ཤིས་ཚིག་རྫོགས་ལྡན་གསར་བའི་རང་སྒྲ།

[ཟླ་ཚེས། 2018-02-20 10:28:28][རྩོམ་པ་པོ། རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

881f3c6e83d12785bf69d6a859d59870.jpg
གངས་ཅན་ཚད་མའི་མགོན་པོ་ཀུན་མཁྱེན་རྒྱལ་བ་གཉིས་པ་སྟེ། རྗེ་མཉམ་མེད་བླ་མ་ཆེན་པོའི་གདན་ས་པ་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་བཞི་བ་མཆོག་ཉིད་སྐལ་བཟང་གསེར་ཁྲིར་མངའ་གསོལ་མཛད་པ་ལ་སྙིང་ཐག་པ་ནས་རྟེན་འབྲེལ་ཞུ།

རླབས་ཆེན་ཐུགས་བསྐྱེད་ནམ་མཁའི་ཁྱོན་ཡངས་སུ།།
ཡང་དག་ལྟ་བའི་དཀྱིལ་འཁོར་འབུམ་རྫོགས་ཤིང་།།
གཞན་ཕན་ལེགས་སྤྱོད་ཟེར་བརྒྱའི་མངའ་ཐང་ཅན།།
གྱེར་བསྟན་ཉིན་བྱེད་ཁམས་གསུམ་དཔལ་དུ་ཆེ།།

ཕྱོགས་དུས་རྒྱལ་བའི་མཁྱེན་བརྩེའི་ཕུང་པོ་ནི།།
ངུར་སྨྲིག་གར་གྱི་རྣམ་པར་རྟག་རོལ་བའི།།
རྒྱལ་བ་གཉིས་པ་མཉམ་མེད་བླ་མ་ཞེས།།
གངས་ཅན་ཚད་མའི་སྐྱེས་བུ་མཆོག་དེར་འདུད།།

བརྒྱད་ཁྲི་བཞི་སྟོང་བོན་སྒོ་བྱེ་བའི་མཛོད།།
མི་འཇིགས་སྤོབས་པས་བསྟན་འགྲོའི་དགའ་སྟོན་ལ།།
འཆད་རྩོད་རྩོམ་པས་ཀུན་ནས་སྐྱོང་མཁས་པ།།
སྨན་རིའི་མཁན་སློབ་རིམ་བྱོན་གཙུག་ན་རྒྱལ།།


སྟོབས་ལྡན་དབང་དང་དྲེགས་པས་འཐོབ་མིན་ལ། །
འབྱོར་ལྡན་གསེར་དངུལ་མཛོད་བརྒྱས་ཁུགས་མིན་པར།།
དཔྱོད་ལྡན་མཁས་པ་ཕལ་ལ་དབང་མིན་པའི།།
མཉམ་མེད་རྒྱལ་བའི་གསེར་ཁྲི་རྣམ་པར་བརྗིད།།

ཚོགས་གཉིས་ནོར་བུའི་ཆ་ཤས་ཡོངས་བཀང་ཞིང་།།
རྨད་བྱུང་ཐུགས་སྟོབས་བདུད་རྩིའི་འོད་རླབས་ཅན།།
ཁྲི་འཛིན་དུང་ཟླ་མདོ་ཁམས་ས་འཛིན་ལས།།
གཤེན་བསྟན་ཆུ་གཏེར་འཕེལ་བའི་དཔལ་དུ་ཤར།།

རི་ཆེན་སྟོང་གི་དབུས་དཀྱིལ་ཏི་སེ་གངས།།
ཆུ་བརྒྱའི་འགོ་ཁུངས་ཁ་འབབ་རྣམ་བཞི་ལྟར།།
བསྟན་འཛིན་རྒྱུ་སྐར་བྱེ་བའི་དཔུང་གཉེན་ལ།།
མི་མཆོག་སྨྲ་བའི་ཟླ་བར་སུ་ཡིས་འགྲན།།

བསླབ་གསུམ་འདུ་གནས་སྨན་རིའི་གླིང་ཆེན་གྱི།།
རྒྱལ་གཤེན་བསྟན་པའི་མདུན་ས་ཕོ་བྲང་ཆེར།།
སྐྱེས་སྦྱངས་ཡོན་ཏན་རིགས་ཀྱི་འཁྲི་ཤིང་རྩེར།།
རྨད་བྱུང་མཛེས་སྐུའི་ཚལ་ཆེན་ཀུན་ལས་བརྗིད།།

རྣམ་འདྲེན་ཞལ་སྐྱིན་མཉམ་མེད་བླ་མ་ཡི།།
ཐོས་བསམ་སྒོམ་པའི་བཞེད་དགོངས་རྒྱལ་མཚན་ཆེ།།
བཤད་དང་སྒྲུབ་པའི་དཔུང་གིས་ས་གསུམ་དུ།།
འདེགས་བཟོད་མི་འཇིགས་ཐུགས་སྟོབས་བླ་ན་འབར།།

ཁྲི་འཛིན་ཆེན་པོའི་ཞབས་ཟུང་འཁོར་ལོའི་རིས།།
མི་འཇིགས་གདོང་ལྔས་བཏེགས་པའི་ཁྲི་འཕང་ལ།།
ཟབ་རྒྱས་བོན་གྱི་དགའ་སྟོན་ལེགས་འབྱེད་ཕྱིར།།
འཁོད་པའི་སྐལ་བཟང་སྡེ་བཞིའི་སྟོབས་སུ་ཆེ།།

ཀྱེ་ཧོ་ཡབ་རྗེ་འདྲེན་པ་གཤེགས་གྱུར་ཀྱང་།།
ཐུགས་ཀྱི་བྱིན་རླབས་ཁྱེད་ལ་ཉེར་ཕོག་སྟེ།།
བསྟན་འགྲོའི་ཕན་བདེ་འཛིན་པའི་སྲོག་ཤིང་དུ།།
མཉམ་མེད་རྒྱལ་བའི་ཁྲི་ལ་མངའ་གསོལ་ལོ།།

སྤྱི་དོན་ཁུར་འཁྱེར་འཕྲིན་ལས་ནོར་འཛིན་གཞིར།།
ལེགས་བྱས་དགེ་བའི་མཛད་བརྒྱའི་དཔག་བསམ་ཤིང་།།
ཀུན་སྙོམས་ཐུགས་སྟོབས་སྙེ་མ་གཡུར་ཟ་ན།།
བོན་འབངས་རྣམ་སད་རེ་སྐོང་གཞན་ཡོད་མིན།།

དེ་རིང་མཁའ་ལ་ཉི་ཟླ་སྐར་གསུམ་བཀྲ།།
ཐོས་བསམ་སྒོམ་པའི་དབྱངས་ཀྱིས་བར་སྣང་ཁྱབ།།
ས་གཞིར་མཆོད་ཡོན་རྒྱ་མཚོ་འགོག་མེད་འཕྱུར།།
གྱེར་བསྟན་དབྱར་གྱི་ལང་ཚོ་ཅི་ཡང་མཚར།།

སྟོན་པ་ཟླ་མེད་གཤེན་རབ་རྣམ་པར་རྒྱལ།།
བསྟན་པ་ཡང་དག་མདོ་སྔགས་སེམས་གསུམ་གྱི།།
ཟབ་གདམས་རོལ་མཚོའི་བབས་སོ་སྨན་རི་བའི།།
ཁྲི་འཛིན་མཁན་རབས་སོ་བཞིར་བདག་ཕྱག་འཚལ།།

མི་དང་ལྷར་བཅས་འགྲོ་བའི་ཟུར་ཕུད་དུ། །
གང་གི་ཞབས་སྐྱེས་འཁོར་ལོས་ངལ་གསོ་ཞིང་།།
གདོང་ལྔས་བཏེགས་པའི་ཁྲི་ལ་གཡོ་མེད་ངང་།།
གདུལ་དཀའ་འདུལ་ལ་མཆོག་ཏུ་བསྔགས་པར་ཤོག །

དེས་མཚོན་སྲིད་དང་ཞི་བའི་རྣམ་དཀར་གྱི།།
དགེ་ལེགས་དཔལ་ཡོན་དགའ་སྟོན་རབ་རྒྱས་ཏེ།།
ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ།།
ཇི་སྲིད་བསྐལ་པའི་མཐར་ཡང་འབར་གྱུར་ཅིག །

  ཅེས་ཡུལ་མདོ་སྨད་བྱང་རྒྱུད་ཀྱི་འདྲེན་མཆོག་རེབ་གོང་གྲུབ་ཐོབ་རྣམ་གསུམ་དུ་འབོད་པའི་ཡ་གྱལ། གྲུབ་ཆེན་ཁྱུང་དཀར་ཚངས་པ་མཆོག་གི་སྐྱེས་ཕྲེང་འཛིན་པའི་རྩེ་ཞིག་ཆོས་རྗེ་རིན་པོ་ཆེའི་ཡང་སྲིད་དུ་སྒྲོ་བཏགས་པ། ཡོངས་གྲགས་སུ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བར་འབོད་པའི་སྙོམས་ལས་པ་དེས་སྤྱི་ལོ༢༠༡༨ལོའི་ཟླ༡ཚེས༥བཟང་པོའི་ཉིན་ལ་དབུས་འགྱུར་ལྷ་ལྡན་གྲོང་ཁྱེར་ནས་ཕུལ་བ་དགེའོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།