རང་དབང་གི་རིག་པའི་རྒྱལ་བོ།

[ཟླ་ཚེས། 2021-03-17 12:08:54][རྩོམ་པ་པོ།  རྟོགས་ལྡན་འབར་གས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

གཅིག་ཤེས་ཀུན་གྲོལ་གདམས་པའི་ལམ་ལ་རིག་པའི་ལྷ་སྐལ་རང་གིས་བྲིས།།
ཚེ་རབས་ལས་ཀྱི་གསང་ཚིག་ཁྲོད་ན་ཨ་དཀར་དབྱིངས་ཡིག་སེམས་ལ་གཏད།།
བཅུད་ལྡན་བླ་མའི་དམ་ཚིག་ཀློང་ན་སྲོག་གི་མདུད་པ་བརྒྱ་ཚོགས་བསྲུངས།།
བསྐལ་སྟོང་བསོད་ནམས་གཅིག་ལ་བཀོད་དེ་སྐལ་ལྡན་ལས་སྐལ་འདི་ཉིད་རྨད།།

རྒྱལ་བློན་འབངས་ཀྱི་མགོ་བའི་གནས་ལ་རིག་པའི་རྒྱལ་བོ་རང་རྒྱལ་གྱུར།།
བདེན་ཞེན་འཁྲུལ་བ་འཁོར་བའི་གཤིས་ལ་བདེ་སྟོང་གསལ་བའི་གཞི་མེད་ཤར།།
ཡིད་གཉིས་ཐེ་ཚོམ་དྲ་བའི་ཁྲོད་ན་རང་རིག་གསལ་བའི་འོད་ལྔ་འཆར།།
མ་རིག་མུན་པ་སྟུག་པོའི་འོག་ལ་གཞི་རྩལ་རང་སྣང་རང་ཤར་གྱུར།།

རྣམ་རྟོག་རླུང་གི་བརྩེ་བའི་ཁྲོད་ན་ཡི་གེའི་གཟུངས་གཞུག་སོ་སོར་ཤར།།
སྒྲ་དང་ཚིག་གི་འདོད་འདུན་ངོགས་ན་རིག་པའི་རང་སྒྲ་རང་ལ་གནས།།
འཁྲུལ་བ་གཉིས་སྣང་ཟད་སར་འོག་ན་ཀུན་མཁྱེན་ཡེ་ཤེས་རང་ལས་རྙེད།།
ངོ་བོ་མ་བཅོས་ཡེ་དག་ཀློང་ན་གཉུག་མའི་འོད་གསལ་རང་གྲོལ་ལོ།།

བདག་འཛིན་ལྟ་བར་ཕུ་ཐག་བཅད་དེ་གཞི་ཡི་ཉི་མ་མཐའ་ནས་ཤར།།
སྣང་སྟོང་གཉིས་ལ་བྱང་རྩལ་ཆུབ་སྟེ་ལྷུན་གྲུབ་ཟླ་བ་རང་ཚེས་གྱུར།།
སེམས་ཉིད་བྱེ་བྲག་མེད་པར་གྱུར་ཏེ་འཁོར་བ་མྱང་འདས་ཡེ་ནས་དག།
གཞི་ལམ་འབྲས་གསུམ་གཅིག་ལ་བཀོད་དེ་སྐུ་གསུམ་འབྲས་བུ་བླ་རུ་འཕགས།།

བློ་ཡི་གཡང་ལུགས་རྒྱང་ལ་འཕང་སྟེ་རིག་པའི་རང་ངོ་རང་གིས་ཟིན།།
གནས་འགྱུ་རིག་གསུམ་གཅིག་ཏུ་གྱུར་ཏེ་ཟང་ཐལ་ལྟ་བ་ཡེ་ནས་རྫོགས།།
ཉོན་མོངས་རྩ་བ་དྲུངས་ནས་བཅད་དེ་གཞི་རྩལ་རང་སྣང་ཅིག་ཆར་རྟོགས།།
ས་ལམ་ཡོན་ཏན་གཅིག་ལ་བསྡུས་ནས་ཀ་དག་ལྷུན་གྲུབ་དབྱེར་མེད་གྱུར།།

སེམས་ཉིད་བྱེ་བྲག་མེད་པར་གནས་ཏེ་འོད་གསལ་མ་བུ་རང་ངོ་འཕྲད།།
སྣང་བཞི་སྒྲོན་མེའི་གཡུ་རལ་དེ་ན་རང་སེམས་ནམ་མཁའ་ནང་འདྲེས་སོ།།
ཏིང་འཛིན་ཟབ་མོའི་ཤེས་རབ་འོག་ན་མཉམ་བཞག་རྗེས་ཐོབ་སྒྱུ་མ་གནས།།
སྨྲ་བསམ་བརྗོད་འདས་ཡེ་དག་ཀློང་ན་ཡེ་ཤེས་དགོངས་པ་འདའ་བ་མེད།།                                     
   ཅེས་རྔ་ལྗོངས་བོན་གྱི་འདུས་སྡེ་ཆེན་མོ་རྟོགས་ལྡན་དགོན་དཔལ་གཤེན་བསྟན་སྨིན་གྲོལ་བཀྲ་ཤིས་གཡས་སུ་འཁྱིལ་བའི་གླིང་གི་ཞང་ཞུང་རྫོགས་པ་ཆེན་མོ་སྒོམ་པ་གྲྭ་ཚང་ལྷུན་གྲུབ་འོད་གསལ་ཟླ་གཞོན་གླིང་དབུ་ཚེས་ནས་ལོ་འཁོར་བརྒྱ་ཕྲག་གཅིག་འཁོར་བའི་དགའ་བསྟོན་རྟེན་འབྲེལ་ལ་སྣ་བ་མཐའ་ཡས་ཀྱིས་སོར་བཅུའི་ཐལ་མོ་སྙིང་གར་སྦྱར་ཏེ་ཕུལ་བའོ།།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།