དབྱངས་གསལ་གྱི་དད་པའི་རང་སྒྲ།

[ཟླ་ཚེས། 2018-09-03 23:18:03][རྩོམ་པ་པོ། ཟིང་ཆུ་བློ་གྲོས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1535988050726677.jpeg
ཀ་དག་ཀུན་བཟང་རང་ཞལ་མ་ཤེས་གཞན་སྣང་བཟུང་བའི་འགྲོ་དྲུག་ཆེད། །

ཁ་དོག་རབ་དཀར་ཐུགས་རྗེས་མ་བཟོད་མི་ཡི་གཟུགས་སུ་གར་གྱིས་བཞེས། །

ག་ཆད་མི་མངའ་བསྟན་འགྲོའི་འཕྲིན་ལས་ལྷུན་པོའི་རྡུལ་ལས་ག་ལ་ཚད། །

ང་ཚོ་ཤུལ་དུ་ལུས་ནས་དབྱིངས་སུ་བསྐྱོད་པའི་ཁྱུང་ཆེན་སྨན་རི་བ། །

ཅ་དག་ཐུགས་བསྐྱེད་ཟབ་པས་གནའ་དེང་རིག་གནས་སྣ་ཚོགས་ཀྱི། །

ཆ་ཤས་མ་ལུས་རྫོགས་པའི་མ་ཡུམ་སློབ་གྲྭའི་དགའ་ཚལ་བསྐྲུན་པ་ནས། །

ཇ་ལོ་རྒྱས་བཞིན་སྐྱེད་སྲིང་གནང་བའི་ཤེས་ལྡན་སློབ་ཚོགས་འཕེལ་ཁ་ཡངས། །

ཉ་གང་ཟླ་ལྟར་རྒྱལ་སྲས་ཕྱག་ལེན་བསྐྱངས་པའི་མཛད་འཕྲིན་རྒྱུན་མི་ཟད། །

ཏ་ཟིག་ཞང་བོད་སོགས་ནས་བརྒྱུད་པའི་རྒྱལ་གཤེན་ཀུན་གྱི་དགོངས་པའི་བཅུད། །

ཐ་ཚིག་སད་ནས་བློ་གྲོས་སྣང་བ་རྒྱས་ཏེ་མཁྱེན་རབ་དཀྱིལ་འཁོར་གསལ། །

ད་ལྟའི་སྙིགས་མའི་འགྲོ་འདུལ་ཐབས་ཆེན་མཁའ་ཡངས་རིང་ནས་ཕྱུག །

ན་ནིང་ལོ་ལ་དག་ཞིང་ཅིའི་ཕྱིར་གཟིགས་སམ་སྐྱབས་རྗེ་བླ་མ་ཀྱཻ། །

པ་ཤི་བཙུན་པའི་བསླབ་ཁྲིམས་བདག་གིར་བཞེས་ཏེ་སྤང་ལམ་མདོ་ཡི་སྡེ། །

ཕ་མཁར་སྲོག་ཤིང་ཟབ་པའི་རྒྱུད་ཀྱི་རྒྱ་མཚོ་བསྒྱུར་ལམ་སྔགས་ཀྱི་སྡེ། །

བ་ག་དབྱིངས་རོལ་མཉམ་ཉིད་ཆེན་པོ་ཡེ་རྫོགས་གྲོལ་ལམ་སེམས་ཀྱི་སྡེ། །

མ་ལུས་མདོ་སྔགས་ཟུང་གི་སྙིང་པོ་སྔོན་ནས་ཐུགས་སུ་ལྷུན་གྱིས་གྲུབ། །

ཙ་ཀ་འདོད་སྲེད་སོགས་ཀྱི་འཁོར་བའི་རྒྱུ་ལྔ་སྐྱེ་བཞིའི་སྡུག་བསྔལ་མཚོ། །

ཚ་ཟེར་ཅན་གྱི་ཐུགས་རྗེའི་འོད་སྟོང་འཕྲོས་ཏེ་རབ་ཏུ་བསྐམས་པར་མཛད། །

ཛ་རབ་ལུགས་ནི་ལྡན་པས་ཀུན་གྱིས་དང་བར་སྐྱེས་ནས་རྗེས་སུ་འཇུག །

ཝ་ལེར་ལུགས་གཉིས་མཁས་པས་འདི་ཕྱི་ལམ་སྟོན་སྒྲོན་མེའི་སྨན་རི་བ། །

ཞྭ་དཀར་བསྟན་པའི་སྙིང་པོ་གངས་རྒྱལ་ཏི་སེའི་རུམ་ལས་མཆེད་པ་སྟེ། །

ཟ་འདྲེ་གདོན་གྱིས་བརླམ་ནས་དར་ནུབ་ཉེས་འཕྲང་དུ་མ་འཕྲད་ན་ཡང་། །

འ་འུ་བོན་གཤེན་གོང་མ་རྣམས་ཀྱིས་སྨོན་ལམ་བཟང་པོར་བཏབ་པའི་མཐུས། །

ཡ་ཐོག་ཕ་ནོར་ཡོད་ཚད་འཛིན་སྐྱོང་སྤེལ་བའི་གཙུག་རྒྱན་སྨན་རི་བ། །

ར་བ་ས་འཛིན་དཀར་པོས་བསྐོར་ཞིང་སྡེ་བཞི་རྫོགས་པའི་གཤེན་བསྟན་ཡུལ། །

ལ་ལུང་བརྒྱ་ཕྲག་བརྒལ་བའི་ཐོབ་རྒྱལ་གསར་པ་ཞེས་པའི་གནས་མཆོག་ཏུ། །

ཤ་ཞེན་ཕྱོགས་ལྷུང་མ་གནང་ཆོས་བརྒྱུད་ཀུན་དང་མཐུན་ལམ་དམ་ཚིག་བརྟན། །

ས་ཁུག་ཆུང་ཡང་བསྟན་པའི་གཞིས་ཀ་ཚགས་ཚུད་ཡོད་པ་རྗེ་ཉིད་བསྐྲུན། །

ཧ་ཅང་སེམས་ཅན་ལས་ཀྱིས་མ་བཟོད་རེ་ཞིག་གཟུགས་སྐུ་བཀོད་པ་དག །

ཨ་དཀར་སྐྱེ་མེད་ཀློང་དུ་བསྡུས་ཀྱང་གསང་གསུམ་མ་འགག་ཤར་བར་མཛོད། །

ཨི་སིང་སྙིང་རྗེའི་རྩི་ཡིས་ཟིན་པའི་ཨེ་མ་ཐབས་མཆོག་རྣམ་དག་དང་། །

ཨུ་ཡ་གསང་བའི་ཤེས་རབ་གཉིས་དང་ཟུང་དུ་འཇུག་པའི་རྣམ་ཐར་ནི། །

ཨོ་ཡིས་ཀུན་ལ་སྙོམས་ཞིང་དད་པའི་སོས་སུ་སྨིན་པའི་རྣམ་པར་རྒྱལ། །

    དབྱངས་གསལ་གྱི་དད་པའི་རང་སྒྲ་ཞེས་པ་འདི་ནི་༧ སྐྱབས་རྗེ་༧ རྒྱལ་བ་སྨན་རི་བ་ཁྲི་འཛིན་སོ་གསུམ་པ་མཆོག་སྐུ་བདེ་བར་གཤེགས་ནས་ལོ་གཅིག་ཧྲིལ་པོར་འཁོར་བའི་དུས་ཁྱད་པར་ཅན་དེ་ལ། གོང་གི་གསང་གསུམ་གྱི་བྱིན་རླབས་སེམས་ལ་འཇུག་ཕྱིར་དུ། ཡིད་ལ་གང་ཤར་དུ་ཉོག་ཚིག་གིས་བསླད་པའི་དབྱངས་དང་གསལ་བྱེད། ཚིགས་བཅད་སུམ་ཅུ་སོ་གསུམ་ཚང་ཞིང་། དད་པ་མ་བཅོས་པའི་རང་བཞིན་གྱིས་སྒྲ་ལ་སྦྱར་ནས། གཤེན་གྱི་འབྱུང་ལྡན་(༣༠༡)རབ་བྱུང་བཅུ་བདུན་པའི་བོད་ས་ཁྱི་ལོའི་གྲོ་བཞིན་ཟླ་བའི་དམར་ཕྱོགས་རྫོགས་པ་དང་པོའི་(༢༠༡༨.༨.༣༡)ཚེས་སུ། ༧ གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གོང་གི་སློབ་འབངས་གྲལ་མཐའ་བ་ཟིང་ཆུ་བློ་གྲོས་ཀྱིས་བྲིས་པ་དགེའོ། །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།