མི་ཕྱེད་དད་པའི་རྒྱང་འབོད།

[ཟླ་ཚེས། 2018-05-30 22:12:51][རྩོམ་པ་པོ། སྒྲེ་བོ་ཚུལ་ཁྲིམས་རྒྱ་མཚོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ངེས་དོན་གྱི་བྱང་ཆུབ་སེམས་དཔའ་རྩ་བླ་གཡུང་དྲུང་དོན་འགྲུབ་ལ་ཕུལ་བའི་མི་ཕྱེད་དད་པའི་རྒྱང་འབོད།

1527689608133536.jpg

ཙི་ཏའི་འོད་གུར་ནང་བཞུགས་པའི་སངས་རྒྱས་རློན་པ།།

དད་པའི་ཟབ་ས་ན་གནས་པའི་བྱ་བཏོང་རྣམ་རོལ།།

རྒྱལ་འཕགས་གོང་མའི་ཐུགས་ཟུན་གྱི་ངེས་དོན་བླ་མ།།

འདི་ཕྱི་བར་དོ་གསུམ་ལ་ཐུགས་རྗེས་རང་གཟིགས་ཤིག །

 

མཚན་ལྡན་བླ་མའི་ཞལ་གདམས་བདུད་རྩི་ཐིག་པ་ནི།།

རིན་ཆེན་གསེར་དང་བསྡུར་ཡང་དོ་ཟླ་ག་ལ་ཡང་།།

དེ་ཕྱིར་དོན་ཆེན་ཡིན་པའི་བློ་སྤོབས་ཆེར་བསྐྱེད་དེ།།

མདོར་བསྡུས་སྐལ་ལྡན་དང་འདྲེན་ཆེད་དུ་འདི་རུ་བྲིས།།

 

"སངས་རྒྱས་བསྟན་དང་མཇལ་དུས་སྐོམ་པ་ཆུ་གདུང་ལྟར།།

ཐོས་བསམ་སྒོམ་སྒྲུབ་གྱིས་ལ་གྲོགས་བཟང་བསྟེན་པ་གཅེས །

ཐོག་མཐའ་བར་གསུམ་ཀུན་ཏུ་འདོད་ཆུང་ཆོག་ཤེས་དང་།།

དད་དམ་གཙང་མ་དགོས་ཞེས་ནན་ཏར་ངང་ནས་གསུངས།།"

 

དུས་འགྱུར་ལྷག་རླུང་རྒོད་ཀྱང་ཁྱེད་ཀྱི་སྐུ་གསུང་ཐུགས་གསུམ་ལ།།

སྐྱོན་གྱིས་དྲི་མས་མ་གོས་སྔོན་ཆད་གྲུབ་དབང་ཤར་རྫ་བའི།།

སྒྲུབ་གནས་ཁྱེད་འཕགས་ཟངས་མཛོད་མ་དང་པདྨ་གསང་གླིང་སོགས།།

གནས་དེར་རྩེ་གཅིག་མཉམ་བཞག་ངང་ནས་འཚོ་བཞུགས་རྟག་ཏུ་གནང་།།

 

དབལ་ཁྱུང་བསྟན་གཉིས་ཡབ་ཡུམ་གཏེར་ཆོས་ཟབ་མོའི་གདམས་པ་དང་།།

བྱ་བཏང་བླ་མ་སུ་ལ་པཎ་ཆེན་ཐུགས་གཏེར་གླིང་པ་སོགས།།

བཀའ་ཆོས་གདམས་པའི་བང་མཛོད་ཉག་ཁོག་བོན་གྱི་སྤྱི་བླ་དེ།།

ཁྱེད་ཉིད་ཡིན་ཞེས་བསྙད་ཀྱང་མི་མཐུན་འགྲོ་བ་འགའ་མ་མཐོང་།།

 

ཁ་བ་གངས་རིའི་ལྗོངས་ཀྱི་ཕ་ནོར་མེས་པའི་གདོད་མའི་བསྟན།།

བསྟན་པའི་སྙིང་པོ་འཕྲུལ་ངག་གཡུང༵་དྲུང༵་བོན་སྒོ་གསུང་རབ་ཆེད།།

ཆེད་དུ་ལུས་སྲོག་བློས་བཏང་ཐུབ་པའི་དཔའ་རྒོད་ཕོ་རབ་དེ།།

མི་མཆོག་སངས་རྒྱས་གཉིས་པ་འདི་ཕྱི་དོན༵་ཀུན་འགྲུབ༵་པ་མཆོག །

 

ཁྱད་བསྟོད་ཚིག་གི་འཕྲེང་བ་མི་དགོས་དཔལ་ལྡན་བླ་མ་ཉིད།།

འཇིག་རྟེན་ཐ་སྙད་མི་སྤྲོ་དོན་གྱི་གནས་ལུགས་ཝ་ལེར་གཟིགས།།

སྐྱེས་མཆོག་མི་ཡི་སེང་ཆེན་འཁོར་བའི་འདམ་ནས་སྐྱེས་ན་ཡང་།།

འཁོར་བའི་དྲི་མས་མ་བསླད་མཚར་སྡུག་ལྡན་པའི་འདབ་བརྒྱ་པ།

 

བླ་མ་ཁྱེད་ནི་མིང་དོན་མཚུངས་པའི་རྒྱལ་སྲས་སེམས་དཔའ་སྟེ།།

སྐུ་ཚེའི་མཛད་རྗེས་ཁྲོད་ནས་བརྟགས་པས་བདེན་དོན་རབ་སྤྲོད་བྱས།།

ཁ་དན་གཉིས་མཐུན་བྱ་རྫོགས་རྟོགས་ལྡན་མི་མཆོག་བླ་མ་དེས།།

ཚེ་རབས་འདི་ཕྱི་ཀུན་ཏུ་ཐུགས་རྗེས་རྗེས་སུ་འཛིན་ཞིག་ཀྱེ།།

 1527689608502568.jpg

    ཕྱི་ལོ་༢༠༡༨/ཟླ༥/ཚེས་༢༧་བོད་ས་ཁྱི་ལོའི་ས་ག་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་གསུམ་པའི་ཉིན་གྱི་མཚན་མོ་དུས་ཚོད་༡༡ཐོན་མ་ཐོན་ཞིག་ལ་ཁྱེད་ཉིད་དག་ཞིང་གཞན་དུ་གཤེགས་སོང་ཟེར་བའི་སྐད་ངན་དེ་གོ་རྗེས་ཅི་ཡིན་འདི་ཡིན་དང་ཅི་བསམ་འདི་དྲན་མེད་པའི་ངང་ཅུང་ཙམ་ཞིག་ལྷག་སོང་རེད་དེ་བླ་མ་རིན་པོ་ཆེ་ནི་དེང་དུས་ཀྱི་བླ་མ་འགའ་ལྟར་ཁ་དན་ལྟག་སྤྲད་དུ་ཐལ་བའི་ཕྱི་བདེན་ནང་རྫུན་བོང་བུས་སེང་སླག་གོན་པའི་བླ་རྫུན་ཅན་དེ་མིན་པས་དེ་ཙམ་འགྱོད་དགོས་མི་འདུག་བསམ་སོང་།དེ་འདྲ་ཡིན་ན་ཡང་གདུང་བ་བསྐྱེད་དགོས་དོན་ཞིག་ལ་མིང་དོན་མཚུངས་པའི་རྒྱལ་སྲས་སེམས་དཔའ་གངས་གསེབ་ཀྱི་སེང་ཆེན་དེ་གཤེགས་སོང་ན་ང་དང་ང་འདྲའི་ཐར་མེད་མཚོ་ཆེན་གྱི་སྡུག་བསྔལ་ལ་བསྐལ་བ་ནས་བསྐལ་བར་ཚེ་རབས་ནས་ཚེ་རབས་ཀུན་ཏུ་བརྒྱུད་ནས་འཚོ་བསྡོད་བྱེད་པའི་ང་ཚོ་བླ་མ་དང་འཇིག་རྟེན་འདི་ནས་ཁ་བྲལ་རྗེས་ད་ཡང་དེ་བཞིན་གནས་འགྲོ་བསམ་པ་དང་ཁྱད་ལྷག་བླ་མའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང་འདས་མ་ད་གསུམ་གྱི་མཛད་རྗེས་དབང་ལུང་ཁྲིད་གསུམ་གྱི་བརྒྱུད་པ་སོགས་བཀའ་དྲིན་རྗེས་སུ་དྲན་དུས་མིག་མཐའ་ཟག་པས་བརླན་པར་གྱུར་བཞིན་ད་ཡང་ཟོག་དང་དབང་ཤེད་ཀྱིས་མ་བསླུས་པའི་འཁྲུལ་མེད་དམ་པའི་རང་རྟགས་ཅན་ཞིག་སྤྱི་བོ་གཙུག་ཏུ་ཕེབས་ལ་རེ་སྒུག་ལས་ཐབས་གཞན་མ་དབང་བ་ལྟ་བུ་རེད་རྒྱང་རིང་ས་མཐའི་ཆོས་གྲྭ་ནས་བླ་མ་རྒྱང་འབོད་དང་གསོལ་འདེབས་བོན་སྐུ་སྨོན་ལམ་ལ་བརྩོན་བཞིན་བླ་མའི་མཆོད་པ་ཙམ་དུ་སློབ་མིང་བ་སྒྲེ་བོ་ཚུལ་ཁྲིམས་རྒྱ་མཚོར་འབོད་བས་བྲིས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།