ཡེ་སྲིད་ཧོས་ཀྱི་རྗེ་བོ།

[ཟླ་ཚེས། 2020-04-15 14:31:05][རྩོམ་པ་པོ། འཇམ་དབྱངས་ཚུལ་ཁྲིམས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


ཀ་དག་དྲི་མེད་ཀུན་བཟང་དགོངས་པ་མུ་མེད་མཐའ་བྲལ་བདེ་བའི་དབྱིངས།།
ཁ་དོག་མེད་ཀྱང་ཁུ་འཕྲིག་བྱུང་བ་བདེན་མེད་རིག་པའི་བང་རྩལ་རྫོགས།།
ག་རེ་འདི་སྐབས་དགུང་རྫོགས་མཆོད་པའི་ཁྱད་པར་ཉིན་མོ་འདི་ནས་ཀྱང་།།
ང་ཡིས་ཁྱེད་ལ་ངུ་དངགས་ངང་ནས་ཡང་ཡང་གསོལ་བ་འདེབས་བཞིན་ཡོད།།

ཅ་བཅོས་མི་མངའ་ཅུད་ཤེལ་རང་རིག་ཡེ་ཤེས་ཟང་ཐལ་རྗེན་ནེ་བར།།
ཆ་ལུཊ་ལྔ་ལྡན་ཆུ་རྒྱུན་དྲན་པའི་གཉུག་ཐག་རིང་དུ་བསྲིངས་ནས་ཀྱང་།།
ཇ་ཡུན་ཙམ་གྱི་ཇུས་གཏོགས་ཀུན་གྲོལ་སུམ་ལྡན་བླ་མ་མཆོག་ཉིད་ཀྱིས།།
ཉ་གང་ཟླ་བཞིན་ཉུལ་པོ་བདག་ལ་གསང་གསུམ་བྱིན་རླབས་ཆར་ཆེ་སྙིལ།།

ཏ་ལེ་རྟོགས་ལྡན་ཏུར་ཙེ་འགྲོ་དོན་སྣང་མཛད་འོད་སྟོང་འབར་བ་ཡིས།།
ཐ་མལ་འགྲོ་ལ་ཐུགས་རྗེ་ཚ་ཟེར་འོད་གསལ་རྫོགས་པའི་སྣང་བ་སྟེར།།
ད་ལོ་ཁྱད་པར་དུས་བབ་ནད་ཀྱིས་སེམས་ཅན་མང་པོ་འདས་གྲོངས་ཀུན།།
ན་ཚས་འཆི་ཚད་ནུབ་ཕྱོགས་བདེ་ཆེན་དག་པའི་ཞིང་ལ་འདྲེན་དུ་གསོལ།།

པ་ཊ་རིག་འབྱུང་པུར་རྒྱལ་བོད་ཀྱི་རྒྱལ་ཁམས་འདི་དང་ཁམས་ཕྱོགས་སུ།།
ཕ་གཅིག་བླ་མ་ཕུལ་བྱུང་ཁྱེད་ཉིད་རྒྱལ་བསྟན་སྤེལ་ལ་འགྲན་ཟླ་བྲལ།།
བ་རྫི་བྱེད་པའི་བུད་མེད་རྣམས་ཀྱང་ཐར་ལམ་བསྟན་ནས་མཐུན་རྐྱེན་སྦྱར།།
མ་ལུས་སེམས་ཅན་མུན་སེལ་སྒྲོན་མེ་ཁྱེད་ཉིད་མེད་ན་ཇི་ལྟར་གནས།།

ཙ་ཀྲ་ཧ་ལ་ཙུག་ཙེ་ཐབས་ཀྱིས་བླ་མེད་རྫོགས་པའི་དངོས་གྲུབ་ཐོབ།།
ཚ་ཟེར་སྟོང་ལྡན་ཚུལ་ཁྲིམས་སྡོང་བུ་ཞིང་ཁམས་གཞན་དུ་ཕེབས་ན་ཡང་།།
ཛ་དྲག་གིས་གྲོངས་འཛུམ་དཀར་བོར་བ་ང་ཡི་ཨ་སྲུ་འདས་མ་སོགས།།
ཝ་ལེ་འདིར་གཟིགས་ཝུ་ལེ་ངང་ནས་དམ་པ་ཁྱེད་ཀྱིས་སྐྱབ་ཏུ་གསོལ།།

ཞ་ལོང་འོན་ལྐུགས་ཞུ་དོན་གསོལ་བཞིན་དགེ་བར་གནས་པ་ཁྱེད་ཀྱི་དྲིན།།
ཟ་མ་ཏོག་བཞིན་ཟུང་འཇུག་འོད་གསལ་ཉམས་ལེན་ཐོབ་པ་ཁྱེད་ཀྱི་དྲིན།།
འ་འུར་ཟ་ཟིང་འུར་འགྲོས་གྲོལ་བའི་ཟབ་གདམས་གནང་བ་ཁྱེད་ཀྱི་དྲིན།།
ཡ་རབས་སྤྱོད་བཟང་ཡུལ་ལུང་ཐམས་ཅད་བདེ་འཇག་ཡོད་པ་ཁྱེད་ཀྱི་དྲིན།།

ར་བ་གངས་རི་རུག་གེའི་ཞིང་དུ་མ་བཞུགས་སྙུང་ཚུལ་བཞེས་ནས་ཀྱང་།།
ལ་འུར་ཕེབས་པས་ལུས་པ་ང་ཚོས་བསམ་བསམ་ད་དུང་སྔ་སོང་མོད།།
ཤ་ཚུགས་གཅིག་ཏུ་ཤུལ་བཞག་གནང་བ་ཁྱེད་ཀྱི་བཀའ་དྲིན་མཐའ་མི་མངོན།།
ས་སྟེང་འདི་ནས་སུན་སྣང་འབྱིན་ཏེ་ཁྱེད་ལ་སྐྱབས་འཇུག་ཞུ་བཞིན་ཡོད།།

ཧ་རེ་མ་ཡེངས་ཧུར་ཐགས་བཅད་དེ་འོད་གསལ་ལྟ་བའི་གཤོག་དྲུག་རྒྱས།།
ཨ་ཏི་ཆེན་པོའི་ཨུ་པ་མནོས་ཏེ་འོད་གསལ་སྒོམ་པའི་རྩལ་དྲུག་རྫོགས།།
ཀྵ་བ་ཡེ་ཤེས་ཤུགས་འབྱུང་སྤྱད་དེ་འོད་གསལ་སྤྱོད་པའི་དོན་དྲུག་མངའ།།
ཥྚ་ཡིས་ལ་གཅོད་ཐུ་རེ་གནས་ཏེ་འོད་གསལ་དམ་པའི་ཞིང་དྲུག་གསལ།།

ཨི་ཛ་སྤྲེ་ལིང་ཨུ་བའི་བདག་སོགས་བུ་སློབ་འོད་སྐུར་གྲོལ་བའི་ཕྱིར།།
ཨུ་ཆུབ་ནན་གྱིས་ཨུ་ཡ་གནང་བ་རིག་པའི་གཤིས་ལུགས་མི་འཆོར་བར།།
ཨེ་མ་རྒྱལ་བའི་ཨུ་ཉམས་རྟོགས་པའི་གེགས་གོལ་ཐམས་ཅད་སེལ་ནས་ཀྱང།།
ཨོ་དབྱིངས་རབ་གནས་ཨུ་ཅག་ཚེ་རབས་ཀུན་ཏུ་རྗེས་སུ་བཟུང་དུ་གསོལ།།

ཨཿཡི་འཁྲུལ་མེད་ཨུ་པ་ཡེ་དག་བོན་སྐུའི་ཧོ༵ས་རྗེ༵་ཁྱེད་ཉིད་ཀྱི།།
ཨཾ་ནི་མ་འགག་ཨུཏྤལ་ཡང་དག་རང་ཤར་གྲུ༵བ་ཆེ༵ན་རིན་པོ་ཆེ།།
བྷི་བའི་གོ་ལམ་བྷུདྷའི་ཞིང་ནས་གདུལ་བྱ་ན༵མ་མཁ༵འ་ཇི་བཞིན་དུ།།
མྷིང་གི་གདཊ་སྒོ་དམུ་གཤེན་དྲུང་མུ་བསྟན་པའི་རྒྱ༵ལ་མཚ༵ན་ནུབ་མེད་མཁྱེ༵ན།

ཞེས་བཀའ་དྲིན་སུམ་ལྡན་གྱི་དྲིན་ཆེན་རྩ་བའི་བླ་མ་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་རིན་པོ་ཆེ་༡༩༥༦-༢༠༢༠ དགོངས་པ་བོན་དབྱིངས་སུ་ཐིམ་ནས་དགུང་ཞག་ཞེ་དགུ་རྫོགས་པའི་ཉིན་མོར་རི་ཁྲོད་བར་ནས་གུས་སློབ་ཡོངས་ཀྱི་ཐ་ཤལ་བ་འཇམ་དབྱངས་ཚུལ་ཁྲིམས་ཀྱིས་ཕུལ་བའོ། །༢༠༢༠.༤.༦ཉིན།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།