ཤེ་ཐུན་ཀློང་གི་དཔོན་གསས།

[ཟླ་ཚེས། 2020-01-27 07:50:49][རྩོམ་པ་པོ། སྤུ་ལ་ནམ་མཁའ་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

བསྟ༵ན་པའི་སྙིང་པོ་གསང་ཆེན་རྫོགས་པ་ཆེ།།
འཛི༵ན་སྐྱོང་སྤེལ་ལ་མཛད་པ་ལྷུར་ལེན་པོའི།།
རྣ༵མ་པར་ཐར་པ་གླེང་གིས་མི་ལོང་ཡང་།།
ད༵ག་སྣང་དད་པས་བསྟོད་ཚིག་ཉུང་ངུར་འབྲི།།
 
དམ་པ་གང་གི་སྐུ་མཆོག་ཨུ་དུམ་ཝར།།
མངོན་པར་བཞད་རྟིང་འཆི༵་མེ༵ད་གཡུ༵ང་དྲུ༵ང་ཞེས།།
མཚན་གྱི་ཅོད་པན་གསོལ་བའི་དུས་འགོ་ནས།།
ཚེ་མཐའ་ཡས་པའི་རྟེན་འབྲེལ་རང་འགྲིག་གྱུར།།
 
བྱིས་པ་ཕལ་ཆེར་རྒྱ་ལམ་བཞི་མདོ་ན།།
ཐལ་རྩེད་དུས་ཚོད་འདའ་བའི་དུས་སྐབས་སུ།།
ཡོན་ཏན་ཀུན་གཞི་འབྲི་ཀློག་འདོན་གསུམ་ཞེས།།
ཡོངས་སུ་གྲགས་པར་འབད་པ་ལྷུར་གྱིས་བླངས།།
 
ན་གཞོན་ཧ་ལམ་སྣ་ཚོགས་ཟང་ཟིང་ལ།།
རྣམ་པར་གཡེང་ནས་མི་ཚེ་ཕྲོག་བརླག་སྐབས།།
གང་ཁྱེད་ལྷ་འབྲི་གསང་སྔགས་འཕྲིན་ལས་སོགས།།
ཉིན་མཚན་ལྟོས་མེད་སྦྱང་བའི་བསྐལ་པ་བཙལ།།
 
རྒན་རྒོན་མང་ཡོ་ཉལ་སའི་ར་བ་ནས།།
འགྲེང་པར་མི་ཐུབ་གཡས་གཡོན་སྐྱོར་བའི་ཚེ།།
དམ་པ་མཆོག་ཉིད་གསུང་རབ་པོ་ཏིའི་ཕྲེང།།
ཚར་དུ་དངར་བའི་འཕྲིན་ལས་ཨེ་མ་རྨད།།
 
ཕྱི་ནང་རིག་གནས་ཀུན་ལ་མངའ་བརྙེས་པས།།
གནས་ལྔ་རིག་པའི་རམས་འབྱམས་ཆེན་པོ་ཞེས།།
སྒང་རུ་དཔོན་སློབ་ཡོངས་འཛིན་ཚུལ་རྒྱན་ལས།།
མདོ་སྔགས་རིག་གནས་མ་ལུས་གསན་བསམ་གནང་།།
 
རྒྱལ་བ་གཉིས་པ་མཉམ་མེད་བླ་མ་ཡི།།
རྒྱབ་ཚབ་དཔོན་གསས་ཁྲི་འཛིན་སོ་གསུམ་གྱིས།།
མཚན་གསོལ་ཡོངས་འཛིན་སྨྲ་བའི་སེང་གེ་ཞེས།།
ཡོངས་སུ་གྲགས་པར་རྫོགས་ཆེན་བླ་མར་བསྟེན།།
 
དེ་ཚེ་གཅིག་ཤེས་ཀུན་གྲོལ་ཟབ་མོའི་དོན།།
སྐུ་གང་ཡི་དམ་ལྷ་ལྟར་སྒྲུབ་པའི་ཕྱིར།།
༧ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོས།།
ཡོངས་འཛིན་སྨྲ་བའི་དབང་པོ་ཞེས་མཚན་བསྩལ།།
 
སྟོད་སྨད་བར་གྱི་བོན་འབངས་ཐམས་ཅད་ཀྱིས།།
གཙུག་ན་མཆོད་པའི་བཀྲ་ཤིས་སྨན་རི་ཡི།།
ན་རིམ་མཁན་རབས་ལྔ་ཡི་སྐུ་ཚེའི་རིང་།།
བསྟན་པ་སྐྱོང་བའི་འཕྲིན་ལས་སྡོང་དུ་བགྱིས།།
 
ཕ་མེས་རུས་ཀྱིས་ཁྲི་ལ་མ་འཛེགས་ཤིང་།།
སྤྲུལ་སྐུའི་ཆོ་ལོས་བསྔོ་རྟེན་མ་བསྡུས་པར།།
ཡུན་གྱིས་བརྩོན་པའི་སྒོམ་སྒྲུབ་ཉམས་ལེན་གྱིས།།
ཡོངས་ཀྱི་བླ་རུ་ཕེབས་པས་བླ་ན་བརྗིད།།
 
སེ༵ར་སྣ༵འི་མདུད་པ་སྦྱི༵ན་པའི་སོར་མོས་བཀྲལ།།
འཆ༵ལ་བ༵འི་ལམ་འཕྲང་ཚུ༵ལ་ཁྲི༵མས་སྒྱོག་གིས་གཏོར།།
བྱུ༵ང་ཚོ༵ར་མེ་ལྕེ་བཟོ༵ད་པ༵འི་དལ་འགྲོས་འཇོམས།།
འདོད་དགུ་ཕུན་ཚོགས་བླ་མ་ལྷ་པའི་ལྷ།།
 
ལེ༵་ལོ༵འི་སྤྲིན་ཕུང་བརྩོ༵ན་འགྲུ༵ས་རླུང་བུས་གཏོར།།
འགྱུ༵ར་ལྡོ༵ག་མུན་པ་བས༵མ་གཏ༵ན་ཟླ་བས་བསལ།།
མ༵་ནུ༵ས་རྟོག་ཚོགས་སྟོ༵བས་ཆེན་ཆུ་ཡིས་བཀྲུས།།
ངན་པ་ཀུན་འཇོམས་བླ་མ་བདུད་ཀྱི་བདུད།།
 
གདུ༵ག་པའི་མཚོན་རྩེ་སྙི༵ང་རྗེ༵འི་ཐོ་བས་བསྙེལ།།
རེ༵་དྭོ༵གས་ཐག་པ་སྨོ༵ན་ལ༵མ་གྲི་ཡིས་གཏུབ།།
རྨོ༵ངས་པའི་ལིང་ཏོག་ཐ༵བས་ཆེན་གཙག་བུས་བཏོན།།
བླ་མ་ཁྱེད་ནི་ཕར་ཕྱིན་བླ་མེད་བདག།།
 
འཁྲུ༵ལ་བ༵འི་བ་མོ་ཤེ༵ས་ར༵བ་ཉི་མས་བཞུས།།
དེ་ལྟར་ཕར་ཕྱིན་བཅུ་ཡི་ཉམས་ལེན་རྒྱུན།།
ཆགས་མེད་དགོངས་ཉམས་བཞེས་པའི་བྱ་རྒྱལ་ཁྱུང་།།
ལྟ་བ་ནམ་མཁར་སྤྱི་རྒྱ་རླབས་ཀྱིས་བཅད།།
 
གང་སྐུ་མཇལ་བས་དད་པའི་སྤུ་ལོང་ལྡང་།།
གང་གསུང་ཐོས་པས་རྨོངས་པའི་ཚ་གདུང་སེལ།།
གང་དགོས་སྟེར་བའི་ཤེས་རིག་ནོར་གྱི་བདག །
གང་ཁྱེད་མཛད་པ་བླ་མེད་རྒྱལ་བའི་ཟླ།།

མན་འདལ་རྟེན་དོད་ཚིག་གི་མཆོད་པའི་དབྱངས།།
ཨན་ཙམ་བྲིས་པའི་རྣམ་དཀར་དགེ་བའི་ཆས།།
དཔལ་ལྡན་བླ་མའི་སྐུ་དབང་རི་རྒྱལ་ལྷུན།།
གཡོ་མེད་བཞུགས་པའི་སྨོན་ཚིག་རིས་སུ་འབེབས།།
    ཞེས་ས་གསུམ་ཀུན་ན་འགྲན་པའི་ཟླ་རུ་མ་མཆིས་པ་གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་ཡོངས་འཛིན་སྨྲ་བའི་དབང་པོ་བསྟན་འཛིན་རྣམ་དག་མཆོག་སྐུ་དབང་གསེར་གྱི་ཉི་མའི་འཛུམ་ཞལ་བསྟན་འགྲོའི་དོན་དུ་མངོན་པར་འཚེར་ནས་དགུང་གྲངས་དགུ་བཅུ་གོ་ལྔར་ཕེབས་པའི་བསྐལ་བཟང་ཉིན་མོར་དངོས་འབྱོར་རྒྱུ་ཡི་མཆོད་པའི་སྤྲིན་ཚོགས་དབེན་ཡང་སྐྱབས་མཆོག་དཔོན་གསས་བླ་མའི་འཕྲིན་ལས་ཆ་ཙམ་བསྟོད་པ་འདི་ཉིད་དམ་པ་གང་གི་ཞལ་མཇལ་གསུང་ཐོས་ཀྱི་གདམས་པའི་བྱིན་རླབས་ཐོབ་པའི་སྐྱབས་འོག་པ་སྤུ་ལ་ནམ་མཁའ་རྒྱལ་མཚན་དུ་འབོད་པ་དེས་བསྒྲགས་པ་རི་ཆེན་གླིང་གྲགས་སོགས་ལས་བྱ་རུ་ཁ་གཤོར་དང་ཡོངས་གྲགས་སུ་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་ནས་སྤྱི་ལོ་༢༠༢༠་ཟླ་༡་ཚེས་༢༧་དང་བོད་ཟླ་༡་ཚེས་༣་དཀར་ཕྱོགས་དགེ་བའི་་ཉིན་བྲིས་པས་དགེ་དེས་དཔལ་ལྡན་བླ་མའི་སྐུ་ཚེ་མི་བཤིག་གཡུང་དྲུང་གི་གཤིས་སུ་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པའི་སྨོན་པ་དང་བཅས་སོར་བཅུ་ཐལ་མོ་སྙིམ་པར་སྦྱར་ནས་གསོལ་བ་ཕུར་ཚུགས་སུ་བཏབས་པ་ལགས་སོ།།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།