རྫོགས་པ་ཆེན་པོའི་ངོས་འཛིན་ཐད། །

ལུང་རིགས་ཚད་མས་གསལ་ཁ་བཀྲོལ་བས་མཚན་སྙན་འབར། །

མེ་ཁྱི་ལོ་ཡི་སྟོན་ཟླ་འབྲིང་བོའི་ཚེས་བཅུའི་ཉིན། །

ངོ་མཚར་འཕྲུལ་གྱི་མཁའ་ལྡིང་རྒྱལ་པོ་ཆིབས་སུ་བཅིབས། །

ཡོ་རོབ་སྟོབས་ལྡན་འཇར་མན་རྒྱལ་ཁབ་ཕྱོགས་སུ་འབྱོར། །

ཆོས་སྲིད་ཟུང་འབྲེལ་དགེ་སྐྱོན་གཏམ་གྱིས་མཁས་རྣམས་མགུ། །

སྐུ་ལ་སྙུན་གཞི་བཞེས་ཚུལ་བསྟན་པས་མཆིན་སྐྲན་དུ། །

ངོས་བཟུང་གནང་ཡང་གཤགས་བཅོས་སྤངས་ཏེ་རང་ཡུལ་བསྙེགས། །

རྩ་རླུང་གནད་བཟུང་ས་བྱི་ལོ་ལ་སླར་ཡང་བརྟག །

དར་མའི་རྟེན་ལས་འཕགས་ཚུལ་བསྟན་པར་ཀུན་ཀྱང་མཚར། །

མེ་ཕག་ལོ་ཡི་སྟོན་ཟླ་ར་བའི་དུས་ཚེས་ལ། །

གནའ་མཁར་ཟི་ལིང་གྲོང་ཁྱེར་ཡངས་པོའི་ཕང་བ་ནས། །

སྒྲ་ཚད་བྱུང་བ་དྲི་མེད་གསེར་གྱི་རང་མདངས་ངོམས། །

སློབ་ཆེན་ར་བར་རིག་གནས་གཏམ་གྱི་དྲི་བཟང་དཀྲུགས། །

སྨན་རི་བཤད་སྒྲུབ་སྨིན་གླིང་ཤར་ཕྱོགས་མངོན་དགའི་མདུན། །

འཛམ་གླིང་ཞི་བདེ་བཀྲ་ཤིས་སྒོ་མང་གཙོས་མཛད་པའི། །

སྣ་ཚོགས་གྲངས་ཀྱི་མཆོད་རྟེན་ཁྱུང་གི་བྱ་རུ་ཅན། །

བཞེངས་གྲུབ་དགེ་བས་འབྱུང་ལྔའི་འཇིགས་ཚོགས་ཞི་གྱུར་ཅིག །

གཡུང་དྲུང་བོན་བསྟན་མཉམ་འབྲེལ་ལྷན་ཚོགས་གདན་ཞུས་ལྟར། །

སླར་ཡང་རྔ་ལྗོངས་ཕྱུག་མོའི་ཡུལ་དུ་ཆིབས་བསྒྱུར་གནང་། །

གཤེན་ཤཱཀ་བསྟན་པའི་ཁྱད་པར་དང་འབྲེལ་འཛིན་སྐྱོང་ཐད། །

ངོ་མཚར་གསུང་གི་མཆིད་ཚིག་ནོར་བུའི་དངོས་གྲུབ་བསྙིལ། །

བླ་མས་དབང་བསྐུར་དབང་བརྡ་སྤྲོད་ཅིང་འཕྲོད་དགོས་པས། །

དམིགས་མེད་ལྟ་བ་སྙིང་རྗེ་ཟུང་འཇུག་གལ་ཆེར་གསུངས། །

ལུང་ལ་ལུང་རྒྱུན་ཕན་སེམས་ལྡན་པས་འཐུས་པར་གསུངས། །

ཁྲིད་ལ་ཁྲིད་རྒྱུན་ཚིག་དོན་ཐབས་མཁས་གལ་ཆེར་གསུངས། །

དེ་བཞིན་ཁོ་བོར་བླ་མའི་གདན་ས་སྐྱོང་ཚུལ་ཡང་། །

གནས་གཞིའི་ཤུལ་ཙམ་འཛིན་པ་མི་གཙོ་སྐུ་གསུམ་གྱི། །

མཛད་པ་ཚུལ་བཞིན་སྐྱོང་ལ་དབང་ལུང་ཁྲིད་གསུམ་གྱིས། །

གདུལ་བྱའི་ཚོགས་རྣམས་ལམ་ལ་འཁོད་པར་བརྩོན་དགོས་གསུངས། །

ཡི་དམ་གང་དང་གང་གི་ཚོགས་འཁོར་བསྐོར་ན་ཡང་། །

དངོས་འབྱོར་མཆོད་པ་འབྱོར་བའི་སྟོབས་ཀྱིས་མི་ནུས་ཀྱང་། །

སྟོང་གསུམ་འཇིག་རྟེན་ཚོགས་འཁོར་དམིགས་ནས་ཕུལ་བ་རབ། །

དེ་བས་དམིགས་མེད་རྩིས་ཀྱིས་ཟིན་པ་གནད་དུ་གསུངས། །

གྲུབ་པའི་དབང་ཕྱུག་ཁྱུང་དཀར་ཚངས་པའི་སྒྲུབ་བརྒྱུད་ལས།།

ཁྱུང་དཀར་བསྟན་པ་རྒྱ་མཚོའི་གླིང་གི་གསས་ཁང་དུ། །

མཁའ་འགྲོ་གསང་གཅོད་ལྷན་སྐྱེས་དཀར་པོ་སུམ་སྦྱོར་གྱི། །

བཀའ་དབང་དངོས་གྲུབ་ལྷུག་སྩོལ་གནང་སྟེ་རྗེས་བཟུང་མཛད། །

སྟོད་ཀྱི་དབུས་གཙང་མངའ་རིས་ཡུལ་གྱི་དགོན་སྡེ་དང་། །

གངས་རྒྱལ་ཏི་སེ་གནའ་བོའི་གུ་གེའི་མཁར་ཤུལ་སོགས། །

ངོ་མཚར་གནས་རི་བླ་མཚོ་བྱིན་ཅན་གྲངས་མེད་པར། །

མཆོད་མཇལ་འབྲེལ་ཐོགས་མ་གྱུར་སེམས་ཅན་དོན་དུ་བསྔོས། །

སྙན་བཟང་གསས་ཁང་གསང་ཆེན་སྨིན་གྲོལ་དཔལ་ལྡན་གླིང་། །

ལེགས་གྲུབ་བཀྲ་ཤིས་རབ་གནས་བྱིན་རླབས་བསྩལ་དང་ལྷན། །

ཁྲོ་བོ་ངོ་མཚར་དབང་ཆེན་འགུ་ཡ་གཏིང་རྫོགས་ཀྱི། །

བཀའ་དབང་དངོས་གྲུབ་མདོ་སྨད་དད་ལྡན་ཡོངས་ལ་བསྩལ། །

སོ་ནག་གྲུབ་ཆེན་ཐོག་འཛིན་གར་གྱི་དབང་ཕྱུག་གི །

གདན་ས་ཆེན་མོ་མདོ་སྔགས་གཤེན་བསྟན་དར་རྒྱས་ཆར། །

རཀྴ་སྤྱི་འདུལ་ཞི་ཁྲོ་དམ་པའི་དབང་མཆོག་བསྐུར། །

འཕོ་ལུང་བོན་སྐྱོང་རྗེས་གནང་དྲིན་གྱིས་ལམ་ལ་བཀོད། །

སེར་བརྒྱའི་བོན་འབངས་དད་ལྡན་ཡོངས་ཀྱི་རེ་འབྲས་བཞིན། །

གསང་སྔགས་བདུད་འདུལ་མེ་རི་འཁྱིལ་བའི་གླིང་དུ་ཕེབས། །

ཀུན་བཟང་ཞི་བ་ཨ་གསལ་ཐུགས་རྗེ་སྤྲིན་དཔུང་དང་། །

སྤྱི་འདུལ་ཡང་གསང་དབང་མཆོག་དམ་པས་ཐུགས་རྗེས་བཟུང་། །

མདོ་སྨད་ཤར་ཡུལ་དགའ་མལ་དགོན་གྱི་ར་བ་ནས། །

གཡུང་དྲུང་བོན་གྱི་གཡས་རུའི་འཆད་རྩོད་ཐོག་མར་བསྒྲགས། །

དམ་པ་ཉིད་ཀྱང་ཕྱག་ཕེབས་གནང་ཞིང་གསང་སྔགས་སྐོར། །

འཆད་ཁྲིད་གནང་བར་ཀུན་གྱིས་བསྟོད་ཚིག་མེ་ཏོག་འཐོར། །

མཁས་གྲུབ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་དཔལ། །

སྣང་ཞིག་དགེ་བའི་བཤེས་གཉེན་ནམ་མཁའ་ཚུལ་ཁྲིམས་མཆོག །

མཛོད་དགེ་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ། །

མདོ་སྨད་སྨྲ་སེང་རྣམ་གསུམ་གྲགས་པའི་མཚན་སྙན་འབར། །

བླ་མ་དམ་པའི་ཐུགས་དགོངས་བྱིན་རླབས་འབར་བ་ཡིས། །

ཙི་ནའི་ཡོན་བདག་དད་པའི་སྟོབས་ཀྱིས་ཉེར་བསླངས་ཏེ། །

གསེར་ཟངས་ལས་གྲུབ་རྣམ་པར་རྒྱལ་བའི་སྐུ་བརྙན་གང་། །

རང་དགོན་སྨན་རི་སྨིན་གྲོལ་གླིང་དུ་མངོན་པར་བཞེངས། །

བོད་ཟླ་དགུ་བའི་ཉེར་གཉིས་ཚེས་བཟང་ཞོགས་པའི་ཆར། །

བླ་སྤྲུལ་མཁན་གསུམ་གྲྭ་བཙུན་གསང་སྔགས་རིག་འཛིན་སྡེ། །

རྒྱ་ནག་བཙུན་པ་བོན་འབངས་དད་ལྡན་ཕོ་མོ་ཀུན། །

ལྷན་ཅིག་འདུས་ཤིང་བཀྲ་ཤིས་རབ་གནས་མངའ་དབུལ་མཛད། །

མི་འགྱུར་གཡུང་དྲུང་ཚེ་ཡི་དངོས་གྲུབ་མཆོག་བརྙེས་པས། །

མདོ་དབུས་ཁམས་གསུམ་བླ་གྲྭ་སེར་སྐྱ་ཁྲི་སྡེ་ཙམ། །

སྐྱབས་རྗེ་བླ་མ་ཡིད་བཞིན་ནོར་བུའི་གདན་ས་ཆེར། །

དུས་གཅིག་འཛོམས་ཤིང་བརྒྱད་ཅུའི་གྱ་སྟོན་ཤིས་པ་གསོལ། །

མགོན་པོ་གང་གི་ལྷ་སྡེའི་དད་འབངས་བརྒྱ་སྟོང་གིས། །

ཉིན་ཞག་དགུ་རུ་དགའ་སྐྱིད་གླུ་གར་རྩེད་འཇོ་སོགས། །

རིག་འཛིན་བླ་མ་དགྱེས་པའི་མཆོད་སྤྲིན་རྒྱ་མཚོ་ཡིས།།

བཀྲ་ཤིས་རྟེན་འབྲེལ་དགེ་བའི་སྨོན་འདུན་ཚད་མེད་ཞུས། །

གནའ་སྲོལ་ཇི་བཞིན་ལྷ་རིས་ཡིག་བྲིས་པར་འདེབས་དང་། །

དེང་རབས་སྒྲ་གཟུགས་བརྙན་པར་གྲངས་མེད་ངོ་མཚར་འཕྲུལ། །

གསུང་རབ་པོ་ཏི་ལྔ་ཟུང་བཅུ་ཡི་བདག་ཉིད་ཅན། །

པར་བསྐྲུན་ལས་ཀྱིས་བསྟན་པའི་རྗེས་བཞག་བླ་མེད་མཛད། །

གསུང་སྐྱེས་སློབ་འབངས་སྟོན་མཚན་མཁའ་ཡི་སྐར་ཚོགས་བཞིན། །

འཛམ་གླིང་སྲིད་པའི་ཁྱོན་ཀུན་མཆེད་ཅིང་བསྟན་འགྲོའི་སླད། །

རང་རང་ནུས་པས་སྲི་ཞུ་གང་ལེགས་སྒྲུབ་པ་ཡིས། །

གཡུང་དྲུང་བོན་གྱི་བསྟན་པའི་མངའ་ཐང་ཕྱོགས་བཅུར་སྤེལ། །

དེ་ལྟར་དགུང་གྲངས་གྱ་བཞིའི་རིང་ལ་བསྟན་འགྲོའི་དོན། །

ཚེགས་མེད་ཁུར་བཞེས་མཛད་པའི་འཕྲིན་ལས་མཐར་ཕྱིན་གྱིས། །

ཧོར་ཟླ་བདུན་པའི་བཟང་པོའི་༼2018.76༽གྲངས་ཀྱི་སྐར་ཚེས་ལ། །

རེ་ཞིག་དགོངས་པ་བོན་ཉིད་དབྱིངས་སུ་བསྡུས་ཚུལ་བསྟན། །

དམ་པ་གོང་མའི་མཛད་སྲོལ་ཇི་བཞིན་བདུན་ཕྲག་གཅིག །

གསང་རྒྱར་རོལ་བས་རྟོགས་ལྡན་བླ་སྤྲུལ་མཚན་ཐོགས་སྡེས། །

ཚེ་དབང་གཞུང་དང་བོན་སྐུའི་སྨོན་ལམ་ཆག་མེད་ཀྱིས། །

དམིགས་མེད་ཐུགས་ཡིད་གཅིག་བསྲེས་ཉམས་ལེན་ངང་གིས་བསྐྱངས། །

བཅུ་གསུམ་ཚེས་ཀྱི་ཞོགས་པར་བཀའ་ཡི་གསང་རྒྱ་གྲོལ། །

གདུལ་བྱའི་ཚོགས་རྣམས་ཡི་མུག་གདུང་བས་རབ་ཏུ་གཟིར། །

ཕྱག་བསྐོར་མཆོད་འབུལ་དགེ་སྒྲུབ་ལས་ཀྱིས་གདུང་མཇལ་ཞུས། །

ཟེར་འོད་འཇའ་སྤྲིན་རྟགས་དང་མཚན་མ་ཅི་ཡང་དཀྲུགས། །

རྔ་གཤང་དུང་གླིང་རོལ་མོའི་དབྱངས་ཀྱིས་སྣེ་དྲངས་ཏེ། །

གདུགས་དང་རྒྱལ་མཚན་མེ་ཏོག་སྤོས་ཀྱི་མཆོད་རྫས་སོགས། །

བླ་སྔགས་གྲྭ་བཙུན་སྐྱ་སེར་ཕོ་མོའི་སེར་ཕྲེང་གིས། །

སྐུ་གདུང་གདན་འདྲེན་ཞུགས་འབུལ་ཆོ་ག་རྒྱས་པར་མཛད། །

ངོ་མཚར་སྐུ་གདུང་རིང་བསྲེལ་ཕྱི་རབས་རྟེན་དུ་བཞུགས། །

ཕྱོགས་ཀྱི་རྗེས་འཇུག་དད་འབངས་ཡོངས་ཀྱིས་རང་རང་སར། །

ཚོགས་འཁོར་རྒྱས་འབུལ་ཁས་ལེན་དགེ་རྩ་ཅི་འབྱོར་གྱིས། །

བླ་མ་དམ་པའི་ཐུགས་ཟིན་དགེ་ལ་རབ་ཏུ་བརྩོན། །

རྩ་གསུམ་ཀུན་འདུས་དཔལ་ལྡན་བླ་མ་རིན་པོ་ཆེ། །

མི་མངོན་དབྱིངས་ནས་ཐུགས་རྗེ་སྤྱན་གྱིས་མྱུར་གཟིགས་ལ། །

གདུལ་བྱ་ལྷག་མ་འདྲེན་པའི་སླད་དུ་ཞིང་ཁམས་འདིར། །

སྤྲུལ་བའི་སྐུ་མཆོག་ཉི་མ་ལྟ་བུ་མྱུར་འབྱོན་ཤོག །

སྐུ་གསུང་ཐུགས་ཀྱི་མཛད་པའི་འཕྲིན་ལས་སྔར་བས་ཀྱང་། །

ཕྱོགས་སུ་རྒྱས་ཤིང་རིགས་དྲུག་སེམས་ཅན་འགྲོ་བ་ཀུན། །

འཁོར་བ་ལས་སྒྲོལ་བྱང་ཆུབ་ལམ་དུ་བཀྲིད་དྲངས་མཛོད། །

ཚེ་རབས་ཀུན་ཏུ་རྗེས་བཟུང་མཛོད་ཅིག་བླ་མ་མཁྱེན། །

འཛམ་གླིང་མཁས་གྲུབ་བྱེ་བའི་གཙུག་རྒྱན་རྗེ་བླ་མའི། །

རྟོགས་བརྗོད་ལྟ་བུ་ཁོ་བོའི་ངལ་གནས་མི་འོས་ཀྱང་། །

བློ་ལ་འཆར་བའི་དོན་རྣམས་ཅུང་ཟད་སྤྲོས་མཛད་པས། །

ནོངས་པ་ཅི་མཆིས་མཆོག་གསུམ་ཞིང་ལ་བཤགས་སུ་གསོལ། །

     ཞེས་མདོ་སྨད་བྱང་རྒྱུད་བསྟན་པའི་བདག་ཉིད་ཆེན་པོ༧སྐྱབས་རྗེ་བླ་མ་མཁས་གྲུབ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེའི་རྟོགས་བརྗོད་ཨུ་དུམ་ཝ་རའི་ཆུན་པོ་ཞེས་བྱ་བ་འདི་ཡང་མགོན་པོ་གང་དང་སྐུ་ཚེ་ཧྲིལ་བོར་ཁ་མ་བྲལ་བར་ཚུལ་བཞིན་བསྟེན་པའི་སྐལ་བ་མཆོག་དང་ལྡན་པ་སྐྱང་གི་སྤྲུལ་མིང་བ་ནམ་མཁའ་བསྟན་འཛིན་དུ་འབོད་པས་བོད་རབ་བྱུང་བཅུ་བདུན་པའི་ལྕགས་མོ་གླང་ལོའི་ཟླ་ཚེས་བཟང་པོར་ལེགས་པར་གྲུབ་པ་རང་གི་མཆེད་གྲོགས་ཁྱུང་དཀར་ཟླ་བས་གློག་འཕྲུལ་ཡིག་གཏགས་སུ་བགྱིས་པའི་ལས་འདིའི་དགེ་བ་ཡིས་མར་གྱུར་སེམས་ཅན་ཐམས་ཅད་མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་འཐོབ་པའི་རྒྱུ་རུ་གྱུར་ཅིག་གུ། སརྦ་མངྒ་ལཾ། ཐ་ཚན་མུ་ཙུག་སྨར་རོ།། ༢༠༢༡.༦.༡༨

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།